ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.05.2016 23:11:05
ཟླ་བ་ཕུར་བུ།

རྩོམ་པ་པོ།    འབའ་པ་སྐལ་བཟང་འཕྲིན་ལས།
            དེ་རིང་ས་ག་ཟླ་བའི་བཅོ་ལྔའི་ཉིན་མོར་ཕྲན་དང་རོགས་པ་ཞིག་དང་འགྲོགས་ནས་རང་དགོན་དང་འདབས་ཉེ་བའི་རྒྱ་གར་གྲོང་སྡེའི་ནང་དུ་སོང༌། གྲོང་དཀྱིལ་ལམ་ཁའི་གསུམ་མདོར་ཡོད་པའི་Dr .ambedkar ཊོག་ཊ་ཨམ་བྷེ་ཀར་གྱི་རྡོ་སྐུའི་མདུན་རྒྱ་གར་བ་བཅུ་ཡས་མས་ཤིག་རུབ་ཏེ་ཅི་ཞིག་བྱེད་ཀྱི་འདུག  ངེད་གཉིས་དེར་འབྱོར་བ་དང་"་བླ་མ་ལགས།འདིར་ཕེབས་རོགས།སྟོན་པའི་འཁྲུངས་སྐར་རྟེན་འབྲེལ་མཉམ་རོལ་བྱ་རོགས་"ཟེར་ཞོར་མེ་ཏོག་འགའ་འགའ་སྤྲད་སོང༌།


རྡོ་སྐུའི་མདུན་སྟོན་པའི་སྐུ་པར་ཞིག་བཤམ་ཞིང་མེ་ཏོག་དཀར་སེར་གྱི་ཕྲེང་བ་ཞིག་བསྐོན་འདུག་པ་དང༌། ཅུང་རྗེས་ནས་སྐུ་པར་གྱི་མདུན་ཡང་ལཱ་འགའ་སྤོར་བ་དང་སྤོས་ཆག་པ་ཞིག་ལ་མེ་སྒྲོན་ཏེ་གང་སར་བདུག་སོང༌། དེ་ནས་མི་ཚང་མས་ལག་པ་ཐལ་མོ་སྦྱར་ཙམ་འགའ་བྱེད་ཞོར་ལག་ནང་གི་མེ་ཏོག་དག་རྡོ་སྐུ་དང་སྟོན་པའི་སྐུ་པར་ལ་གཏོར། ཁོ་བོས་སྤོས་སོགས་བཤམ་རྗེས་ཆོ་ག་འགའ་འམ་ཡང་ན་སྐྱབས་འགྲོ་འདྲ་འདོན་འོང་བསམ་མོད་དེའི་རྗེས་དེར་འདུས་མི་དག་ལ་མངར་ཟས་རེ་བགོ་འགྲེམས་བྱས་རྗེས་ས་ག་ཟླ་བའི་མཛད་སྒོ་གྲོལ་སོང༌།

རང་རེའི་བོད་ལྟ་བུར་མཚོན་ན་ནང་ཆོས་ཀྱི་རྣམ་གཞག་གང་ཡང་གོ་རྟོགས་མེད་པའི་ཞིང་འབྲོག་ས་ཁུག་དག་ལ་ཡང་ཕ་མེས་ནས་བརྒྱུད་་པའི་ཤ་སིམ་རུས་ལ་ཐིམ་པའི་ཆོས་ལུགས་ཀྱི་བག་ཆགས་དབང་གིས་མ་ཎི་སྒྲོལ་མ།སྐྱབས་འགྲོ་སོགས་"སྤྱི་ཚོགས་ཀྱི་ཆོས"དག་མ་བསླབ་རང་ཆས་སུ་ཀླད་པར་ཐིམ་ཡོད། ས་ག་ཟླ་བས་མཚོན་པའི་ཆོས་ཀྱི་འདུ་འཛོམས་སར་མ་ཎི་སྒྲོལ་མ།སྐྱབས་འགྲོ་སོགས་ཆོས་ཀྱི་འདོན་དབྱངས་འ་འུར་ལྡིར་འགྲོ།
     འོན་ཏེ་རྒྱ་གར་ནང་པའི་སྡེ་ཁག་འདི་དག་ལ་ཁག་ཅི་ཡོད།ཁོ་ཚོར་ཆོས་ལུགས་ལམ་སྟོན་གྱི་སློབ་དཔོན་ནམ་ཡང་ན་གྲྭ་བ་བླ་མ།དགེ་རྒན་དམིགས་བསལ་མེད་ལ། ནང་པར་འགྱུར་བའི་བརྒྱུད་རིམ་ཡང་ཐུང་ཐུང་ཡིན་སྟབས་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ཀྱི་བག་ཆགས་ཀྱང་མཐུག་པོ་མེད་པས་"སྤྱི་ཚོགས་ཀྱི་ཆོས་ལུགས" ཙམ་ཡང་མ་འཁྱོངས། དེའི་དབང་གིས་ཐ་ན་ནང་པའི་འཇུག་སྒོར་སྐྱབས་འགྲོའི་ནང་དོན་ལྟར་ཞོག་ངག་སྐྱོར་ཙམ་ཡང་ཤེས་ཀྱི་མི་འདུག
    དེའི་ཕྱིར་ཆེན་པོ་རྒྱ་གར་བའི་མི་སྡེ་འདི་དག་ནི་རྟགས་ཙམ་འཛིན་པའི་ནང་པའམ། ཡང་ན་"ཆེས་མཐའ་མཇུག་གི་་རྒྱ་གར་བའི་ནང་པའང་"རེད་ཅེས་བརྗོད་ཆོག

  འོ་ན་"ཆེས་མཐའ་མཇུག་གི་ནང་པའི་སྡེ་"འདི་ཇི་ལྟར་བྱུང་བའི་སྐོར་བརྗོད་ན། སྤྱིར་སྟོན་པ་ཞལ་བཞུགས་དུས་ཁོང་གི་རྗེས་སུ་ཞུགས་པའི་རྒྱ་གར་བའི་མི་སྡེ་འབོར་ཆེན་བྱུང་བ་ཡོད་པ་སྨོས་མི་དགོས་ཤིང༌།ཁོང་གི་རྗེས་བྱུང་མཁས་པ་དག་གི་དུས་སྐབས་སུ་ཡང་རྗེས་ཞུགས་ཀྱི་མི་སྡེའི་ས་ཁྱོན་ཡང་རྒྱ་ཆེན་པོ་གྱུར་ཏེ།རིམ་པས་རྒྱལ་མཚམས་ལས་བརྒལ་ཞིང་ཨེ་ཤེ་ཡའི་ཤར་ནུབ་ཡུལ་གྲུབ་ཀུན་ལ་ཁྱབ་རྒྱ་ཆེན་པོར་གྱུར།སྐབས་དེ་ཤེད་ན་རྒྱ་གར་བའི་ཡུལ་དུ་མཐོ་རྒྱལ་པོའི་མན་ནས་དམའ་སྤྲང་པོའི་ཡན་གྱི་མི་སྡེའི་གློ་སྙིང་བཅོལ་ས་གཙོ་བོ་དེ་ཡང་ནང་བསྟན་ཆོས་ལུགས་ཆགས་མྱོང༌།

    འཕེལ་རྗེས་འགྲིལ་པར་བྱ་དངོས་ཚང་མའི་ཐུན་མོང་བའི་ཟླ་མཚུངས་བཞིན་དར་རྒྱས་རྩེ་མོར་སོན་པའི་ནང་བསྟན་ལ་ཡང་མུ་སྟེགས་པས་དགྲ་ལན་མང་བརྒྱབས་ཏེ་ནང་པའི་ལུང་སྡེ་དང་དགོན་སྡེ་མང་པོ་རྩ་གཏོར་བཏང་ནས་ཉམ་ང་བའི་རྒུད་པ་ཆེན་པོ་བཟོས།དེ་ལྟར་ནའང་བཤིག་རིམ་བཞིན་གསོ་རིམ་གྱིས་དོན་རྐྱེན་དེ་དག་ཁྲོད་ནང་བསྟན་ཉམས་དམས་སུ་བཏང་བ་ལས་གཏན་མེད་དུ་བཏང་ཐུབ་རབས་བྱུང་མེད།

         དེའི་རྗེས་དུས་རབས་བཅུ་གཉིས་པར་ནང་བསྟན་རྨང་ནས་གཏོར་བའི་སྙིང་ལ་ཚ་གཟེར་ཐེབས་དགོས་པའི་སྐབས་དུས་སྐྱུར་མོ་ཞིག་བྱུང་ཡོད་པ་སྟེ། ཨ་རབ་ནས་Islam ཨི་སི་ལམ་ཆོས་ལུགས་རྒྱ་བསྐྱེད་རིང་ལུགས་པས་ཆོས་རྒྱ་ཁྱབ་ཆེད་རྒྱ་གར་དུ་དམག་དྲངས་ཏེ་ནང་པའི་རྒྱལ་པོ་དག་བཀྲོངས་ཤིང་དགོན་སྡེ་ཚང་མ་གཏོར་སྐྱོན་དང་ཡུལ་ཁོག་ཚང་མ་བཅོམ་རྗེས་བཙན་ཤེད་ཀྱིས་ཡུལ་དེ་པ་རྣམས་ཨི་སི་ལམ་Islam གྱི་རྗེས་འཇུག་པར་བྱས་བཅུག   
       ནང་པའི་ཆོས་ལུགས་ལ་ཟབ་རྒྱས་ཀྱི་རྣམ་གཞག་དང༌། གསུང་རབ་གླེགས་བམ་ཤིན་ཏུ་མང་བར་བརྟེན་མི་སྡེ་གང་དག་གིས་ཆེད་ལས་སུ་བྱས་ནས་འཛིན་སྐྱོང་དང་ཁྱབ་སྤེལ་བྱས་ཏེ་རྒྱུན་མཐུད་དགོས་པ་ཞིག་ལས་ཆོས་ལུགས་གཞན་ལྟར་བྱིངས་གནས་སྤྱི་ཚོགས་ཀྱིས་ཉར་ཚགས་བྱས་མི་ཐུབ་པས་དགོན་སྡེ་གཏོར་བཅོམ་བྱས་རྗེས་ནང་ཆོས་ཀྱི་ནུས་པ་ཡང་རང་འགུལ་ངང་ཉམས་དམས་སུ་འགྱུར་འགྲོ། དེའི་ཕྱིར་རྒྱ་གར་དུ་དགོན་སྡེ་གཏོར་བཅོམ་དང་རབ་བྱུང་སྡེ་རྩ་མེད་དུ་བཏང་རྗེས་ནང་པའི་སྡེ་དེ་རིམ་བཞིན་དབུགས་ལྷེབ་ལྷེབ་ཀྱི་ངང་ཉིད་ནས་ཐ་མར་དབུགས་ཀྱི་རྒྱུ་བ་གཏན་དུ་ཆད།

    དེའི་རྗེས་Islam ཨི་སི་ལམ་གྱི་བཙན་དབང་རིང་ལུགས་ཅུང་གུ་ཡངས་ཀྱི་གོ་སྐབས་རེ་ཐོབ་ཡོང་དུས་ནང་པའི་ཆོས་ལུགས་ལ་སྦྱང་པ་ཅན་ཚང་མ་མེད་པར་བཏང་ཟིན་སྟབས་ནང་ཆོས་བསྐྱར་དར་གྱི་ལམ་བུ་གཏན་དུ་འགགས་ཟིན།  ད་དུང་གནད་དོན་གཞན་ཞིག་ནི་ཧིན་རྡུ་དང་ནང་པ་བར་འདྲ་མཚུངས་མང་བ་དང་སྟོན་པ་གཉིས་ཕན་ཚུན་སྤྲུལ་པ་ཡིན་རབས་སོགས་ཀྱི་ལྷ་སྒྲུང་ཡང་མང་བ་དང་ད་དུང་དེ་ལ་སོགས་པའི་གནས་སྟངས་མང་པོའི་འོག་ལྷག་ལུས་ནང་པའི་རྗེས་འཇུག་འགའ་ཡོད་པ་དག་ཀྱང་ག་ལེར་ཧིན་རྡུའི་ནང་ཐིམ། དེ་ནས་བཟུང་ཡུལ་དེར་སྟོན་པ་ཞལ་བཞུགས་སྐབས་ཀྱི་ནང་པ་དག་གི་རྗེས་མཐུད་པའི་མི་རབས་དག་ཐག་པ་བཅད་པ་བཞིན་གཏན་ཆད་དུ་གྱུར། དེ་ནས་དུས་རབས་ཉི་ཤུ་པའི་འགོ་སྟོད་རྒྱ་གར་དུ་Dr .ambedkarཌོ་ཀ་ ཨམ་བྷི་ཀར(1891___1956)་ཞེས་པའི་མཁས་པ་ཞིག་བྱུང༌། ཁོང་ཧིན་རྡུའི་ཆོས་ལུགས་པས་རིགས་དམན་པར་བརྩི་སའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས།ན་ཆུང་དུས་སློབ་འཇུག་སྐབས་ནས་རིགས་རུས་མཐོ་དམན་དབྱེ་འབྱེད་ཁྲོད་དཀའ་ཚེགས་ཆེན་པོའི་ངང་ནས་བསླབ་པ་མཐར་སོན་ཏེ་(རིགས་དམན་པའི་ནང་སློབ་འཇུག་མཁན་ཐོག་མ་དེ་ཁོང་ཡིན་འདུག)མཁས་པར་ཆགས། དེ་ནས་ཁོང་གིས་ནང་པའི་དཔེ་དེབ་མང་པོ་བཀླགས་རྗེས་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལུགས་ལྟ་གྲུབ་ཀྱི་ཟབ་ཁྱད་དང༌། རིགས་རུས་ཆོ་འབྲང་གི་དབྱེ་གསེད་མེད་པར་སེམས་ཅན་ཀུན་ཁྱབ་རང་བཞིན་གྱི་སྙོམས་པའི་སྙིང་རྗེའི་སྐོར་ཤེས་རྗེས་རང་ཉིད་ནང་པའི་སྒོར་ཞུགས། དེ་ནས་ཞེས་པའི་དཔེ་དེབ་ཞིག་བརྩམས་ཤིང༌།བླ་མའམ་ཆོས་དཔོན་ཞིག་གི་གོ་བབ་འོག་མང་ཚོགས་ལ་གསུང་ཆོས་ཀྱང་ཐེངས་མང་གནང༌། སྐབས་དེར་ཁོང་ལ་བྱང་ཆུབ་སེམས་དཔའ་ཞེས་པའི་མཚན་སྙན་ཡང་ཐོབ།  དུས་མཚུངས་ཧིན་རྡུའི་རིགས་དམན་པར་བརྩིས་པའི་མི་འབུམ་ཕྲག་མང་པོ་ཁོང་གི་རྗེས་སུ་འབྲངས་ཏེ་ནང་པའི་ཆོས་ལུགས་ཀྱི་དད་འབངས་སུ་ཞུགས།

      དེའི་རྗེས་༡༩༥༦ལོར་Dr .ambedkar་་ཨམ་བྷེ་ཀར་གཤེགས་ཤིང༌།ཁོང་གཤེགས་རྗེས་གསར་འགྱུར་ནང་པ་དག་ལ་ཆོས་སྟོན་པའི་འགོ་ཁྲིད་མེད་པར་གྱུར་ཞིང༌། དེའི་ཐོག་ཁོང་ཚོ་རིགས་དམན་པ་ཡིན་པའི་བདག་ཉིད་ལ་བརྙས་པའི་འདུ་ཤེས་དབང་གིས་"རང་བཀུར་གྱི་སྤོབས་པ་"གཏན་ནས་མེད་པས་ཆོས་ལུགས་དང་ཤེས་ཡོན་སྡིངས་ཆ་གང་གི་སྟེང་དུའང་ཧ་ལམ་མངོན་རྒྱུ་མེད་ལྟ་བུར་གྱུར། mbedkarཨམ་བྷེ་ཀར་གཤེགས་ཟིན་པའི་དུས་དེང་སང་ཡང་འབུམ་ཚོའི་ཁ་གྲངས་ལོངས་པའི་མི་སྡེབས་ནང་བསྟན་སྒོར་ཞུགས་པ་ཡོད་མོད། མགོར་ཆོས་དཔོན་མེད་པ་དང༌། མཇུག་འབངས་མིར་རང་བཀུར་གྱི་སྤོབས་པ་མེད་པས་མི་སྡེ་དེ་རྟགས་ཙམ་འཛིན་པའི་ནང་པར་རང་སོར་གནས་ཡོད།

  ཡང་གཅིག་བཤད་ན་ནང་པའི་འཇུག་སྒོར་སྐྱབས་འགྲོའི་གོ་དོན་དང་སྐྱེ་བ་སྔ་ཕྱི་ལས་འབྲས་ཀྱི་རྣམ་གཞག་ལ་གོ་རྟོགས་སད་པ་ལྟར་ཞོག་དེ་དག་ལ་ཡིད་ཆེས་འཕེར་བའི་"སྤྱི་ཚོགས་ཆོས་ལུགས་"ཀྱི་གོ་རྟོགས་ཀྱང་མེད་ཅིང༌། ཕྱི་ནང་གི་བསྟན་པའི་ཁྱད་པ་སོགས་གང་ཡང་མི་ཤེས་པས་ཕྱི་ནང་གི་ཆ་ལུགས་དག་ཀླད་པར་ཉ་ཉུང་ལྷན་བསྲེས་ནས་བསྡད་ཡོད། ཐ་ན་གོང་བརྗོད་བཞིན་སྐྱབས་འགྲོ་སོགས་"སྤྱི་ཚོགས་ཀྱི་ཆོས་ལུགས་"དག་ཀྱང་རྒྱ་ཁྱབ་རང་བཞིན་དུ་ངག་འདོན་བྱ་མི་ཤེས།  ད་དུང་བསྟན་པ་དང་སྟོན་པའི་ཆེ་བ་དང་བྱུང་བའི་རབས་སོགས་མི་ཤེས་སྟབས་ཁོང་ཚོས་སྟོན་པ་ཤཱཀྱ་ཐུབ་པ་ལས་ལྷག་པར་Dr .ambedkarཊོག་ཌ་ཨ་བྷི་ཀར་ལ་དཀོན་མཆོག་གི་གོ་གནས་མཐོ་བར་ངོས་འཛིན་གྱི་ཡོད།
   དེས་ན་དེང་གི་སྐབས་ནང་བསྟན་ཕ་ས་རྒྱ་གར་སྐམ་ས་ཆེན་མོ་འདིར་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་པའི་ཧི་མ་ལའི་རིགས་བརྒྱུད་དང༌། ཤི་རི་ལངྐ་ནས་བརྒྱུད་པའི་འཕགས་པ་གནས་བརྟན་སྡེ་པའི་རྒྱུན་འཛིན་པའི་སྡེ་ཁག་མ་གཏོགས་གོང་བརྗོད་ཁ་གྲངས་མང་བའི་སྡེ་དེར་ད་ལྟའི་ཆར་ནང་བསྟན་འཛིན་སྐྱོང་ཁྱབ་སྤེལ་གསུམ་ལ་རེ་བ་བཅོལ་སའི་གནས་ཤིག་མེད་དོ།། ༢༠༡༦/༥/༢༡ས་ག་ཟླ་བའི་ཉིན་མོར་བྲིས།   ༢༠༡༦/༥/༢༢ཉིན་བསྐྱར་བཅོས་བྱས།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -