ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.12.2016 00:31:55
ཉི་མ་དབང་ཕྱུག

ཕྲ་རྡུལ་དང་གསལ་རིག་གི་ཉེར་ལེན་ལས་གཟུགས་སེམས་གཉིས་ཀྱི་བྱུང་ཚུལ་གླེང་བ།
དགེ་བཤེས་ལྷ་རམས་པ་ཉི་མ་དབང་ཕྱུག་གམ། དྲ་མིང་དུ་གསེར་མདོག་འབོད་པས་སྦྱར་རོ།
ལྐོག་གྱུར་གནས་རྣམས་རྗེན་པར་རྟོགས་པའི་བློ།།
ཚུལ་མཐོང་ང་འདྲའི་རྒྱུད་ལ་མི་སྲིད་མོད།།
འོན་ཀྱང་པན་གྲུབ་རིགས་པའི་རྗེས་ཞུགས་ནས།།
རང་བློའི་ལྕོགས་ཚོད་འབད་པ་འདི་བགྱི་ལགས།།


གཟུགས་སེམས་གཉིས་ཀྱི་བྱུང་བ་ཞེས་པ་འདིར་ཐོག་མར་སྟོང་སང་གི་ནམ་མཁའ་ནས་འགོ་བཙུགས་ནས་གླེང་དགོས་ལ། ཆེས་ཐོག་མའི་དུས་སུ་སྟོང་སང་གི་བར་སྣང་འདི་ལ་གཟུགས་ཅན་རག་པ་གཅིག་ཀྱང་གནས་མེད་པ་ཚན་རིག་པ་དང་ནང་དོན་རིག་པ་བ་གཉིས་ཀྱི་མཐུན་སྣང་དུ་གྲུབ་ཡོད། དཔེར་ན་ཚན་རིག་པས་ཆེས་ཐོག་མའི་དུས་སུ་བར་ཁྱིམ་སྟོང་བ་འདི་ལ་གཟུགས་ཅན་གཅིག་ཀྱང་གནས་མེད་པ་དང༌། སྟོང་སང་གི་བར་སྣང་དེ་མུན་ཁུངས་སུ་གནས་ནས་ཡོད་པར་འདོད། རྒྱུ་མཚན་ནི་གཟུགས་ཅན་ཕྲ་རགས་གཅིག་ཀྱང་གནས་མེད་པས་འོད་འཕྲོ་སའི་གཞི་གང་ཡང་མེད་པས་ཡིན། བར་སྐབས་ཅིག་ལ་གང་ཡིན་ཆ་མ་ངེས་པའི་རྡུལ་ཕྲ་མོ་ཡུངས་ཀར་ཙམ་ཞིག་ལ་དྲོད་ཀྱི་ནུས་པ་འཕེལ་ནས་འགད་གཏོར་ཆེན་མོ་ཞེས་པ་དེ་བྱུང་བ་དང༌། འགད་ཤུགས་ཆེན་པོ་དེས་བཀད་པའི་སྟོབས་ཀྱིས་བར་ཁྱིམ་སྟོང་བ་འདི་ལ་ཤུགས་རིགས་ཆེན་པོ་བཞི་བྱུང་བར་འདོད།

ཤུགས་རིགས་ཆེན་མོ་བཞི་ནི། ༡ གློག་གི་ནུས་ཤུགས། ༢ རྡུལ་གྱི་ནུས་ཤུགས། ༣ ཁབ་ལེན་གྱི་ནུས་ཤུགས། ༤ ལྗིད་ཀྱི་ནུས་་ཤུགས་བཅས་ཡིན། ནུས་ཤུགས་ཆེན་མོ་དེ་དག་སྟོང་སང་གི་བར་སྣང་འདི་ལ་སྤྲིན་པ་རླུང་གིས་དེད་པ་ལྟར་ཕན་ཚུན་འཁྱུག་ནས་དྲག་ཏུ་འཕྱོ་བཞིན་ཡོད་སྐད༌། ཤུགས་རིགས་དེ་དག་གཡོ་བའི་སྟོབས་ཀྱིས་དམིགས་བསལ་སྐར་ཚོགས་ཀྱི་འཇིག་རྟེན་དང༌། གོ་ལའི་འཇིག་རྟེན་འདི་གཉིས་བརྩམ་བྱའི་རྩ་བའི་རྒྱུ་རྡུལ་ཆེན་མོ་གསུམ་བྱུང་བར་འདོད༌། རྩ་བའི་རྒྱུ་རྡུལ་ཆེན་མོ་འདིའི་འགྲེལ་བཤད་དེ་ཧ་ཅང་གི་རྙོག་འཛིང་ཆེ་བ་ཞིག་འདུས་པས་ཁོ་བོས་འདིར་མ་སྤྲོས་སོ།   རྩ་བའི་རྒྱུ་རྡུལ་དེ་ལས་བྱུང་པའི་སྐར་ཚོགས་ཀྱི་འཇིག་རྟེན་དང༌། གོ་ལའི་འཇིག་རྟེན་འདི་གཉིས་བརྩམ་བྱ་དངོས་ནི་ཨ་ཊོམ་ཞེས་པའི་ཕྲ་རྡུལ་འདི་ཉིད་ཡིན་པར་འདོད་ལ་དུས་རབས་བཅུ་དགུ་ཡན་ཆོད་ཀྱི་ཚན་རིག་མཁས་དབང་ཚོས་ཨ་ཊོམ་ནི་ཆ་མེད་པའི་རྡུལ་ཞིག་ཡིན་པ་ལས་ནང་གསེས་དབྱེ་བ་ཡོད་པ་སུས་ཀྱང་མཐོང་མྱོང་མེད་པ་རེད། རྡུལ་རགས་པ་རྣམས་ཀྱང་ཆ་མེད་ཨ་ཊོམ་རེ་རེ་བ་འདུས་ནས་གོང་བུ་ཆགས་པར་འདོད། དཔེར་ན་སོ་ཕག་་རེ་རེས་བརྩེགས་ཏེ་ཁང་པ་གྲུབ་པ་དང་གཅིག་མཚུངས་སུ་ཡོད། དེ་ནི་ཆེས་སྔ་དུས་སུ་སྒི་རི་སིའི་བརྟག་ཞིབ་པས་དཔྱད་པའི་གྲུབ་དོན་ཞིག་ཡིན་ཚོད་རེད།

དུས་རབས་བཅུ་དགུའི་ཕྱིས་ཀྱི་ཚན་རིག་པ་མཁས་ཅན JJ Thomson ཞེས་པས་རྡུལ་ཨ་ཊོམ་ལ་ནང་གསེས་ཕོ་རྡུལ་དང༌། མོ་རྡུལ། མ་ནིང་གི་རྡུལ་གསུམ་ལས་གྲུབ་པར་རྟོགས་པ་དང༌། དེ་ཡངཕྲ་རྡུལ་རྣམས་ཕན་ཚུན་འདབ འདྲེས་སུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་འང་རྡུལ་རང་རང་གི་འཐེན་འཇུའི་ནུས་ཤུགས་ལ་བརྟེན་ནས་ཐོན་གྱིན་ཡོད་པ་རེད། དཔེར་ན་མོ་རྡུལ་གྱི་འཐེན་འཇུའི་ནུས་ཤུགས་ཀྱི་ཕོ་རྡུལ་རྣམས་འཐེན་ནས་འདབ་འདྲེས་སུ་གྱུར་བ་དང༌། ཕོ་རྡུལ་གྱི་འཐེན་ཤུགས་ཀྱིས་མོ་རྡུལ་རྣམས་འཐེན་ནས་ཕན་ཚུན་འདུས་པའི་གོང་བུ་ཆགས་ཀྱིན་ཡོད། རྡུལ་རིགས་མཐུན་པ་རྣམས་ཀྱི་ཕན་ཚུན་འཐེན་པའི་བྱ་བ་མི་བྱེད་པར་འདོད༌། དཔེར་ན་ཕོ་རྡུལ་གྱི་འཐེན་ཤུགས་ཀྱིས་ཕོ་རྡུལ་ཕན་ཚུན་མི་འཐེན་པ་མ་ཟད་ཕར་ལ་འབུད་ཀྱག་ཡང་གཏོངགིན་ཡོད་ཚོད་རེད།

ཕོ་རྡུལ་དང༌། མོ་རྡུལ་གཉིས་ལ་རྡུལ་གཞན་འཐེན་པའི་ནུས་ཤུགས་ཡོད་ཀྱང་མ་ནིང་གི་རྡུལ་ལ་རྡུལ་གཞན་འཐེན་པའི་ནུས་པ་ཡེ་ནས་མེད་པར་འདོད། ཕོ་རྡུལ་དང་མོ་རྡུལ་གཉིས་ཕན་ཚུན་འདབ་འདྲེས་་འགྱུར་སྐབས་ཕྲ་རྡུལ་སོ་སོའི་འདྲེས་མཚམས་སུ་སྟོང་ཆ་རེ་ཡོད་པས་རང་རེའི་གྲུབ་མཐའ་འོག་མས་རྡུལ་ཕན་ཚུན་སྦྱོར་མཚམས་བར་སྟོང་ཡིན་པར་འདོད་པ་དང་གཅིག་མཚུངས་སུ་ངེས། ཕོ་རྡུལ་དང་མོ་རྡུལ་གཉིས་ཀྱི་རང་རང་གི་འཐེན་འཇུའི་ནུས་པས་ཕན་ཚུན་འདབ་འདྲེས་སུ་གྱུར་ནས་ད་ལྟ་ང་ཚོས་མཐོང་རྒྱུ་ཡོད་པའི་སྐར་ཚོགས་དང༌། གོ་ལ་འདི་གྲུབ་པར་འདོད།


ནང་དོན་རིག་པའི་ཕྲ་གཟུགས་སྐོར།

ནང་དོན་རིག་པ་པས་སྐར་ཚོགས་ཀྱི་འཇིག་རྟེན་དང༌། གོ་ལའི་འཇིག་རྟེན་འདི་གཉིས་བརྩམ་བྱའི་ཕྲ་རྡུལ་ལ་བྱེད་ལས་དང་ནུས་པ་གང་ཡོད་དཔྱད་པ་གཙོ་བོ་མ་ཡིན་པར་ཕྲ་རྡུལ་དེ་དག་གི་བོངས་ཚད་ལ་དཔྱད་པ་གཙོ་བཟུང་བྱས་ཡོད། དེ་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་ཁོ་བོས་གཤམ་དུ་འགོད་རྒྱུ་ཡིན། ཕྲ་རྡུལ་དེ་རྣམས་གོང་འོག་གི་མཐའ་ཚད་བཟུང་མེད་པས་ཐུག་མེད་དུ་གྲུབ་པར་འདོད། ཕྲ་རྡུལ་རྣམས་རྡུལ་གྱི་ངོ་བོ་མ་གྲུབ་པའི་དུས་ཤིག་ཟུར་དུ་མེད་པས་རང་གི་རིགས་འདྲ་གཟུགས་ཀྱི་ཉེར་ལེན་བྱེད་པ་ལས་གཞན་གཟུགས་ཅན་མ་ཡིན་པའི་ཉེར་ལེན་མི་བྱེད་པར་འདོད། བརྩམ་བྱའི་ཕྲ་རྡུལ་དེའི་ངོ་བོ་འདོད་ཚུལ་གྲུབ་མཐའ་གོང་འོད་མི་འདྲ་པ་ཡིན། གྲུབ་མཐའ་འོག་མས་རྡུལ་ཆ་མེད་འདོད་པ་དང་གྲུབ་མཐའ་གོང་མས་རྡུལ་ལ་ཆ་བཅས་ཀྱི་ཁྱབ་པར་འདོད།ཉི་ཤུ་པས་བརྩམ་བྱའི་རྡུལ་ཕྲན་ཆ་བཅས་བསྒྲུབས་སྐབས་རྡུལ་ཕྲན་ཆུང་ངུ་གཅིག་གི་སྟེང་དུ་ཤར་ལྷོ་ནུབ་བྱང་དང་སྟེང་འོག་གཉིས་ཏེ་ཕྱོགས་དྲུག་གི་གོ་ས་མ་འདྲེས་པར་རང་རང་གི་ངོ་བོར་གནས་ཡོད་པར་འདོད་པ་དང༌། དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས་ཡུལ་དུས་རང་བཞིན་མ་འདྲེས་པའི་དངོས་པོ་འཆད་སྐབས་ཡུལ་མ་འདྲེས་པའི་དོན་རྡུལ་ཕྲན་དངོས་པོ་ཆུང་ངུ་གཅིག་ཤར་གྱི་གོ་ས་ནུབ་དང་མ་འདྲེས་པ་དང་ནུབ་ཀྱི་གོ་ས་ཤར་དང་མ་འདྲེས་པས་ན་ཡུལ་མ་འདྲེས་པའི་དོན་ཏུ་འདོད་པ་ལྟར་ན་བརྩམ་བྱའི་རྡུལ་ཕྲན་དེ་ཅུང་རགས་པ་ལྟ་བུ་སྣང་ཡང༌། འདི་ནི་བློ་ངོར་ལ་ལྟོས་ནས་ཆ་ཕྱེ་བ་ཙམ་ཡིན་པ་ལས་རྫས་ཀྱི་ངོས་ནས་ཕྲ་རྡུལ་ཆ་མེད་དམིགས་རྐྱེན་དུ་རྟོག་གེ་འབར་བ་སོགས་ལས་གསུངས་ཡོད་པས་ཡིན། གང་ལྟར་ཡང་བརྩམ་བྱའི་རྡུལ་ཕྲན་དེ་དག་གི་འཐེན་ཤུགས་ཀྱིས་ཕྲ་རྡུལ་འདུས་ཕུང་དུ་གྱུར་ནས་ད་ལྟའི་སྐར་ཚོགས་ཀྱི་འཇིག་རྟེན་དང༌། གོ་ལའི་འཇིག་རྟེན་འདི་གཉིས་བྱུང་བ་ཚན་རིག་པ་དང་གཅིག་མཚུངས་སུ་ཡོད། མཛོད་ལས་ཀྱང་ད་ལྟའི་འཇིག་རྟེན་ཟླུམ་གཟུགས་འདིའི་ཉེར་ལེན་ནི་འཇིག་རྟེན་གཞན་ཞིག་ཞིག་པའི་ཐལ་རྡུལ་ཡིན་པར་གསུངས་བ་འདི་འང་ཆེས་ངོ་མཚར་ཅན་ཏུ་སྣང་ངོ། ད་དུང་མཛོད་ལས་སྐལ་བ་འདིའི་ཡར་སྔོན་གྱི་མི་རྣམས་ཀྱི་ལུས་ནི་འོད་ཀྱི་ཕུང་པོ་ཡིན་པར་གསུངས་བ་འདི་འང་ཆེས་ངོ་མཚར་ཆེ་བའི་རྣལ་མའི་རིག་པ་ཞིག་རེད་འདུག སྟོང་སང་གི་བར་ཁམས་འདི་ལ་ལས་ཉོན་གྱི་དབང་གིས་སྐྱེས་པའི་གང་ཟག་ཞིག་ཡོད་པ་ནི་རྟེན་འབྱུང་གིས་གྲུབ་ཐུབ་ལ། གཟུགས་ཅན་རགས་པ་གཞན་མེད་པས་རྣམ་ཤེས་ཀྱི་རྟེན་རགས་པ་འོད་ཡིན་པ་འོས་མེད་རིག་པས་གྲུབ་པ་ཡིན། སྟོང་སང་གི་བར་ཁམས་དེ་སྐབས་དེར་མུན་ཁུངས་ཡིན་པས་རང་ཉིད་སྲུང་སྐྱབས་བྱེད་པའི་འོད་ནི་ཕུང་པོའི་རང་བཞིན་ཏུ་ཡོད་པ་གདོན་མི་ཟ་བ་ཞིག་གོ།

དེ་འདྲའི་ཕྲ་རྡུལ་མང་པོ་གཟུཊ་ཅན་གཅིག་གི་གོ་སར་ཕན་ཚུན་གཅིག་གིས་གཅིག་འཐེན་འཇུའི་ནུས་ཤུཊ་ཀྱིས་འདབ་འདྲེས་སུ་གནས་པའི་སྐབས་སུ་བསགས་རྡུལ་ཟེར་པ་དང༌། ཡང་འཇིག་རྒྱུ་གཞན་ཞིག་དང་འཕྲད་པའི་སྐབས་སུ་ཕྲ་རྡུལ་དེ་དག་རེ་རེ་བཞིན་ཐོར་ཞིག་སོང་ནས་ཕྲ་རྡུལ་ཡན་གར་བའི་ངོ་བོར་གནས་སྐབས་རྫས་རྡུལ་ཡན་གར་བའང་ཟེར། འཛམ་གླིང་ཟླུམ་པོ་འདི་དང་སྐར་ཚོགས་ཀྱི་འཇིག་རྟེན་འདི་གཉིས་མ་གྲུབ་པའི་སྔར་རོལ་དུའང་བརྩམ་བྱའི་རྒྱུ་་རྡུལ་དེ་དག་བར་སྣང་ཁམས་སུ་ཐོག་མ་ནས་གནས་ནས་ཡོད༌།

ཤ་ཁྲག་གི་རྡུལ་བྱུང་ཚུལ།

དེ་ན་ཤ་ཁྲག་བརྩམ་བྱའི་ཕྲ་རྡུལ་དང༌། ས་རྡོ་ཤིང་སོགས་བརྩམ་བྱའི་ཕྲ་རྡུལ་ལ་ཁྱད་པར་ཆེན་པོ་ཡོད་པས་ཁོ་བོས་འདིའི་སྐོར་ནས་ཅུང་ཙམ་ཟུར་དུ་གླེང་ན་འདོད། རྒྱུད་གྱིས་མ་བསྡུས་པའི་ཕྱི་རོལ་གཟུགས་ཅན་གོང་བུ་ཞིག་ཡིན་ཕྱིན་རང་ཉིད་བརྩམ་བྱའི་རྒྱུ་རྡུལ་དེ་དག་ང་ཚོས་མཐོང་ཆོས་སུ་ཡོད་པའི་ཉི་ཟེར་གྱི་རྡུལ་ཕྲ་རགས་རང་གར་བ་རྣམས་ཡིན་པས་དམིགས་བསལ་ཁྱད་ཆོས་ཤིག་གི་ཐོག་ནས་འགྲེལ་བཤད་གང་ཡང་མི་དགོས་མོད། འོན་ཀྱང་ཤ་ཁྲག་བརྩམ་བྱའི་ཕྲ་རྡུལ་ནི་དམིགས་བསལ་བ་ཞིག་ཡིན་པས་འགྲེལ་བཤད་ཟུར་དུ་བཀོད་ན་འདི་ལྟར་ཡིན།

འཛམ་གླིང་ལྟ་བུ་ལ་མཚོན་ན་དང་པོ་མེ་ཡི་ཕུང་པོ་དང་རྗེས་སུ་མེ་རྣམས་རིམ་བཞིན་ཆུང་རུ་སོང་ནས་ད་ལྟའི་སྐྱེས་ཚལ་ཅན་གྱི་ཟླུམ་གཟུགས་འདི་གྲུབ་ཡོད། ཟླུམ་གཟུགས་འདིའི་སྟེང་དུ་ཆེས་ཐོག་པའི་སྲོག་ཆགས་ནི་ཆུའི་ནང་ནས་གྲུབ་པར་བཤད་པ་ནི་དངོས་ཡོད་འཐད་སྒྲུབ་ཀྱི་རིག་པ་ཡིན་ལ།   ང་ཚོའི་ཤ་ཁྲག་གི་རྒྱུད་ཐོག་མ་ཡང་རྒྱ་མཚོའི་ནང་གི་ཆུ་རྡུལ་དྭངས་མ་ལས་བྱུང་བ་ཡིན་པ་གདོན་མི་ཟ།

རྒྱུ་མཚན་ནི་ཆུ་ཁམས་བརྟག་ཞིབ་པས་ཕྲ་མཐོང་རྒྱང་ཤེལ་བརྒྱུད་ནས་བརྟགས་དཔྱད་བྱས་སྐབས་ཆུ་རྡུལ་དྭངས་མའི་སྐྱེ་དངོས་རིགས་མང་པོ་ཞིག་སྲོག་ཆག་གི་ལུས་སུ་གྲུབ་ཀྱིན་ཡོད་པ་དངོས་སུ་མཐོང་ཡོད་པས་ཡིན། ཚན་རིག་པ་ཡིན་དགོས་དོན་ཅི་ཡང་མེད། མིག་ལྡན་གང་ཟག་ཞིག་ཡིན་ཕྱིན་གཟིགས་དང་ཕྲ་མཐོང་རྒྱང་ཤེལ་གྱི་བརྒྱུད་ལམ་ནས་ཐོན་པའི་གྲུབ་དོན་རྣམས་དེང་སང་གཟུགས་མཐོང་བརྙན་འཕྲིན་ནང་དུ་གསལ་པོ་མཐོང་རྒྱུ་ཡོད་པ་དེ་ཚོ་རེད།

ད་དུང་ཆུ་གནས་སྲོག་ཆགས་འགའ་ཞིག་གི་སྐྱེ་གཟུགས་ཆུའི་ནང་གི་སྐྱེ་དངོས་ཀྱི་དབྱིབས་སུ་གནས་ཡོད་པ་གསལ་པོ་མཐོང་རྒྱུ་ཡོད། དཔེར་ན་སྐར་ཉ་ལྟ་བུ་རེད། ཆུ་གནས་སྲོག་ཆགས་དེ་དག་རིམ་བཞིན་སྐམ་ཐོག་ཏུ་ཐོན་ནས་ཕན་ཚུན་འཁྲིག་སྦྱོར་གྱི་ལམ་ནས་སྐྱེ་འཕེལ་སོང་བ་ཞིག་ཡིན་པ་ཐེ་ཚོམ་མེད་པ་ཞིག་ཡིན། གཟུར་གནས་བརྟག་ཞིབ་པ་དག་གིས་སྐམ་གནས་སྲོག་ཆགས་རྣམས་དང་ཐོག་ཆུའི་ནང་ནས་བྱུང་བར་་བཤད་པ་དངོས་ཡོད་དང་རིག་པ་གཉིས་ཀར་ཤིན་ཏུ་མཐུན་པས་ཡིན། ནང་བསྟན་རིག་པ་བ་དང་ཚན་རིག་པ་གཉིས་ཀའི་གཞིའི་དངོས་པོའི་རྣམ་བཞག་དང་བརྩམ་བྱའི་ཕྲ་རྡུལ་གྱི་རྣམ་བཞག་སོགས་དངོས་ཡོད་དང་མཐུན་པ་མང་པོ་ཞིག་ཁ་ཕྱོགས་གཅིག་པ་ཡིན་པ་ཤེས་དགོས་སོ།།

ཆུ་ནང་སྐྱེས་དངོས་ཕལ་ཆེར་ཆུ་རྡུལ་དྭངས་མའི་ཉེར་ལེན་བྱས་ནས་བྱུང་བ་ཡིན། དཔེར་ན་ཆུ་ཤ་ལྟ་བུ་ང་ཚོའི་ཤ་ཁྲག་གི་རྒྱུད་ཀྱི་ཐོག་མའང་བཞག་ཆོག  ཆུའི་ནང་གི་སྐྱེས་དངོས་ལ་རྣམ་ཤེས་མཚམས་སྦྱར་ནས་གཞི་ནས་སྲོག་ལྡན་དུ་གྲུབ་པ་ཞིག་ཡིན་ཚོད་འདུག ནང་དོན་རིག་པས་སྲོག་ལྡན་དང་སེམས་ལྡན་གཉིས་ལ་ཁྱད་པར་མི་འབྱེད་པ་དང་སྲོག་ཞེས་པ་སེམས་ལྡན་ཞིག་ལ་མ་གཏོགས་མེད་པར་འདོད།

ཚེ་སྲོག་གི་ངོས་འཛིན་དུ་མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི།། རྣམ་ཤེས་རྟེན་གང་ཡིན་པའོ།། ཞེས་སྲོག་ནི་རྣམ་ཤེས་དང་དྲོད་གཉིས་ཀྱི་རྟེན་ཡིན་པ་དང༌། དེ་ཡང་གཟུགས། ཤེས་པ། ལྡན་མིན་གསུམ་གྱི་ནང་ནས་ལྡན་མིན་ལ་ངོས་འཛིན་བྱས་ཡོད། སྤྱིར་བཏང་རྣམ་ཤེས་ཀྱི་རྟེན་ལ་ཕྲ་རགས་གཉིས་ཡོད་པ་དང༌། རྣམ་ཤེས་རགས་པའི་རྟེན་རགས་པ་ཡིན་ལ་རྣམ་ཤེས་ཕྲ་མོའི་རྟེན་ཡང་ཕྲ་མོ་ཡིན།

གསལ་རིག་རྣམ་ཤེས་ཀྱི་སྐོར།

རྣམ་ཤེས་ཀྱི་རྟེན་ཞེས་པ་རྣམ་ཤེས་འཛིན་བྱེད་ལ་གོ་དགོས་པ་དང༌། མཛོད་ལས་སྲོག་ནི་དྲོད་དང་རྣམ་ཤེས་གཉིས་ཀྱི་བརྟེན་ཡིན་པ་དང༌། དེ་འང་ལྡན་མིན་བཅུ་བཞི་གང་རུང་ཡིན་པར་གསུངས་བ་ནི་རགས་པ་གློ་བུར་པའི་སེམས་ཀྱི་བརྟེན་ནམ་འཛིན་བྱེད་དུ་ངོས་འཛིན་བྱས་པས་ཡིན། ཕྲ་བ་གཏན་གྱི་གཉུག་མའི་སེམས་ཀྱི་རྟེན་ནམ་འཛིན་བྱེད་ནི་རླུང་ཕྲ་མོ་ཉིད་ལ་ངོས་འཛིན་བྱ་དགོས། མདོར་ན་སྲོག་ནི་ལུས་ཁམས་སུ་རྣམ་ཤེས་མཚམས་སྦྱར་བྱེད་དམ་འཛིན་བྱེད་ཀྱི་རླུང་ཕྲ་མོ་དེ་ཉིད་ལ་ངོས་འཛིན་བྱ་དགོས། དེ་ཡང་བདེ་མཆོག་སྡོམ་འབྱུང་ལས། རླུང་ནི་སྲོག་ཏུ་ཡང་དག་བལྟ།། ཞེས་དང༌། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ།། རླུང་ཞེས་བྱ་བ་ལས་ཀུན་བྱེད།། ཅེས་དང༌། དེ་དཀའ་འགྲེལ་ཏུ། སྲོག་བྱེད་པ་དང་རྒྱུ་བའི་ཕྱིར་སྲོག་ནི་རླུང་ངོ།། ཞེས་གསུངས་བ་འདི་དག་ནི་ཤིན་ཏུ་རྣལ་མའི་རིག་པ་ཞིག་ཡིན་པས་ཁོ་བོས་འཐད་པ་ཉིད་དུ་བསམ་པས་ཡིན། སྔགས་གཞུང་སོགས་ལས་སྲོག་ནི་རླུང་ལ་ངོས་འཛིན་བྱས་པ་ལུང་རིག་དུ་མ་འདུག་ཀྱང་མང་དོགས་ནས་ཁོ་བོས་འདིར་མ་བཀོད་པ་ཡིན། སྲོག་རླུང་གི་ཐོག་མའི་གཏན་གཞི་ལྟ་བུ་སྙིང་ཁ་ཡིན་ཡང་ལུས་ཀྱི་ཆ་ཡོངས་སུ་སྲོག་གིས་ཁྱབ་ནས་ཡོད། རླུང་ཁྲག་སྲོག་གསུམ་གྱིས་མ་ཁྱབ་པའི་རྒྱུད་ཀྱིས་བསྡུས་པའི་ལུས་ཀྱི་ཆ་ཞིག་མེད་ལ་ཚོར་བ་དང་རྣམ་ཤེས་ཀྱང་དེ་བཞིན་ཡིན།    

གཟུགས་མེད་རྣམ་ཤེས་ཀྱི་ངོ་བོ་ནི་གསལ་རིག་ཙམ་ཡིན་པས་རང་ཡུལ་རིག་ཙམ་དང་མྱོང་ཙམ་གྱི་རྣམ་པ་ལས་གཟུགས་ཅན་བཞིན་ཕར་ངོས་ནས་འཚོལ་ཐབས་ཅི་ཡང་མེད། རང་གི་ངོ་བོ་ཡོད་ཚོད་མྱོང་བའི་གྲུབ་དགོས་པ་དང༌། ཚོར་བའི་མྱོང་དགོས་པ་ཁོ་ན་ཡིན། རྣམ་ཤེས་དེ་ལ་རགས་པ་གློ་བུར་པའི་སེམས་དང་ཕྲ་བ་གཏན་གྱི་སེམས་གཉིས་སུ་ངེས་ལ། སྒོ་ལྔའི་རྣམ་ཤེས་ནི་རགས་པ་གློ་བུར་བའི་སེམས་ཁོ་ན་ཡིན་པ་དང་དེའི་འཁོར་དུ་གྱུར་བའི་སེམས་བྱུང་རྣམས་ཀྱང་རགས་པའི་སེམས་ཉིད་དུ་ངེས། ཡིད་ཤེས་ལ་ཕྲ་རག་གཉིས་སུ་དབྱེ་རྒྱུ་ཡོད་ལ་རགས་པའི་ཡིད་ཤེས་ནི་སྒོ་ལྔའི་རྣམ་ཤེས་ཀྱི་རྗེས་ཐོགས་སུ་དུས་ཡུན་སྐད་ཅིག་ཐུང་ངུ་ཙམ་ལ་རྟེན་རླུང་གིས་གཡོ་ཙམ་བྱེད་པའི་རྣམ་ཤེས་ཤིག་ཡོད་ཀྱང་ད་ལྟ་ང་ཚོ་གང་ཟག་ཕལ་བ་རྣམས་ལ་དེ་འཚོལ་ནུས་པའི་བློ་གང་ཡང་མེད་པ་རེད།

ཕྲ་བ་གཏན་གྱི་གཉུག་མའི་སེམས་ནི་ཤིན་ཏུ་ཕྲ་བའི་ཡིད་ཤེས་ཤིག་ཡིན་ལ་དེ་ནི་ད་ལྟ་ང་རང་ཚོའི་རྒྱུད་ལ་ཡོད་ཀྱང་སུས་ཀྱང་རྟེན་རླུང་ཕྲ་མོ་ལ་གཡོ་འགུལ་གཏོང་མ་ཐུབ་པས་བེད་མེད་དུ་ལུས་ཡོད། སྐྱེ་བ་སྔ་མ་ནས་འོང་པའི་སེམས་དང་འདི་ནས་ཕྱི་མ་འགྲོ་བའི་སེམས་ཀྱང་འདི་ཁོ་ནར་འདོད། གལ་ཏེ་རྩ་རླུང་ཐིག་ལེའི་ནུས་པ་ཚད་མཐོ་ངེས་ཅན་ཞིག་བསྒྲུབ་ཐུབ་ན་ད་གཟོད་ཁྱེད་ཀྱིས་ཕྲ་བ་གཏན་གྱི་གཉུག་མའི་སེམས་ངོས་འཛིན་ཐུབ་པར་འདོད། དེ་ལྟར་བྱུང་ན་རྣམ་རྟོག་རགས་པས་བཟོས་པའི་དཀའ་ངལ་གཏན་ནས་འཕྲད་མི་སྲིད་པ་ཡིན། དེ་ནི་རང་རང་གི་སྙིང་རུས་ལ་བརྟེན་ནས་བསྒྲུབ་དགོས་པ་ལས་སུས་ཀྱང་རོགས་སུ་བྱེད་མི་ཐུབ།

ཕྲ་རགས་ཀྱི་སེམས་གཉིས་ཀའི་རྟེན་ནི་རླུང་ཡིན་ལ་རྣམ་ཤེས་ཀྱི་ངོ་བོ་ལ་ཕྲ་རགས་ཡོད་པ་བཞིན་རྟེན་རླུང་ལ་ཡང་ཕྲ་རགས་ཡོད་པར་ཡོད།སྤྱིར་ཡོངས་གྲཊ་སུ་རགས་པའི་སྐབས་སུ་རྣམ་ཤེས་ཀྱི་རྟེན་ཕུང་པོ་རགས་པ་བཤད་ཀྱང་ཤིན་ཏུ་ཕྲ་མོའི་རྣམ་བཞག་སྐབས་རྣམ་ཤེས་ཀྱི་རྟེན་རླུང་ཕྲ་བ་ཉིད་ཡིན་ལ་མཐར་ཐུག་ན་རླུང་སེམས་ངོ་བོ་དབྱེར་མེད་དུ་ངེས། རྣམ་ཤེས་ཀྱི་རྟེནཏུ་གྱུར་བའི་་ཤིན་ཏུ་ཕྲ་བའི་རླུང་དེའི་རྣམ་ཤེས་ལུས་ཀྱི་རང་གནས་སུ་གནས་བྱེད་ཡིན་པས་སྲོག་འཛིན་གྱི་རླུང་ཡང་ཟེར། མདོར་ན་ཚེ་སྲོག་ནི་རྣམ་ཤེས་ཀྱི་རྟེན་རླུང་ཕྲ་མོ་འདི་ཉིད་ལ་ངོས་འཛིན་དགོས་པ་གོང་དུ་ཞུས་ཟིན་པ་ཡིན།

རགས་པ་གློ་བུར་བའི་རྣམ་ཤེས་མཐའ་ཅན་ཡོད་ཀྱང་ཕྲ་བ་གཉུག་མའི་སེམས་ནི་ཡ་མཐའ་དང་མ་མཐའ་གང་ཡང་མེད་པས་མཐའ་མེད་དུ་འདོད་པ་དང༌། རྣས་ཤེས་ཕྲ་རགས་ཀྱི་ཁྱད་པར་ཡང་་རྟེན་རླུང་གིས་གཡོ་བ་ཉིད་ལ་རག་ལས་པས་རྣམ་ཤེས་རགས་པའི་འཁོར་དུ་སེམས་བྱུང་མི་འདྲ་བ་མང་དུ་བྱུང་བ་ནི་དེ་དག་གི་རྟེན་རླུང་གཡོ་ཤུགས་མཐོ་བའི་དབང་གི་བྱུང་བ་ཡིན་ལ། རྣམ་ཤེས་དྲུག་པོ་རང་གི་འཁོར་རྟེན་རླུང་གཡོ་ཤུགས་རྩུབ་པའི་སེམས་བྱུང་དང་མཚུངས་ལྡན་ཏུ་སོང་ཚེ་རྣམ་ཤེས་ཡང་བྱེད་ལས་རྩུབ་པའི་རང་བཞིན་ཅན་ཏུ་གྱུར་ངེས། དཔེར་ན་ཁོང་ཁྲོ་ལྟ་བུ་རང་གི་ངོ་བོ་དང་རྟེན་རླུང་གཉིས་ཀ་དྲག་ཤུགས་ཆེ་པས་གཙོ་སེམས་ཀྱི་རྟེན་རླུང་དང་ངོ་བོ་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གཙོ་སེམས་རང་གི་ངོ་བོ་ལ་ཁོང་ཁྲོས་ཤུགས་རྐྱེན་ཀྱིས་ངོ་བོ་རྩུབ་པའི་བྱེད་ལས་སུ་གྱུར་བ་དང༌། དེའི་རྐྱེན་གྱིས་ཚོར་བའང་སྡུག་བསྔལ་གྱི་ངོ་བོ་བསྒྱུར་གྱིན་ཡོད། ཁོང་ཁྲོའི་རྟེན་གྱིས་རླུང་གི་གཙོ་སེམས་ཀྱི་རྟེན་རླུང་ལ་ཤུགས་རྟེན་ངན་པ་ཐེབས་པས་ལུས་ཁམས་ཀྱི་རླུང་ལ་འང་འགྱུར་བ་ཐེབས་པ་དང༌། དེས་རྐྱེན་པའི་ལུས་ཀྱི་རླུང་ཁྲག་སྲོག་གསུམ་ཡང་མི་བདེ་པ་བཟོ་བཞིན་ཡོད་པས་ཡིན། གནའ་བོའི་དྲང་སྲོང་ཞིག་གིས་ཁོང་ཁྲོ་ཟ་མི་རུང་བ་གསུངས་དགོས་པའི་རྒྱུ་མཚན་ཡང་འདི་ཉིད་ཡིན་ནོ།།

ཚན་རིག་པས་གཞི་གཏན་ཁེལ་པའི་སེམས་ཀྱི་རྣམ་བཞག་ཞིག་གང་དུ་འང་བཤད་མེད་པས་དེ་སྐོར་ཟུར་དུ་གླེང་བ་ཅི་ཡང་མི་དགོས་མོད། འོན་ཀྱང་དེང་སང་ཚན་རིག་པ་འགའ་ཤས་ཤིག་གིས་ཚོད་བཞག་ཚད་མ་ཟེར་ནས་ནང་པའི་ཡིད་དཔྱོད་གྱི་བློ་བཞིན་འཆད་ཚུལ་ཅིག་འདུག་ཀྱང་དེ་ནི་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་གྲངས་ཅན་ལྷ་བཅས་པས་ལོག་འཆད་ཚད་མ་དང་གཅིག་མཚུངས་སུ་འདུག་པས་འདིར་གླེང་རིན་ཡོད་པ་ཞིག་མིན་པས་ཁོ་བོས་མ་སྤྲོས་སོ།།

ཚན་རིག་པས་གླེང་བའི་སྲོག

སྲོག་ནི་སྐྱེས་ལྡན་དངོས་པོ་ཀུན་ལ་ཐུན་མོང་དུ་ཁྱབ་པའི་གནོད་འགོག་བཅུད་ལེན་གྱི་གསེལ་ལམ་་ཕྲ་ཕུང་རང་སྟོབས་ཀྱི་གཡོ་འགུལ་བྱེད་པའི་རང་བཞིན་ཅན་ཅིག་ཡིན་ཚོད་རེད། དཔེར་ན་ལྕང་སྡོང་ལྟ་བུ་ལ་མཚོན་ན་གསེལ་ལམ་ཕྲ་ཕུང་འདིས་རང་ཉིད་སྲུང་སྐྱབས་བྱེད་པའི་མཁའ་རླུང་གཙང་མ་རྣམས་ཚུར་རྔུབ་པ་དང༌། བཙོག་པ་རྣམས་ཕྱིར་འབྱིན་པ། རང་ཉིད་རང་སྟོབས་ཀྱི་འགུལ་བསྐྱོད་བྱེད་པ། ཕྱིའི་ཁོར་ཡུག་གིས་འགྱུར་བ་ལྡན་པ། ཆུང་ནས་ཆེ་རུ་འགྲོ་བ། སོ་སོའི་རིགས་མི་འཁྲུག་པ་སོགས་ཀྱི་བྱ་བ་བྱེད་པར་འདོད། རྩི་ཤིང་ནགས་ཚལ་སོགས་ལ་སྲོག་ཡོད་པའི་བསྒྲུབ་བྱེད་བཅུ་འདུག་ཀྱང་འདི་ལས་བཀོད་མེད། ཚན་རིག་པས་འཇིག་རྟེན་འདིའི་ཡབ་མེས་ཤུགས་རིགས་ཆེན་པོ་བཞིའི་འགད་ཤུགས་ལས་གཟུགས་ཅན་བརྩམ་བྱའི་ཕྲ་རྡུལ་གསར་དུ་འབྱུང་བ་འདོད་པ་ལྟར་ན་བརྩམ་བྱའི་ཕྲ་རྡུལ་འདིའི་ཡ་མཐའ་ཚད་བཟུང་ངེས་ཅན་ཡོད་པས་དེ་གོང་དུ་བརྩམ་བྱའི་རྡུལ་ཕྲན་གྱི་ཉེར་ལེན་གང་ཡིན་ཞེས་པའི་དྲི་བ་ངང་གི་སླེབས་ཀྱིན་ཡོད། གཟུགས་ཅན་མ་ཡིན་པའི་ནུས་ཤུགས་ཞིག་གིས་གཟུགས་ཅན་རྡུལ་ཀྱི་ཉེར་ལེན་བྱེད་ཀྱིན་ཡོད་ན་གཟུགས་མེད་གསལ་རིག་ཤིག་གིས་ཅིའི་ཕྱིར་རྡུལ་གཟུགས་ཀྱི་ཉེར་ལེན་མི་བྱེད་པ་ཡིན། དེ་ལྟར་བྱེད་ན་གསལ་རིག་གི་སེམས་ཤིག་བརྩམ་བྱའི་རྡུལ་གྱི་ངོ་བོར་འཕོ་དགོས་པས་རིག་པ་དང་དངོས་གཙོ་རང་ལུགས་གཉིས་ཀ་ལ་འགལ་ཚབ་ཆེ་བརའདུག་པས་ཚན་རིག་པ་ལ་མཐུན་ཕྱོགས་བཟུང་བའི་ཟུར་གནས་བློ་ལྡན་ཞིག་ཡོད་ན་ཁོ་བོ་ལ་ལན་ཞིག་ཡོད་པར་མཁྱེན།

ནང་པས་རྡུལ་ལ་བྱེད་ལས་དང་ནུས་པ་གང་ཡོད་དཔྱད་གཞི་གཙོ་བོར་མ་བཟུང་པར་རྡུལ་གྱི་བོངས་ཚད་ཆེ་ཆུང་ལ་དཔྱད་པ་བཟུང་དགོས་པའི་རྒྱུ་མཚན་ཡང༌། ང་རང་ཚོའི་བསམ་བློའི་བདེ་འཇགས་བཀྲུག་མཁན་གཙོ་བོ་ཕྱིའི་ཡུལ་གཟུགས།་ལས་འབྱུང་གིན་ཡོད་པས་རེད། ཕྱི་ཡུལ་གཟུགས་སོགས་ལ་ཚད་ལས་འདས་པའི་ལེགས་ཆ་ཞིག་བློ་ངོར་དུ་བཀོད་པས་དབང་གི་བྱུང་བ་རེད།   གཟུགས། སྒྲ། དྲི། རོ། རེག་བྱ་སོགས་ནི་རྒྱུ་དང་རྐྱེན་ལས་བྱུང་བ་དང༌། ཡང་འཇིག་རྒྱུ་གཞན་ཞིག་དང་འཕྲད་ན་སྣང་བརྙན་བཞིན་དུ་ཡལ་འགྲོ་བའི་ཚུལ་རྣམས་མ་རྟོག་པའི་དབང་གི་བྱུང་བར་འདོད། ཕྲ་རྡུལ་དུ་མ་བསགས་པའི་སྣང་གཟུགས་ཙམ་ཞིག་གི་ངོ་བོ་ཡིན་པ་ངེས་བཟུང་ཐུབ་ན་གཞི་ནས་དེ་ལ་དམིགས་པའི་འདོད་ཆགས་ཡེ་ནས་མི་སྐྱེས་པས་རྒྱུ་མཚན་གྱི་ཡིན་ནོ།།

སྤྱི་ལོ ༢༠༡༦ ཟླ ༡༢ ཚེས ༥ཉིན་དགེའོ།།


  གངས་དཀར་སེམས།
 

31.01.2017 03:51:55

དེང་རབས་ཅན་གྱི་དགེ་བཤེས་ལྷ་རམས་པ། up:

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -