ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.07.2016 00:09:16
གངས་དཀར་སེམས།

སྔོན་གླེང་།
༢༠༡༦ ཟླ་ ༥ ཚེས་ ༢༠ ཉིན་ང་རང་ཚུད་རིགས་མཐུན་བསྡོམས་བཅུ་བདུན་ཙམ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སོ་སོར་གྱེས་ནས་ཐོན་རྗེས་ང་ཚོ་མི་བརྒྱད་ཕྱི་ཉིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། དེར་བོད་རིགས་མཐུན་ཚོགས་ཀྱི་འཐུས་མིའི་ཚུལ་དུ་སྤྱི་ཟུར་སྒྲོལ་དཀར་སྐྱབས་དང་། གཞན་ང་ཚོ་ཨོ་གླིང་དུ་འགྲོ་མཁན་ལ་བསུ་མ་ཚུལ་གྱིས་ཡོང་མཁན། ཁ་ལོ་བ་བཅས་མི་གྲངས་བདུན་ཙམ་འབྱོར་འདུག


ངས་སྒྲོལ་དཀར་སྐྱབས་ལགས་སུ་ང་ཁྱོད་ཚོའི་རླངས་འཁོར་དུ་ཡོང་ན་འགྲིག་གམ་ཞེས་བཤད་པས་རླངས་འཁོར་གཞན་དུ་སོང་ན་ཞེས་བཤད་བྱུང་སྟབས་ང་རང་སྔོན་སོང་གི་ངོས་ལེན་བྱེད་མཁན་དགོས་པ་ལྟར་ཕ་ཡུལ་གཅིག་པ་མཛེས་མ་ལྷ་སྒྲོན་གྱི་ནང་དུ་བསྐྱེལ་རོགས་བྱེད་མཁན་ནི་ལམ་རོགས་ཐུབ་བསྟན་ཡེ་ཤེས་བསུ་མཁན་ལྷོ་ཁ་བ་ཨ་ཇོ་ཚེ་རིང་དང་ཁོང་གི་བཟའ་ཟླ་སྒྲོལ་མ་གཉིས་ཀྱི་རླངས་འཁོར་ནང་ཡིན། སྤྱིར་ན་ཨོ་གླིང་དུ་སླེབས་དུས་དགའ་སྐྱོ་གསལ་པོ་མེད་པའི་ཚོར་བ་ཡ་མ་ཟུང་འདྲ་ཞིག་ཡོད་པའི་ཁར། གནས་ཚང་དང་གཞན་ངོ་ཤེས་ཚོའི་གནས་སྟངས་སྤྱི་ལ་རྒྱུས་ལོན་ཏོག་ཙམ་བྱས་པའི་མྱོང་ཚོར་འགའ་གཤམ་དུ་ཤར་མར་བཀོད་པ་འདི་ལྟར།

༡།

ཐོག་མའི་སྐབས་སུ་ཨོ་གླིང་སྲིད་གཞུང་གི་དབུས་འབྲེལ་མཐུད་སྡེ་ཚན།
དྲ་འབྲེལ་འདིར་བསྣུན་ནས་གཟིགས།

ནས་ང་ཚོར་ཟླ་རེར་ཁང་གླ་དང་ཟས་རིན་ཙམ་མདང་བའི་རོགས་དངུལ་ཞིག་ཚང་མར་སྤྲོད་ཀྱི་འདུག ང་རང་ལ་ནི་དེས་མདང་ངེས་མེད་ཁར་རྒྱུན་མཁོའི་ཅ་དངོས་དང་གྱོན་ཆས་གསར་པ་ཏོག་ཙམ། ཁ་པར་དུ་དངུལ་བླུགས་རྒྱུ། ཡར་མར་འགྲུལ་བཞུད་ལ་འདིར་གསར་འབྱོར་སྐབས་སུ་སྤྱི་སྤྱོད་རླངས་འཁོར་ཁོ་ན་ལས་མེད་པའི་གླ་ཆ་གཞན་ལས་ཕྱེད་བཅག་རེད་འདུག་ལ་འགྲོ་སོང་ཡང་ཧ་ཅང་ཉུང་ཉུང་རེད་འདུག་ཀྱང་དེ་མི་སྤྲོད་ནས་བསྡད་ས་མེད། སྒེར་ལ་མཚོན་ན་ད་དུང་གཞན་ཙག་ཙིག་ཀྱང་ཉོ་བར་དངུལ་དེ་ཙམ་གྱིས་མི་མདང་བ་གཏན་འཁེལ་ལྟ་བུ་རེད། འོན་ཀྱང་ཧ་ཅང་འགྲོན་ཆུང་མཁས་པ་ཚོའི་གནས་སྟངས་ནི་ལོག་ཀ་ཡིན་སྲིད་ལ། དེ་འདྲ་དགོས་པ་ཆེན་པོ་ཞིག་ཀྱང་རེད་བསམ་གྱི་ཡོད།

༢།

ང་རང་འདིར་འབྱོར་ནས་ད་བར་ཟླ་ངོ་ལྷག་ཙམ་འགྲོ་གྲབས་ཡོད། དེའི་རིང་ལམ་བར་དུ་སྤུན་ཟླ་རེ་གཉིས་དང་ཐུག་ཚད་ཀྱི་ངོ་གདོང་དེ་སྔོན་ལས་ནག་ཏུ་སོང་བའི་ཚོར་སྣང་ཞིག་ངང་ངང་ཤུགས་ཀྱིས་སླེབས་སོང་ལ། དེའང་ཁོ་ཚོ་ཚང་མར་ནད་ཀྱིས་མནར་བ་ཡིན་ཚོད་མི་འདུག་ལ། འདི་ཕྱོགས་སུ་སའི་གོ་ལར་ཉི་མ་ཐད་འཕྲོས་ཀྱིས་ཤ་མདོག་འགྱུར་འགྲོ་བ་ཤུགས་ཆེ་ཡིན་བཟོ་འདུག འོན་ཀྱང་དུས་མཚུངས་སུ་དེ་བཞིན་སྐམ་རུ་ཧ་ལས་པ་སོང་བ་གཉིས་གསུམ་དང་ཐུག་པས་བདེ་ཐང་ལ་གཟབ་དགོས་ཚུལ་བཤད་ཁུལ་བྱས་ཀྱང་། སེམས་ནང་སྐྱོ་སྣང་ཞིག་རང་བཞིན་གྱིས་སླེབས་འོང་གི་འདུག བོད་ཀྱི་ཆབ་སྲིད་བཙོར་ཟུར་འདི་ཚོ་བོད་དུ་ཡོད་དུས་རྒྱ་མིའི་གདུག་རྩུབ་མནར་གཅོད་ལ་མ་བཟོད་ནས་ངོ་ལོག་སྣ་ཚོགས་བྱས་རྗེས་དམྱལ་ཁམས་མི་ཡུལ་དུ་འཕོས་འདྲའི་སྡུག་ངལ་མྱོང་ཚར་བ་ཤ་སྟག་རེད། ད་འདི་ནས་རང་གཞུང་གིས་ངེད་ཚོའི་མི་ཚེར་ཅུང་ཕན་སེམས་ཁོ་ནས་ཨོ་གླིང་དུ་དམིགས་བསལ་སྐྱབས་བཅོལ་དུ་གཏོང་གནང་མཛད་ཀྱང་། འདིར་སླེབས་མ་ཐག་པའི་དུས་རིམ་ནང་མང་ཆེར་ནི་ལས་ཀའི་བྲན་གཡོག་ཙམ་ལས་གཞན་མི་ཚེའི་མདུན་ལམ་བཟང་པོའམ་དོན་སྙིང་ཆེན་པོ་དང་། ཕ་ས་ཕ་ཡུལ་གྱི་ཆོས་སྲིད་དོན་ཆེན་གཉིས་ལ་ཕན་པའི་བསམ་བློ་རྒྱ་ཆེར་གཏོང་ས་མེད་པར་རང་མགོ་གང་ཐོན་ཙམ་གྱིས་འགྲིག་ཐབས་དགོས་པ་ལྟར་གྱུར་འདུག་སྙམ།

 ༣།

དེའི་སྔོན་གྱི་ལོ་མང་པོའི་རིང་འདིར་འབྱོར་བ་རྣམས་ཀྱང་རང་སོ་སོའི་འཚོ་བ་དང་དཔལ་འབྱོར་གྱི་གནས་སྟངས་དེ་སྔོན་རྒྱ་བལ་འབྲུག་གསུམ་དུ་ཡོད་དུས་ལས་གང་ལེགས་ཡོད་མུས་ཀྱང་། གཞུང་དང་མི་རིགས་ཀྱི་ལ་ཞེན་ཅི་འདྲ་སྤེལ་དགོས་མི་ཤེས་པ་ལྟར། གཞུང་དོན་བྱེད་ན་སྒེར་ལ་གྱོང་རྒུད་འཁྱེར་དགོས་པ་གཏན་འཁེལ་བ་དང་། སྒེར་དོན་ཁོ་ན་སྒྲུབ་ནས་བསྡད་ན་རིགས་ཞེན་དང་ལ་རྒྱ་ཅུང་ཡོད་མཁན་ཚོའི་སེམས་ལྷོད་ལ་འབབ་མི་ཐུབ་པ་ཉག་ཅིག་རེད་དྲན་སོང་། འོན་ཀྱང་འདི་ཕྱོགས་སུ་སྐུའི་འཁྲུང་སྐར་དང་གསུམ་བཅུ་དུས་དྲན་སྲུང་བརྩི། ལོ་གསར་དང་ལས་འགུལ་སྤེལ་ཐབས་ཙམ་ལའང་ཡོངས་རྫོགས་མཉམ་བཞུགས་ཐུབ་མིན་གང་ལྟར་ཡང་དེ་ཙམ་མཉམ་འཛོམས་ཀྱིས་ལ་རྒྱ་བཟུང་ཐུབ་ན་ཡག་པོ་རེད་འདུག་བསམ་པ་བྱུང་། འོན་ཀྱང་ངོ་མ་མི་རིགས་ཀྱི་དོན་ཆེན་དང་རིག་གཞུང་སྲུང་སྐྱོར་གཙོས་གཞན་དོན་རྒྱ་ཆེ་དག་སྒྲུབ་སྟངས་ནི་ཁྱིམ་ཚང་གི་རྒྱ་ལས་བརྒལ་སོང་ན་དེ་མིན་རྣམ་གྲངས་ནི་ཧ་ལམ་མེད་པ་ལྟར་རྒྱ་མཚོའི་ནང་རྡོ་གཡུགས་པ་ལྟར་མིན་ནམ་སྙམ་སོང་།

༤།

ཨོ་གླིང་ནི་ཕྱིའི་ཁོར་ཡུག་གཙང་མ་དང་། མི་རྣམས་ཀྱི་རྣམ་འགྱུར་དེའི་ཉམས་བཟང་ལ་དཔྱད་ན་ཧ་ཅང་གུ་ཡངས་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་རེད་འདུག འདིར་ཁྲིམས་ཁོ་ནས་སྤྱི་ཁྱབ་ཀྱི་རིག་གཞུང་དང་ཆོས་ལུགས་ཅེས་པ་ཞིག་ལོངས་སུ་སྤྱོད་པ་ལས་རིག་གཞུང་དང་ཆོས་ལུགས་མི་འདྲ་བའི་དབར་ལྟ་ཤེས་བསྟུན་མཁས་དགོས་ཀྱི་འདུག་ལ། ང་ཚོ་ནང་བཞིན་རིག་གཞུང་མི་འདྲ་ས་དང་ཆོས་ལུགས་མི་མཐུན་པའི་དབར་དགྲ་ཁ་གཏད་ལྟ་བུ་ནམ་ཡང་ལང་མི་ཆོག་པར་ཁྲིམས་ཀྱིས་སྟངས་འཛིན་དང་དོ་དམ་ནན་པོ་བྱས་འདུག དེ་ནས་སྤྱི་ཁྱབ་ཀྱི་ཁོར་ཡུག་དཔེར་ན་སྤྱི་སྤྱོད་རླངས་འཁོར་དང་ཚོང་ར། ལམ་འགྲོ་བའི་རྣམ་འགྱུར་བཅས་ནས་ཚང་མས་ཕན་ཚུན་དབར་ངོ་འཛུམ་དང་བཅས་གུས་ཞབས་དང་འཚམ་འདྲི་བྱེད་ཅིང་། ང་རང་འདིར་ཟླ་བ་གཅིག་ཙམ་ཟིན་མཚམས་ཡིན་ཡང་ཐེངས་ཤིག་རག་བཟི་མགོ་སེར་གཞོན་ནུ་ཞིག་གིས་ཁྲོམ་དབུས་སུ་མཚན་མོ་ཆུ་ཚོད་བརྒྱད་དགུ་ཟིན་ཙམ་ལ་ཁོང་ཁྲོས་ངར་འབོད་བྱེད་པ་ཙམ་ལས་གཞན་བྱ་ངན་ཚད་བརྒལ་དེ་འདྲ་སྤེལ་བ་གཅིག་ཀྱང་མ་མཐོང་ལ། མིའི་དབར་ཧ་ཅང་ཕན་ཚུན་མཛའ་བརྩེ་དང་ཞི་བདེའི་ཁོར་ཡུག་ཅིག་རེད་འདུག གཞན་ཉེ་ཆར་ང་སྡོད་ས་མངའ་སྡེ་འདིའི་ས་གནས་ཁག་ཅིག་ལ་ཆུ་ལོག་བྱུང་ནས་གཞུང་ལམ་དང་མཚོ་འགྲམ་གྱི་ཁང་པར་གནོད་འཚེ། གཞན་རླངས་འཁོར་གཏོང་མཁན་ཞིག་རྡུང་ཁ་ཐེབས་ནས་ཤི་བའི་སྐོར་གསར་འགྱུར་ནས་མཐོང་སོང་།

 ༥།

ཨོ་གླིང་དུ་ཡོངས་རྫོགས་སུ་བོད་རིགས་སྤུན་ཟླ་ཁོ་ན་ཉིས་སྟོང་མ་ཟིན་ཙམ་ཡོད་ལུགས་གོ་ཐོས་བྱུང་། འོན་ཀྱང་དོན་གཅོད་ཀྱང་གྲོང་ཁྱེར་གཞན་ཁཱམ་བྷེ་ར་ལ་ཆགས་ཅིང་། ཨོ་གླིང་དུ་ཡོད་པའི་སྤུན་ཟླ་རྣམས་སམ་གོང་གི་གྲངས་ཀ་དེ་ཡིན་ཚོད་ཡོངས་རྫོགས་སྒེར་གྱི་དཀའ་ངལ་དང་གནས་སྟངས་མི་འདྲ་བ་སྣ་ཚོགས་ཀྱི་དབང་གིས་ཁ་འཐོར་གྱིས་ཨོ་གླིང་གི་གང་སར་བསྡད་ཀྱི་ཡོད་པ་རེད་འདུག སྤྱིར་ན་ཨོ་གླིང་དུ་གསལ་པོ་རང་དཔྱད་པའི་དུས་ཚོད་མ་བྱུང་ཡང་གོ་ཐོས་ལྟར་ན་མིའི་གྲངས་ཀ་དང་མི་ལ་མཁོ་སྤྱོད་ཆེ་ཆུང་གི་ཁེ་དབང་གཙོ་བཟུང་བྱེད་པའི་སྲོལ་བཟང་ཞིག་ཡོད་བཟོ་ཐོས་པས་གཅིག་བྱས་ན་བོད་པ་གྲངས་ལྔ་སྟོང་ཚང་ན་དྲ་ཐོག་ཏུ་རང་རོགས་ལོུ་བོད་ཡིག་བསྐོལ་ཆོག་པའི་རེ་འདུན་སྟོན་ས་ཡོད་བཟོ་ལྟ་བུ་མཐོང་། དེ་འདྲ་འབྱུང་ན་དྲ་ལམ་ཐོག་ནས་བོད་ཡིག་གིས་རླངས་འཁོར་ཁ་ལོ་བའི་ཡིག་རྒྱུགས་གཏོང་ཆོག་པ་དང་། དེ་མིན་དུས་དེབ་དང་ཚགས་ཤོག་ཀྱང་སྤེལ་ཆོག་པའི་རང་དབང་ཆ་ཚང་ཡང་ཡོད་ངེས། ཡིན་ཡང་གསར་འབྱོར་སློབ་གྲྭའམ་ཟབ་སྦྱོང་འགྲོ་སར་དེ་སྔོན་བོད་ཁང་གིས་ཡིག་སྒྱུར་བྱས་པའི་དེབ་རེ་གཉིས་དང་། དེ་མིན་གཞུང་གི་གཟུགས་པོའི་འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་འགྲེལ་བརྗོད་ཤོག་ལྷེབ་ཅིག་ལས་དེ་མིན་བོད་ཡིག་མཐོང་ས་གཅིག་ཀྱང་མི་འདུག

 ༦།

གོང་གི་གནས་སྟངས་དང་མི་འདྲ་བ་འདིར་ཡོང་བའི་བོད་མིའི་རྗེས་རབས་པ་ཚོར་མཚོན་ན་རང་ཁྱིམ་དུ་ཕ་མས་བུ་རྒྱུད་ཚོར་རང་མི་རིགས་ཀྱི་སྐད་དང་ཡི་གེར་གོམས་འདྲིས་བྱ་ཐབས་དང་རིགས་མཐུན་མཉམ་འཛོམས་བྱེད་སར་མང་ཙམ་འཁྲིད་ནས་གོམས་ལོབ་བྱེད་པ་ལས། གཞན་སར་མི་རིགས་ཀྱི་ཡི་གེ་འདི་བསྐོལ་ས་ཧ་ཅང་གུ་དོགས་པོར་ཆག་འདུག འོན་ཀྱང་འདི་ནས་རྗེས་རབས་ཚོར་ཕྱི་ལུགས་ཀྱི་ཤེས་ཡོན་སློབ་གསོ་རག་ཐབས་དང་། ཨིན་སྐད་ཀྱི་སྤུས་ཚད་ལས་ཤེས་བྱ་ཡོན་ཏན་གཞན་ཚང་མ་སྦྱོང་ཆོག་ཅིང་། ཕྱི་ལུགས་ལ་གོམས་འདྲིས་བཅས་ལ་ནི་གལ་ཏེ་སོ་སོའི་བྱིས་པ་ཚོས་འཇོན་སོང་ན་གཞན་དང་དཔུང་པ་མཉམ་གཤིབས་ཀྱིས་ལས་གནས་གལ་ཆེ་ཆུང་གང་འདྲ་ཡིན་ཡང་གོ་སྐབས་དང་དུས་ཚོད་མདང་ངེས་འདུག་པས་ལེགས་ཆ་ཞིག་ལ་མི་བརྩི་རང་བརྩི་རེད།

༧།

གནད་དོན་གཅིག་ནི་ང་ཚོ་བོད་ཀྱི་སྲིད་བཙོར་ཟུར་པ་དང་དེའི་འབྲེལ་ཡོད་འབྲེལ་ཆགས་ཤ་སྟག་ཡིན་པས་ཨོ་གླིང་གི་ཡུལ་མི་ངོ་མར་ཆགས་སོང་ཡང་ཕ་ཡུལ་དུ་ལོག་པར་དཀའ་ཁག་དུ་མ་ཡོད་རབས་ཐོས། དེ་སྔོན་སྒེར་ལ་མཚོན་ན་འདིར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཕ་ཡུལ་དུ་ཉེན་ཁ་མེད་པའི་སྒོ་ནས་འགྲོ་ཆོག་ན་བསམ་པ་དེ་ཡིན་ཡང་། ད་བལྟས་ཡོང་དུས་འདིར་ཅུང་དཀའ་ལས་ཁག་པོ་ཆག་ཡོད་བཟོ་འདུག དེའང་གཙོ་བོ་རྒྱ་ནག་དམར་གཞུང་གིས་འདིར་ཡོད་གཞུང་ཚབ་ཀྱིས་འགག་སྒོ་བཙན་དུ་གཏོང་ངེས་ལ་བརྟེན་ནས་ཡིན་ལ། གཞན་ཡང་མང་པོས་གལ་སྲིད་རྒྱ་ནག་གཞུང་ཚབ་ནས་ངེས་པར་དུ་བླ་མར་མཚན་དམོད་དང་རང་གཞུང་ལ་ངོ་ལོག་དགོས་པའི་ཁེས་ལེན་དགོས་སོགས་བཏོན་ན་དེ་བས་ཕ་ཡུལ་ལ་མི་ལོག་རྒྱུ་ལས་གདམ་ཁ་མེད་ཅེས་ཟེར་མཁན་བྱུང་ཡང་ཞིབ་ཕྲའི་གནས་སྟངས་ཀྱང་རྟོག་དཔྱོད་བྱ་རྒྱུ་མ་བྱུང་།

༨།

ང་ཚོའི་རིགས་འདིར་འབྱོར་ཚད་ལ་ཨིན་སྐད་ཀྱི་ཆུ་ཚད་ཧ་ཅང་ཞན་ཅིང་། མང་ཆེར་གྱིས་རྒྱུན་མཁོའི་ཆེད་ལས་གཞན་དེ་སྔོན་སྦྱང་པ་མེད་པས། འདིར་སླེབས་མ་ཐག་གཙོ་བོ་གཞུང་གི་སྐྱོར་གསོ་དེར་བརྟེན་རྒྱུ་དང་། གཞན་སྔོན་འགྲོའི་ཚུལ་དུ་ཞོར་ལས་ཙམ་འཚོལ་ཐུབ་པ་བྱུང་བ་རིགས་ནི་ཕལ་ཆེར་ཤུགས་ལས་རེད་འདུག འདིར་ལོ་གཉིས་ཡས་སོང་ཟིན་པ་ཚོའམ་ལོ་མང་གནས་སྡོད་བྱེད་མཁན་རིགས་མཐུན་ཚོར་མཚོན་ན་ལས་གནས་ཅུང་གུ་ཡངས་པའི་རིགས་ཏེ། རྒན་འཁོག་གཡོག་བྱ་དང་སྨན་ཞབས། སྐད་སྒྱུར་དང་ཁ་ལོ་བ། མགྲོན་ཁང་དུ་ལས་གནས་སྣ་ཚོགས་སོགས་རེད་འདུག འོན་ཀྱང་རིགས་མཐུན་གྱིས་འཇོན་སོང་ནས་ཨོ་གླིང་གི་གཞུང་ཞབས་ལས་བྱེད་ཚུད་མཁན་ཡོད་མིན་ངས་མ་ཤེས་ལ། དེ་མིན་ཆེད་ལས་འཇོན་ཐང་ཅན་འདི་རེད་ཟེར་བ་གྲགས་ཅན་དེ་འདྲའང་ཡོད་བཟོ་མ་ཐོས་པས་འདིར་སླེབས་མ་ཐག་ཏུ་ཤར་ལྷོ་ནུབ་བྱང་ཁ་ཕྱོགས་ཀྱང་དེ་ཙམ་གསལ་ཁ་མེད་སྟབས་ཁ་ཚོན་བཅད་དེ་དེ་འདྲ་ཡོད་མ་རེད་ཟེར་མི་ཕོད། ང་ཚོ་བོད་རིགས་ཚོས་ངེས་པར་དུ་འཛམ་གླིང་གནས་སྟངས་སྤྱི་དང་། ཉུང་མཐའ་ཡང་རྒྱལ་ཁོངས་རང་དུ་ཆབ་དཔལ་རིག་གསུམ་དུ་གྲོས་མགོར་སླེབས་མཁན་ཡང་མི་འདུག་བསམ་ནས་ང་རང་ཡིད་མུག་པའི་ཚོར་བ་རང་བཞིན་གྱིས་སྐྱེ་ཡོང་གི་འདུག དེ་མིན་ཤུགས་ལས་ཁོ་ནར་མཚོན་ནའང་། དེ་ལེགས་པོ་ཞིག་འཁྱོང་མིན་གདམ་ཁ་ཙམ་ཡང་མེད་པར་ཤུགས་ལས་ཀྱི་ལས་ཀ་འདིར་མཐོང་ཆུང་དང་དམའ་སར་འཛིན་མཁན་མེད་པར་ལས་གནས་ཚང་མར་གཅིག་མཚུངས་ལྟ་སྟངས་འཛིན་པ་ཡིན་འོས་ཀྱང་གྲོང་ཁྱེར་འདིའི་ནང་དུ་རང་སོ་སོས་གང་འདོད་ཀྱིས་གདམ་ཁ་དང་བརྗེ་བསྒྱུར་བྱེད་ཆོག་ཆོག་རྩ་བ་ནས་མི་འདུག

 ༩།

དེ་མིན་དགོད་བྲོ་ཞིང་ཁྱད་མཚར་བའི་གནས་སྟངས་ཤིག་འདིར་བཤད་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་། དེའི་འབྲེལ་ཡོད་འབྲེལ་ཆགས་འདིར་ཐོག་མར་སླེབས་པའམ་ངས་ངོ་ཤེས་པ་ཚོ་མང་ཆེར་འདིར་སྔ་ཕྱིའི་འབྱོར་མཚམས་མི་གཅིག་པའི་རྒྱ་མིའི་ཁང་པའི་ནང་སྡོད་ཡོད། ང་རང་ཡང་གནས་ཚང་དུ་ཕྱིར་སྤོས་རྗེས་གང་ས་གང་ལ་ངོ་ཤེས་དང་གྲོགས་པོ་འཚོལ་ནས་ཁང་པ་ཞིག་ཨེ་རག་བལྟས་མཐར་རྒྱ་ནག་སྐམ་ས་ཆེན་པོ་ནས་ཨོ་གླིང་དུ་འབྱོར་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་སོང་བའི་བཟའ་ཚང་གཅིག་གི་ཁང་པ་གླས་ཡོད། དེའི་ནང་ད་དུང་བོད་པ་ཁེར་རྐྱང་གཞན་ཞིག་དང་། ཨིན་སྐད་མ་གཏོགས་རྒྱ་སྐད་ཀྱང་དེ་ཙམ་མི་རྒྱག་མཁན་གྱི་རྒྱ་མི་ཞིག་ཀྱང་ཡོད། མང་པོ་རྒྱ་མིའི་ཁང་གླ་གཏོང་བའི་ནང་གནས་སྡོད་བྱེད་པ་དང་། དེའང་མང་པོས་མི་གཉིས་ཡས་མཉམ་རུབ་ཀྱིས་ཁང་གླ་སྤྲོད་ནས་བསྡད་ཡོད། དེ་ཙམ་མ་ཟད། ཐོག་མར་སླེབས་པའི་རིགས་མཐུན་ཚོས་སྲིད་གཞུང་གི་རོགས་སྐྱོར་དངུལ་དེ་ཙམ་ལ་མ་བརྟེན་པར་གཞན་ཡོང་འབབ་ཏོག་ཙམ་རག་ཐབས་བྱེད་པར་ཆ་རྐྱེན་དང་ལས་སྟབས་བདེ་ཤོས་ནི་རྒྱ་མིའི་ཟས་ཁང་དུ་ཕོར་པ་འཁྲུ་རྒྱུ་དང་དེ་འབྲེལ་གྱི་ཤུགས་ལས་བྱེད་རྒྱུ་འདི་རེད་འདུག གནས་སྟངས་འདི་ནི་ངུ་མ་དགོད་ཀྱི་གནས་སྟངས་ཁྱད་མཚར་ཞིག་རེད། ངོ་ཤེས་ལ་ལས་ད་ཡིན་ན་དེ་སྔོན་རྒྱ་མི་འདི་ལས་དགྲ་མེད་བསམ་པ་ཡིན་ཡང་། འདིར་སླེབས་ནས་ད་དུང་ཡང་སྐྱབས་བཅོལ་ས་རྒྱ་མི་རེད་འདུག དེ་བས་འདིར་འབྱོར་བའི་རྒྱ་མི་མང་ཆེར་རྒྱ་ནག་ཀཱོང་ཏུང་དང་ཀཱོང་ཀྲོའོ་ནས་ཡིན་བཟོ་འདུག་པས་ང་ཚོ་བོད་མིའི་དབར་འཆམ་མཐུན་ངང་གནས་པ་ལས་སྡང་གཟུགས་དེ་ཙམ་མེད་པ་ཚོར་སོང་། ང་རང་ས་གནས་ཁ་ཤས་ལ་བོད་པའི་ཕོར་པ་འཁྲུ་ས་དང་ལས་ཀ་བྱེད་སའི་ཁོར་ཡུག་ཏུ་ལྟ་ཙམ་བྱེད་དུ་འགྲོ་བསམ་ཡང་དུས་ཁོམ་མ་བྱུང་། ཡིན་ཡང་ངོ་ཤེས་ཚོས་འདིར་སླེབས་ནས་མགོ་སེར་ཚོ་ལས་རྒྱ་མི་འདི་ཚོ་དང་སེམས་ཐག་ཉེ་རབས་སོང་བའི་སྐོར་ཡང་བཤད་མཁན་གཅིག་གཉིས་བྱུང་། ཡིག་ངོ་ཙམ་མི་འཕྲོད་ཅིང་ཟ་སྐད་འཐུང་སྐད་ཙམ་ལའང་གོ་བརྡ་མི་འཕྲོད་མཁན་ངའི་ངོ་ཤེས་མང་པོ་ཞིག་ཁང་པ་གླ་ས་དང་ལས་ཀ་བྱེད་ས་རྒྱ་མི་སར་རེད་འདུག

༡༠།

འདིར་འབྱོར་སྔ་བའི་ནང་ཕྱུག་བདག་རེ་ཟུང་དང་དཔལ་འབྱོར་འགྲིག་ཐག་ཅོད་འགའ་ཤས་ཡོད་པ་མཐོང་། ཡིན་ཡང་ཁོང་ཚོས་ཀྱང་སྒེར་ཁང་ཉོ་ཐུབ་པ་དཔལ་འབྱོར་རང་རྐྱ་འཕེལ་ངེས་ལས་གཞན་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལས་འཆར་དེ་འདྲ་ཡོད་བཟོ་མི་འདུག འོན་ཀྱང་ངེས་པར་དུ་ཁེས་ལེན་དགོས་པ་ཞིག་ནི་འདིར་འབྱོར་བའི་ནང་ནས་མང་པོས་ཕ་ཡུལ་དུ་ཕ་མ་སྤུན་མཆེད་དང་། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་སྤུན་རྣམས་ལ་དངུལ་དངོས་ཀྱིས་ཕན་རོགས་གང་ཐུབ་བྱ་བ་འདི་རེད། དེ་བས་འདིར་ལུགས་བཟང་ཞིག་དར་ཡོད་པ་ནི་ཕ་ཡུལ་དུ་ནད་གཅོང་དང་སྨན་རིན་སྤྲོད་མི་ཐུབ་མཁན་ཚོར་འདིར་ཡོད་པའི་ཕ་ཡུལ་གཅིག་པའི་ངོ་ཚབ་ལྟ་བུས་འགན་འཁྱེར་ནས་རོགས་དངུལ་བསྡུ་རོགས་བྱེད་རོགས་བྱེད་པ་འདི་དངུལ་དངོས་དགོས་སར་རག་གཏེན་འཁེལ་མིན་སྐོར་ཐེ་ཚོམ་ཅུང་ཡོད་སྲིད་ཀྱང་སྤྱིར་ན་དགེ་ལས་བཟང་པོ་ཞིག་རེད་འདུག་ལ། འདིར་འབྱོར་བ་མང་ཆེར་གྱིས་ཕན་ངེས་ཀྱི་བྱ་བ་སྒྲུབ་ཐུབ་པ་ཡང་འདི་རེད་འདུག ཨོ་གླིང་རང་དུ་དཔལ་འབྱོར་གྱི་འཁོས་ཞན་ལོས་དང་བཟང་ལོས་ཀྱི་ཁྱད་པར་ཞིག་ཡོད་ངེས་ཀྱང་། ང་ཚོས་ཕན་རོགས་གཙོ་བོ་དགོས་ས་ནི་ཤར་གླིང་གི་ཡུལ་གྲུ་ཁག་ཏུ་ཡོད་པའི་རིགས་མཐུན་སྤུན་ཟླ་རྣམས་ཡིན་པས་ཉུང་མཐའ་ཡང་ཉིན་ལྟར་ཕོར་པ་ཆུ་ཚོད་དྲུག་ཡས་ཙམ་འཁྲུ་ནས་བསྡད་མཁན་ཞིག་ཡིན་པའི་དབང་དུ་སོང་ཡང་། འགྲོན་ཆུང་ལེགས་པོ་བྱས་པའམ་ཧུར་བརྩོན་གང་ཐུབ་བྱེད་ཐུབ་མཁན་ཚོས་ལོ་རེར་ཨ་སྒོར་ཁྲི་གཅིག་མ་ཟིན་ཙམ་བསགས་ཐུབ་ཀྱི་ཡོད་ལུགས་གོ་ཐོས་བྱུང་སོང་།

 ༡༡།

ཨོ་གླིང་སྲིད་གཞུང་ནི་ང་ཚོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོར་མཚོན་ན་ངོ་མ་བཀའ་དྲིན་ཧ་ཅང་ཆེ་བ་ཞིག་རེད། འདིར་ཡོང་བའི་སྐྱབས་བཅོལ་བའི་ནང་ང་ཚོ་ནི་དམིགས་བསལ་བའི་སྐྱབས་བཅོལ་དུ་བརྩིས་པ་མ་ཟད། དེ་མིན་གཞན་སྐྱབས་བཅོལ་ཡོང་མཁན་མང་པོའི་ནང་ནས་ང་ཚོར་དམིགས་བསལ་གྱི་ཐོབ་ཐང་གཞན་ལས་མང་བ་འདུག དེའང་ཐོག་མའི་དུས་སུ་སྲིད་གཞུང་གིས་གོ་བསྒྲིགས་བྱས་པ་ལྟར་སྐད་ཡིག་སློབ་སྦྱོང་དང་ཆེད་ལས་ཟབ་སྦྱོང་སྣ་ཚོགས་སུ་བཞུགས་དགོས་པ་འདི་རེད། སློབ་སྦྱོང་བྱེད་བཞིན་པའི་གོ་རིམ་ནང་ཆུ་ཚོད་ལྔ་བརྒྱ་བཅུ་ནི་རིན་མེད་ཀྱིས་སྦྱོང་ཆོག་པ་དང་། དེ་མིན་ཆུ་ཚོད་བརྒྱད་བརྒྱ་ཞིག་བསྐྱར་དུ་ལེན་ཆོག་པ་དེ་ལའང་སློབ་ཡོན་བརྒྱ་ཆ་ཧ་ཅང་ཉུང་ཉུང་ལས་སྤྲོད་མི་དགོས་པ་རེད་འདུག དེའི་རིང་ལ་ཆེད་ལས་ཟབ་སྦྱོང་སྣ་ཚོགས་ལྟེ་གནས་འདིར་སྦྱོང་ས་འདུག་ཅིང་། ངོ་ཤེས་མང་པོའི་ནང་ནས་རྒན་གསོ་ཁང་དུ་གཡོག་བྱའི་རིགས་དང་དབང་པོ་སྐྱོན་ཅན་ལ་གཡོག་བྱའི་རིགས་ཀྱི་ལས་ཀ་འདི་ཅུང་ཡག་པོ་འདྲ་མཐོང་སོང་། དེ་མིན་སྤྱིར་ན་མང་པོས་ཕྱི་སྐད་མི་ཤེས་པས་སྲིད་བཙོན་མང་ཆེར་དར་གཞོན་ཚོད་དུ་ཡིན་སྟབས་སློབ་གྲྭར་རྒྱུན་གཏན་དུས་ཚོད་གཏན་འབེབས་ལྟར་འགྲོ་མི་ཐུབ་ཅིང་། དུས་མཚུངས་སུ་དབུས་འབྲེལ་མཐུད་ཁང་གི་རོགས་དངུལ་ལེན་བཞིན་པ་རེད་འདུག དེ་མིན་ལས་ཀ་ཉིན་གང་ལས་མཁན་ནམ་གཞུང་ལ་དཔྱ་དངུལ་འབུལ་ཐུབ་མཁན་རིགས་ཡོད་བཟོ་འདུག་པ་འདི་ཚོའི་རིགས་ནས་སྲིད་གཞུང་གི་རོགས་དངུལ་དེ་མཚམས་བཞག་ཚར་བའི་གྲལ་རེད་འདུག གོང་སོང་ལྟར་རོགས་དངུལ་ལེན་ནས་ལོ་ངོ་བརྒྱད་ཙམ་ཟིན་མཁན་འདུག་ལ། དེ་བས་མང་བའི་རིགས་ཀྱང་ཡོད་པ་གོ་ཐོས་བྱུང་། དཔྱ་དངུལ་འབུལ་མི་ཐུབ་མཁན་ཚོས་གཟུགས་པོ་བདེ་ཐང་ཡིན་ཚེ་ཤུགས་ལས་ཁོ་ནའི་ལས་ཀ་བྱེད་ཅིང་དེ་ནས་ལག་དངུལ་ཡང་ལེན་ཏེ་ཡོང་འབབ་ཅིག་ཡོད་ཀྱང་འདི་རྒྱལ་ཁབ་ཀྱི་དཔྱ་དངུལ་འབུལ་འབབ་ལ་བསྟུན་མི་དགོས་པ་རེད་འདུག འོན་ཀྱང་དུས་མཚུངས་སུ་མ་འོངས་པར་དཔྱ་དངུལ་འབུལ་སྡོད་མཁན་ཚོ་ལྟ་བུ་མི་ཚེའི་ནང་ཐོབ་ཐང་གཞན་མང་པོ་ཞིག་ཀྱང་མེད་པ་ནི་ཡིན་ལུགས་ཚུལ་མཐུན་གྱི་གནས་སྟངས་ཤིག་ལ་མཐོང་སོང་།

 ༡༢།

སླར་ཡང་གུས་མོས་འདིར་ཨོ་གླིང་རྒྱལ་ཁབ་འདིས་ངེད་བོད་པའི་སྲིད་བཙོན་དང་དེའི་འབྲེལ་ཡོད་འབྲེལ་ཆགས་ཚོར་བཀའ་དྲིན་བླ་མེད་འདིར་དྲིན་གསོ་དང་སྦྲགས། ང་ཚོ་འདིར་གསར་འབྱོར་སྐབས་སུ་ཁང་པ་གླས་མ་ཐག་སྲིད་གཞུང་གིས་སོ་སོའི་ནང་གི་སྒོ་འགྲམ་དུ་དགོས་མཁོ་ཆེ་བའི་ཉལ་ཆས་དང་ཐབ་ཆས། བརྙན་འཕྲིན་དང་ཆག་སྒམ། མཐའ་ན་ཕྱག་མ་ཚུན་ཆད་ཀྱི་རྒྱུན་སྤྱོད་ཅ་དངོས་ཡོངས་རྫོགས་སྒོ་འགྲམ་དུ་བསྐྱེལ་ཡོང་གི་འདུག་ལ། གལ་ཏེ་སོ་སོའི་ཁྱིམ་ངོ་མར་སླེབས་སོང་ནའང་འདི་ཙམ་ལས་བྱེད་རྒྱུ་ཅི་ཡོད་བསམ་པ་ལྟར་རེད།  ང་ཚོར་ཁྱིམ་མི་ཐབས་ཆག་ལས་ལྷག་པ་རོགས་དངུལ་དང་གང་ས་ཅིའི་ཐད་ལ་ལྟ་རྟོགས་མཛད་པ་འདི་དུས་ནམ་ཡང་དྲན་ཤེས་ཤིང་དགའ་བ་སྒོམ་དགོས། དེའང་ལེགས་པོའི་ཕན་རོགས་ལ་དྲིན་ལན་ལོག་མཇལ་མིན་པར་རྒྱལ་ཁབ་འདིའི་ལེགས་པའི་ཁྲིམས་ལ་བརྩི་སྲུང་དང་། ང་ཚོ་ནང་པ་ལྟར་ན་ལས་རྒྱུ་འབྲས་ཚུལ་བཞིན་སྲུང་སྟེ་གཞན་ཕན་གྱི་བྱ་བཞག་ལ་གཞོལ་གང་ཐུབ་དང་། ཉུང་མཐའ་ཡང་ཡིན་ལུགས་ཚུལ་མཐུན་གྱི་མི་ཚེ་དོན་ལྡན་ཞིག་བསྐྱེལ་ན་ཨོ་གླིང་རྒྱལ་ཁབ་ཀྱི་དྲིན་འདི་ལ་དྲིན་གསོར་འགྲོ་ངེས་ལ། ང་ཚོའི་མི་རིགས་འདིའི་བདེན་དོན་དང་ལ་རྒྱ་ཡིད་ལ་འཆང་བཞིན་རྩ་བའི་བླ་མའི་བཀའ་ལྟར་མི་བཟང་པོ་ཞིག་བྱེད་རྒྱུ་འདིའང་ནུབ་གླིང་ཡུལ་གྲུ་གང་སར་སླེབས་ཟིན་པའི་ངེད་གངས་ཅན་པའི་དོན་སྙིང་ལྡན་པའི་འོས་འགན་རླབས་ཆེན་ཞིག་རེད་དྲན་བཞིན་ཟིན་བྲིས་འདི་སློབ་སྦྱོང་དང་ས་རྒྱུས་ཡུལ་རྒྱུས་དེ་ཙམ་མ་ལོན་པའི་དུས་སུ་གུས་མོས་ཟིན་བྲིས་སུ་ཞུ་དག་སོགས་གང་ཡང་མེད་པར་ཤར་མར་འདིར་བཀོད་པའོ།

ཕྱི་ལོ་ ༢༠༡༦། ཟླ་ ༧ ཚེས་ ༡༢ ཉིན་ཡུལ་གྱར་གྱི་ཨོ་གླིང་སཱིད་ཉི་གྲོང་ནས་བྲིས། 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -