ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.10.2016 11:23:51
རྨོངས་རྟུལ་ནག་པོ།

ངས་རྡ་རམ་ས་ནས་འདི་ལྟར་མཐོང་བྱུང༌།
རི་ཆུ་ནགས་གསུམ་གྱི་མངོན་པ་མཐོ་བའི
གནས་མཆོག་རྡ་རམ་ས་ལའི་ཡང་རྩེ་ལ་འཛེགས་ན
མིག་མདངས་གཉོམ་པོ་བགྲོད་པའི་མི་ཚོགས་ཀྱིས་གང་ཡོད་པ་མཐོང་ཐུབ
འདི་ན་ཚོར་སྣང་སྣ་ཚོགས་ཤིག་གིས་གྲང་རླུང་ལྡང་ནའང
གངས་རིའི་ཚེ་སྲོག་ལ་བཅངས་པའི་སེམས་པ་རྣམས་གཅིག་ཏུ་འདྲིལ་འདུག


ཁ་བའི་ལྗོངས་ལ་བདེ་དྲོད་བཙལ་ཕྱིར
ཡུལ་གྱར་བ་མང་པོ་སྡུག་བསྔལ་གྱི་མནར་ཡོད་པ་མཐོང་ཐུབ
འདི་དག་གི་སེམས་ངོགས་ན་འཁྱིལ་བའི་སྡུག་བསྔལ་གྱི་སྨུག་སྤྲིན་དེ་ནམ་ཞིག་དྭངས་སྲིད་དམ
སྨུག་སྤྲིན་དྭངས་རྗེས འདི་དག་ལ་དབང་བ་ནི་མཐའ་ཡས་པའི་རྩྭ་ཐང་དང་གངས་དཀར་གྱི་རི་བོ་དེ་དག་ཨེ་ཡིན་ནམ
རྡ་རམ་ས   ངས་མཐོང་ལམ་གྱི་གསེར་མདོག་གི་འཇིག་རྟེན་འདི་ན
མི་རིགས་ཤིག་གི་རྡོ་རིང་བླངས་འདུག ལ་རྒྱ་ཞིག་གི་དབུ་འཕང་བསྟོད་འདུག

ཚེ་སྲོག་ཅིག་གི་ངོ་གདོང་སྟེ གངས་ཅན་པའི་ལྷ་སྐལ་ཉིད ( རྒྱལ་མཆོག་ཡིད་བཞིན་ནོར་བུ )གསེར་འོད་ལྷམ་ལྷམ་དུ་བཞུགས་འདུག
འཛམ་གླིང་མཁས་པའི་ཡང་རྩེ་ནས་སོན་པའི་མི་རྗེ་ཞིག ( མཁས་དབང་བློ་བཟང་སེང་གེ)ས་ཡ་དྲུག་གི་བདེ་སྡུག་ལ་བསམ་པའི་ཤེས་འཇོན་གཉིས་ཀྱི་དབུ་འཕང་དགུང་ལ་རེག་འདུག
ཆོས་རྒྱལ་སྲང་བཙན་སྒམ་པོའི་གདུང་རྒྱུད་ཅིག (ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར)རང་ཚུགས་ལ་གཡོ་བ་མེད་པ་ལྷག་བསམ་དང་ཤེས་འཇོན་རི་ལྟར་སྤུངས་བཞིན་ལ་རྒྱ་དང་སྤོབས་པའི་སྙིང་སྟོབས་བཞེངས་འདུག

མཐའ་མེད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་གཟི་འོད་ཅིག་ནས
མི་རིགས་ལ་ཞབས་རྗེས་བཟུང་བའི་གནམ་སའི་ཡོ་ལང་འདི་དག་མཐོང་ཚེ
ལོ་རྒྱུས་ཁྲོད་ཀྱི་ཆོས་རྒྱལ་སྲང་བཙན་སྒམ་པོའི་བྱས་རྗེས་ལྟར
མཐོ་ས་ནས་མཐོ་ས་སྙེག་པའི་ལམ་ཡངས་ལ
ངས་མཚོན་བྱེད་སེམས་ཀྱི་ཁ་བཏགས་ཤིག་འཐེན་འདོད
ངས་མཆོད་བསྟོད་གསེར་གྱི་གཏའ་མ་ཞིག་འབུལ་འདོད

མཚམས་རེ་རྡ་སའི་རི་ངོས་སུ་མནོ་བསམ་མེད་པའི་འུག་པ་འགས
ཉིན་མོའི་དཀར་འོད་ཡོད་ཚད་མིག་གིས་མ་མཐོང་བར
གཤོག་ཟུང་འདར་འདར་དང སྡུག་སྐད་ལྷང་ལྷང་ངང་འཁྱོག་བཤད་ཀྱི་ངུ་ཟུག་དུ་མ་ཆར་དུ་བསྙིལ་ཡང
འདི་དག་ནི་ལྗན་ལྗིན་དང་ནག་ནོག་འོག་གི་གད་སྙིགས་ཁོ་ན་སྣང༌།
 

____ ༢༠༡༦/༡༠/༦/ཉིན་གནས་མཆོག་རྡ་རམ་ས་ནས་སྤེལ།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -