ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.10.2016 06:20:17
རྨོངས་རྟུལ་ནག་པོ།

ངའི་སེམས་ཀྱི་སེམས་དཔའ་ཆེན་པོ།
ཁྱེད་མེད་པ་ནས་ང་འཇིག་རྟེན་འདི་ན་དབུལ་པོ་གྱུར་སོང༌།
ཁྱེད་མེད་པ་ནས་ང་སྐྱོ་གདུང་ཁྲོད་ཀྱི་ན་ཟུག་གྱུར་སོང༌།
ཁྱེད་མེད་པ་ནས་ངས་མི་ཡུལ་གྱི་མཛེས་སྡུག་ལ་ལྟད་མོ་མ་མཐོང་ཞིང་སྙིང་པོ་མེད་པ་ཚོར།  ཉིན་རེ་ནས་ཉིན་རེ།   ཟླ་རེ་ནས་ཟླ་རེ། ཐ་ན་དུས་ཚོད་སྐར་ཆ་རེ་ལའང་ངས་མིག་ལམ་དུ་འཆར་འོང་བ་ནི་ཁྱོད་ཀྱི་སྐུ་བརྙན་རེད།


བཀའ་དྲིན་གྱི་བྱེད་པོ།  དྲིན་ཅན་གྱི་བླ་མ།   ཁྱེད་ཕེབས་སོང་བ་ནི་ངའི་སེམས་ཀྱི་གསེར་མདོག་གི་འཇིག་རྟེན་དེ་ཞིག་སོང༌། ངའི་སེམས་ཀྱི་ཁྲི་གདུགས་ཀྱི་ཉི་མ་དེ་ཡལ་སོང༌། ངའི་སེམས་ཀྱི་མཛེས་པ་ཐམས་ཅད་དེ་བཅོམ་སོང༌། ང་ལ་མཚོན་ན་བསྐལ་པ་ཐེངས་ཤིག་འཇིག་སོང་བའི་ཚོར་སྣང་སྐྱེས།

ངའི་སེམས་ཀྱི་སེམས་དཔའ་ཆེན་པོ།  ཁྱེད་ཕེབས་སོང་བ་ནས་ཁྱེད་ཀྱིས་ང་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཡོད་པ་ཁོ་ཐག་ཡིན།  རྒྱུ་མཚན་ནི།  ངས་ཀྱང་མཚན་མོའི་རྨི་ལམ་དུའང་དད་པ་དམ་ཚིག་གི་རང་མདངས་ཡལ་མ་མྱོང་ལ་ཡ་རབས་སྤྱོད་བཟང་གསུང་པའི་བསླབ་བྱའི་ཚིག་ཙམ་ཡངབརྗེད་མ་མྱོང༌།   མཚམས་རེ་རྨི་ལམ་གྱི་ཞིང་ཁམས་ནས་ཁྱེད་རང་མཇལ་བའི་ཚོར་སྣང་གིས་བཟི་པས་དད་སེམས་ཀྱི་མིག་ཆུ་དབང་མེད་དུ་ཤོར་བཞིན་གདོང་གི་མཁུར་ཚོས་ཀྱང་བརླན་པ་ཐེངས་མང་བྱས་མྱོང༌།

ངའི་གཙུག་གི་སྐྱབས་གནས་དམ་པ།  སྐུ་ཉིད་ཕེབས་ཤུལ་གྱི་ལམ་ནས་བལྟས་ན་ཁྱེད་ཀྱི་གསེར་ཞལ་འཛུམ་མདངས་ཀྱིས་གང་ཡོད་པ་མཐོང་གི་འདུག   ཁྱོད་རང་ཁོ་ན་ལ་ཡོད་པའི་རྣལ་འབྱོར་པ་ཆེན་པོ་ཞིག་གི་རང་གཟུགས་དེ་མཐོང་གི་འདུག     ཐུན་དྲུག་རྣལ་འབྱོར་ལ་བརྩོན་པའི་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་འཇུག་པ་ཡངས་པོ་དེ་མཐོང་གི་འདུག    ངས་སེམས་ཀྱི་དམ་ཚིག་དད་པ་ཇེ་ཆེ་རུ་སོང་སྟེ་སླར་ཡང་ཞིང་ཁམས་གཞན་ཞིག་ནས་མཇལ་བའི་སྨོན་ལམ་བཏབ་ཡོད།

_______ ཕྱི་ལོ་༢༠༡༦-༩-༡༣ཉིན་རྨོངས་རྟུལ་ནག་པོའམ་བྱམས་པ་ཚེ་རིང་འབོད་པས་ཕ་བླ་མ་དྲན་པའི་གདུང་དབྱངས་སེ་ར་ཐེག་ཆེན་གླིང་དུ་སུག་བྲིས་བགྱིས་པར་དགེ་གྱུར་ཅིག


  
 

31.01.2017 03:49:27

དགེའོ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 | -