ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.05.2016 00:00:23
ཟླ་བ་ཕུར་བུ།

༢༠༡༦།༠༥།༡༩ཉིན་སྤེལ། གུང་ཐང་སྐུ་ཕྲེང་དྲུག་པའི་ངོ་མཚར་གྱི་གཏམ་རྒྱུད་ཁག་བཅུ་གཅིག་གླེང་བ།



ཝང་ཡོན་ཧྥུན་གྱི་བརྩམས།འཆིང་གྲོལ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།
 
སྤྱི་ལོ༡༩༤༥ནས་བརྩམས་ཏེ།  ཕལ་ཆེར་ལོ་ངོ་བཅུ་ལྷག་གི་རིང་ལ་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་མཚན་ཉིད་དགོན་དུ་བཞུགས་པ་རེད།  དགུན་ཁར།  ཁོང་རིན་པོ་ཆེ་རང་གི་ནང་ཆེན་གྱི་དཔེ་མཛོད་ཁང་དང་དགོན་པའི་འདུ་ཁང་གང་རུང་དུ་རྒྱུན་བཞུགས་ཀྱིས།  བློ་སེམས་ཡོངས་རྫོགས་གཞུང་ཆེན་མོ་དག་གི་སྟེང་ལ་གཅིག་ཏུ་ཕྱོགས་པར་མཛད།  གངས་རིས་བསྐོར་ཞིང་འདུ་འཛིས་དབེན་པས།  འཇིག་རྟེན་ལས་ཕྱི་རོལ་དུ་གྱུར་བ་ལྟ་བུའི་མཚན་ཉིད་དགོན་དུ།  ཁོང་གིས་ཆོས་གསུངས་པའི་གསུང་སྙན་མཆོད་རོལ་གྱི་དབྱངས་རྟ་དང་འགྲོགས་ནས་ཉིན་མཚན་བར་མེད་དུ་མཆེད་པས།  མི་སེམས་སྤྲོ་དགས་བརྟས་པར་གྱུར།  དབྱར་སྟོན་གྱི་དུས་ཚིགས་སུ་བླ་ཆེན་ཁོང་དགོན་པ་ལས་ཕེབས་ནས།  མདོ་སྟོད་སྨད་ཁམས་སོགས་ཀྱི་རྩྭ་ཐང་རི་ལུང་ཉུལ་ཅིང༌།  སྐབས་སུ་བབས་པའི་ཆོས་ཀྱིས་སྐྱེ་འགྲོ་མཐའ་དག་གི་ཆོས་ཀྱི་སྐོམ་གདུང་སེལ་བར་བྱེད།  རྙེད་པ་དག་ལས་ཕལ་ཆེ་བ་ཕྱིར་མི་སེར་དབུལ་བོ་དག་ལ་སྦྱིན།  རྒྱུན་དུ།  དད་ལྡན་དབུལ་བོ་རེ་འགས་ཁོང་ལ་མར་རྡོག་པོ་རེ་ཕུལ་ན།  ཁོང་གིས་ཕྱིར་གནང་བ་ནི་ཡར་ཕུལ་བ་ལས་མང་བར་འགྱུར་ཏེ།  དེ་ལས་ལྷག་པའི་མར་སྟེར་བའམ།  རྩམ་པ་སྒྱེ་མོ་གང་རེ་སྟེར་བ་ཅི་རིགས་སུ་བྱེད།

    མཚན་ཉིད་དགོན་དུ་བཞུགས་པའི་སྐབས་དེར།  གུང་ཐང་རིན་པོ་ཆེའི་ལེགས་མཛད་ཀྱི་སྙན་པ་དག་ཕྱོགས་བཞི་མཚམས་བརྒྱད་དུ་མཆེད་པར་གྱུར་བས།  ཁོང་གང་ལ་ཕེབས་ནའང་དེ་རུ་ངོ་མཚར་བའི་མཛད་པ་དང་ཡིད་འཁུལ་བའི་གཏམ་རྒྱུད་འཇོག་པར་བྱེད།  སྔོན་དུ་གླེང་བའི་༼སྤྱན་རས་གཟིགས་ཀྱི་དྲི་ཆབ༽ནི་དཔེར་མཚོན་ལྟ་བུ་རེད།  ཟིན་ཐོར་འགོད་པར་སྟབས་བདེ་བོ་ཡོང་བ་དང་ཀློག་མཁན་གྱིས་ཕྱོགས་ཡོང་ནས་རྒྱུས་ལོན་པའི་ཆེད་དུ།  འདིར་གུང་ཐང་རིན་པོ་ཆེ་མཚན་ཉིད་དགོན་དུ་བཞུགས་སྐབས་དང་ཕྱིས་སུ་བྱུང་བའི་ངོ་མཚར་བའི་གཏམ་རྒྱུད་སྐོར་ཞིག་ངོ་སྤྲོད་བྱེད།

གཏམ་རྒྱུད་དང་བོ།  ལྷ་རྒོད་ཀྱི་ཆུ་མིག་ངོ་མཚར་ཅན།

     བོད་མི་རྣམས་ལ་བསང་བཏང་ནས་གཞི་བདག་ལ་འདོད་གསོལ་ཞུ་བའི་དུས་ཆེན་ཞིག་ཡོད་པ་རེད།  དེར་ལབ་ཙེ་བསྟོད་པ་ཟེར་བ་རེད། དེ་ལ་གཏན་ཁེལ་གྱི་ཉི་མ་མེད་ལ།  ཕལ་མོ་ཆེ་ཚོ་བས་ཆོས་ལུགས་ཀྱི་བྱེད་ཐབས་སྤྱད་ནས་གཏན་འཁེལ་བ་རེད།  ཚོ་བའམ་ས་ཁུལ།  ཡང་ན་སྡེ་བ་གང་དེས་མཆོད་པའི་གཞི་བདག་གི་ལབ་ཙེ་དེ་ཉིད།  ཕལ་ཆེར་ཆེས་མཐོ་བའི་རི་རྩེའམ་རྒྱུ་འགྲུལ་གྱི་གནད་དུ་གྱུར་བའི་ཉག་ཁ་སོགས་སུ་རྩིག་པ་རེད།  མི་རྣམས་ཀྱིས་ཚོན་མདངས་སྣ་ཚོགས་ཀྱི་མདའ་མོ་དག་མཆོད་རྫས་ཀྱི་གཙོ་བོར་བཟུང་ནས།  ལོ་རེར་རང་ཉིད་ཀྱིས་མཆོད་པའི་ཡུལ་ལྷ་དང་དགྲ་ལྷ།  སྐྱེས་ལྷ་སོགས་ལ་མདའ་མོ་གསར་བས་བསྟོད་པའི་ཆོ་ག་སྤེལ་བ་རེད་ལ།  རྣམ་པ་དེ་ནི་མཛེས་ཤིང་བརྗིད་ཉམས་ཀྱིས་ཕྱུག་པ་རེད།  གུང་ཐང་རིན་པོ་ཆེ་དགུང་ལོ་བཞི་ལ་སོན་པའི་སྐབས་སུ།  ཁོང་གི་ཞང་པོ་ཨ་བརྟན་ཐུའུ་སིས་ཚོ་བའི་མི་ཚང་མ་བསྡུས་ནས།  ཉེ་འཁོར་གྱི་ལྷ་རྒོད་རི་བོར་ལབ་ཙེ་བསྟོད་དུ་སོང་བར་ཁོང་ཡང་མཉམ་དུ་ཆས་པ་རེད།  རྗེས་སུ་མི་རྣམས་ཁ་སྐོམ་པ་ལ་བརྟེན།  ཨ་བརྟན་ཐུའུ་སིས་ཁོ་ཚང་གི་ལས་ཀ་བ་བླ་མ་སྐྱབས་ཟེར་བ་རི་འདབས་སུ་ཆུ་ལེན་པར་མངགས།  བླ་མ་སྐྱབས་འགྲོ་བར་རྩོམ་དུས།  སྐབས་དེར་མིང་ལ་པཎ་ཆེན་རྒྱལ་འབོད་པའི་གུང་ཐང་རིན་པོ་ཆེས་གློ་བུར་དུ།  “ རི་རྩེ་ན་ཆུ་འདུག  ཚང་མ་ང་དང་མཉམ་དུ་འཐུང་བར་འགྲོ། ”ཞེས་བཤད།  ཚང་མའི་ཁྲོད་ན་རི་དེར་ཆུ་མེད་མི་སྙམ་མཁན་གཅིག་ཀྱང་མེད།  འོན་ཀྱང་ཚང་མ་མཚར་སྣང་གིས་ལོ་ན་ཆུང་བའི་པཎ་ཆེན་རྒྱལ་གྱི་རྗེས་བསྙེགས་ནས་སོང༌།  གནས་ཤིག་ཏུ་སླེབས་པ་ན།  ཁོང་གིས་རྡོ་ལེབ་ཅིག་བཀྱགས་པར་འོག་ཏུ་ཆུ་མིག་ཆུང་ངུ་ཞིག་མངོན།  དེར་ཚང་མས་འཕྲོག་རེས་ཀྱིས་འཐུང་ཞིང༌།  ཅི་ཙམ་འཐུང་ནའང་འཛད་པ་མེད་པ་བྱུང༌།  ཡ་མཚན་པ་ཞིག་ལ།  པཎ་ཆེན་རྒྱལ་གུང་ཐང་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་བཟུང་ནས་བཞག་སྡོམ་དང་གྱེས་པ་ནས།  ཆུ་མིག་དེ་ཡང་ཅི་ཡིན་འདི་ཡིན་མེད་པར་སྐམ་པར་གྱུར།

གཏམ་རྒྱུད་གཉིས་པ།   རྩིག་པར་དངུལ་སྒོར་སྦྱར་བ།

      རིན་པོ་ཆེ་སྐུ་ན་ཆུང་དུས་སློབ་གཉེར་གནང་སྐབས།  དགེ་འདུན་སུམ་སྟོང་ལྷག་གིས་མཐོང་མྱོང་བའི་རྣམ་པ་ཞིག་སྟེ།  ཉིན་ཞིག  སྦྱིན་བདག་ཅིག་གིས་བླ་བྲང་དགོན་པར་མང་ཇ་བསྐོལ་ནས་འགྱེད་ཕོགས་བསྟར།  ཕྱག་སྲོལ་བཞིན་རིན་པོ་ཆེར་ཡང་དངུལ་སྒོར་གཅིག་ཐོབ།  ཁོང་གིས་དངུལ་སྒོར་བླངས་ཏེ་གང་འདོད་དུ་གཡུགས་པར།  དངུལ་སྒོར་དེ་འོད་ཆེམ་ཆེམ་ངང་འདུ་ཁང་གི་རྩིག་པའི་ངོས་སུ་འབྱར་ཅིང་སར་མི་ལྷུང་བར་གྱུར།

གཏམ་རྒྱུད་གསུམ་པ།  ཁ་བའི་མཆོད་རྟེན་བོར་བ།

     ལོ་ཞིག་གི་དགུན་ཁར།  རིན་པོ་ཆེ་སྐུ་ཡུལ་བྱམས་མེ་རུ་ལོ་སར་བར་ཕེབས།  ཉིན་ཞིག་ཁ་བ་བབས་པས་ཁོང་རིན་པོ་ཆེས་གྲྭ་བ་རྣམས་དང་ལྷན་དུ་ཁངས་ཀྱི་མཆོད་རྟེན་བཟོས་ནས་རྩེད་འཇོར་རོལ།  ས་རུབ་ནས་ཕྱིར་ལོག་ཁར།  ཁོང་གིས་གྲྭ་བ་རྣམས་ལ་ཁོང་གིས་བཟོས་པའི་མཆོད་རྟེན་ལ་བདག་ཡག་པོ་བྱ་དགོས་པར་གདམས།  ཕྱི་ཉིན་ནམ་ལངས་ནས་ལྟ་དུས།  ཐང་གི་ཁངས་སྤུངས་དང་གྲྭ་བ་རྣམས་ཀྱི་མཆོད་རྟེན་སྔར་བཞིན་ཡོད་ནའང༌།  ཁོང་རིན་པོ་ཆེའི་མཆོད་རྟེན་ཁོ་ན་རྗེས་མེད་དུ་གྱུར་ཡོད་པ་མཐོང༌།  དེར་ཞིབ་མོས་བརྟགས་པར།  སུ་ཞིག་གིས་གཞན་དུ་སྤོར་བའི་རྗེས་ཤུལ་མི་མངོན་ལ། གྲང་ངར་ཤིན་ཏུ་ཆེ་བས་ཞུ་བར་འགྱུར་བའི་གནས་མེད་པའི་ངེས་པ་རྙེད།  སྲུང་མཁན་གྲྭ་བ་དག་ལ་དྲིས་ཀྱང༌།  ཁངས་ཀྱི་མཆོད་རྟེན་གར་སོང་ཤེས་མཁན་མེད་པར་གྱུར།

གཏམ་རྒྱུད་བཞི་བ།  གུང་ཐང་སྨན་ཆུ།

      ༡༩༥༦ལོའི་དབྱར་ཁར།  རིན་པོ་ཆེ་འཁོར་བཅས་ཀྱིས་བཅིབ་རྟ་བཅིབས་ནས་(噶科洛)༼དེང་གི་སི་ཁྲོན་ཞིང་ཆེན་ཁྱུང་མཆུ་རྫོང་ཁོངས།༽ས་ཆའི་བྲག་རི་ཞིག་བརྒྱུད་པར།  མི་རྣམས་ཁ་སྐོམ་པར་གྱུར་བའི་སྐབས་ཤིག་ལ།  རིན་པོ་ཆེའི་བཅིབ་རྟའི་རྨིག་པ་གློ་བུར་དུ་ཁུང་བུ་ཞིག་ཏུ་ཤོར་བར།  དེར་ཆུ་དྭངས་མོ་ཞིག་ཐོལ་ཐོལ་དུ་འཕྱུར་ཏེ།  ལྷོག་ལྷོག་བཞུར་བའི་ཆུ་མིག་ཅིག་གྲུབ།  ཚང་མ་དགའ་ཐག་ཆོད་དེ་ཆུ་མིག་ལས་ཆུ་བཏུངས་ཤིང་སྐོམ་པ་སེལ།  ཆུའི་བྲོ་བ་དེ་འདྲའི་ཞིམ་པོ་མེད་ནའང་ཕོ་བར་ཤིན་ཏུ་འཕྲོད་པ་བྱུང༌།  མི་རྣམས་ཀྱིས་དེའི་གནས་ཚུལ་ཤེས་ཏེ་ནད་སེལ་ཐུབ་ཚུལ་བསྒྲགས་པ་ན།  ཉེ་རིང་གི་མི་མང་བོ་ཆུ་དེ་འཐུང་བར་ལྷགས།  འཐུང་མཁན་མང་དུས་མི་ཉིས་སྟོང་ལྷག་ལ་འབུད་ཅིང༌།  ཕྱིས་སུ་མི་རྣམས་ཀྱིས་ཆུ་མིག་དེ་ལ་གུང་ཐང་སྨན་ཆུ་ཞེས་འབོད་པ་བྱུང༌།  ༡༩༥༨ལོར་རིན་པོ་ཆེ་བཙོན་ཁང་དུ་ཕེབས་རྗེས།  ས་གནས་དེའི་འགོ་ཁྲིད་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དུ་བལྟས་ནས་མང་ཚོགས་ལ་འཐུང་དུ་མ་བཅུག  འོན་ཀྱང་མང་ཚོགས་རྣམས་ལྐོག་ཏུ་སོང་ནས་འཐུང་བ་སོགས་བྱས།  འགོག་མ་ཐུབ་པས།  ངན་སེམས་ཅན་དག་གིས་ཆུ་མིག་ཏུ་འབུ་གསོད་བྱེད་ཀྱི་དུག་ཕྱེ་བཏབ།  འོན་ཀྱང་དུག་ཕྱེ་དག་འཕྲལ་མར་ཆུ་མིག་ལས་བརྡོལ་བའི་ཆུས་འཁྱེར་བར་བྱེད།  ཡང་ལ་ལས་ཁྱི་དང་ཞི་ལའི་རོ་ལྟ་བུའི་བཙོག་པ་དག་ནང་དུ་འཕངས་ནའང༌།  མི་རྣམས་ཀྱིས་དེ་དག་བསལ་ནས་སྔར་བཞིན་འཐུང༌།  ལོ་རབས་བརྒྱད་ཅུ་བའི་མགོར་ཆེད་མཁས་པས་བརྟགས་ཏེ།  ཆུའི་ནང་དུ་གཏེར་རྫས་ཀྱི་ཆ་འདུས་པས་དངོས་གནས་ནད་སེལ་བའི་ནུས་པ་ཡོད་པར་ཐག་བཅད།  སྐབས་དེར།  མི་ཞིག་ཕྱུག་པོ་ཆགས་འདོད་ཀྱིས་ཆུ་མིག་ལྕགས་དྲས་བསྐོར་ཞིང༌།  མི་རེ་ལ་སྒོར་གཅིག་རེ་དང་ནོར་ལུག་ལ་ཟུར་ལྔ་རེ་ལེན་རྒྱུའི་སྲོལ་བཙུགས།  རྗེས་སུ་རིན་པོ་ཆེས་ཚུལ་དེ་གསན་ནས་བཀའ་བཀྱོན་དྲག་པོ་གནང་བས།  ད་བཟོད་ཁྲལ་ལེན་རྒྱུ་བསྐྱུར་ཏེ་མང་ཚོགས་ཀྱིས་རང་དབང་གིས་འཐུང་ཐུབ་པ་བྱུང༌།  ད་དུང༌།  ཆུ་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཡོད་དེ།  རིན་པོ་ཆེ་མཆོག་མཚན་ཉིད་དགོན་དུ་ཕེབས་རྗེས།  དགོན་པ་དེ་གར་རྐང་བ་མི་བདེ་བའི་གྲྭ་བ་མང་བོ་ཡོད་པ་མཐོང༌།  ཞིབ་ཏུ་དྲིས་པར།  རི་ཀླུང་ནས་འབབ་པའི་རྒྱུག་ཆུ་འཐུངས་པ་ལ་རག་ལས་པར་འདུག་པ་ཤེས་པས།  ༡༩༥༠ལོར་ཁོང་གིས་དངོས་སུ་བཀོད་པ་བཞག་ནས།  སྒང་གི་ཆུ་སྨྱུག་སྦུག་ཏུ་དྲངས་ཏེ་བཞེས་སུ་བཅུག་པས།  དེ་ནས་བཟུང་མཚན་ཉིད་དགོན་དུ་ལག་རྟེན་ཐོགས་པའི་གྲྭ་བ་མངོན་གསལ་གྱིས་ཇེ་ཉུང་དུ་སོང༌།

གཏམ་རྒྱུད་ལྔ་བ།  གུང་ཐང་ཕྱག་རྗེས།

       ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྒན་གྱ་རྩྭ་ཐང་དུ།  བྲག་དཀར་སྒྲུབ་ཕུག་ཅིག་ཡོད་ཅིང༌།  གསང་སྔགས་ཉམས་ལེན་པས་ཉམས་ལེན་བྱེད་སའི་གནས་མཆོག་ཅིག་ཡིན་པར་གྲགས།  ཐེངས་ཤིག་རིན་པོ་ཆེ་རྩྭ་ཐང་གི་མི་རྣམས་དར་རྒྱས་ཡོང་ཕྱིར་སྒྲུབ་ཕུག་དེར་ཆོས་འདོན་དུ་ཕེབས།  ཁོང་ཕེབས་རྗེས།  མི་རྣམས་ཀྱིས་རིན་པོ་ཆེ་ཁེན་པའི་བྲག་དཀར་ངོས་སུ་ཕྱག་རྗེས་གསལ་ཐག་ཆོད་པ་ཞིག་བཞག་ཡོད་པ་མཐོང༌།  ང་རང་༡༩༩༤ལོར་ཆེད་དུ་བླ་བྲང་དུ་ཡོང་ནས།  རིན་པོ་ཆེས་གནང་བའི་དུས་འཁོར་དབང་ཆེན་ཐེངས་བཅུ་བར་ཉན་དུས།  ཨ་རིའི་སྲས་མོ་ལིས་ཡུས་ལེན་སོགས་རིན་པོ་ཆེར་དད་པའི་མི་མང་དང་མཉམ་དུ་རྒན་གྱའི་བྲག་དཀར་ལ་མཇལ་དུ་སོང༌།  ང་ཚོའི་རླངས་འཁོར་གྱིས་ལམ་མེད་པའི་རྩྭ་ཐང་དུ་ས་རྒྱག་རྡོ་རྒྱག་དུས་ཚོད་འགར་བྱས་རྗེས།  ས་བབས་མཐོ་བའི་སྤང་རི་ཞིག་གི་སུལ་དུ་འབྱོར།  མཐོ་སར་ཤིན་ཏུ་གཟར་བའི་བྲག་རིས་བཅད་ཅིང༌།  བྲག་རིས་གཏུགས་པའི་འགག་འཕྲང་དུ་ནགས་ཚལ་སྟུག་པོར་སྐྱེས་འདུག    ཆུ་ཕྲན་མི་ཆུང་བ་ཞིག་གྲོག་རོང་ལས་ལྷུང་ལྷུང་འབབ།  ང་ཚོས་རླངས་འཁོར་བསྐྱུར་ཏེ་རྐང་ཐང་ལ་བསྐྱོད་ཅིང༌།  ཆུ་ངོགས་བརྒྱུད་དེ་གྲོག་རོང་གི་མདོར་ཆས།  དེ་ནས་རྐང་ལམ་ཕྲ་མོ་ཞིག་དེད་ནས་གཡོན་གྱི་བྲག་རིའི་རྐེད་པར་གནས་པའི་བྲག་དཀར་སྒྲུབ་ཕུག་ཏུ་ཕྱིན།  སྒྲུབ་ཕུག་གི་ཁུང་སྒོ་ཤིན་ཏུ་ཆེ་ཞིང༌།  ནང་དུ་མཆོད་སྒམ་དང༌།  དེའི་ནང་དུ་འཇིམ་སྐུའང་མི་ཉུང་བ་ཞིག་འདུག  ཕུག་པའི་གཡས་ཕྱོགས་ཀྱི་རྩིག་ལྡེབས་སུ་ཕ་བོང་ཆེན་པོ་ཞིག་གསེག་ནས་འདུག་ལ།  དེའི་ངོས་སུ་ཕྱག་རྗེས་ཤིག་གསལ་བོར་སྣང༌།  མཛུབ་མོ་ལྔ་བོའི་ཤུལ་སོ་སོར་གསལ།  ཚང་མ་རྗེས་དྲན་གྱི་པར་བསྐྱོན་པར་བྲེལ།  མ་ཟད་རང་གི་ལག་པ་ཕྱག་རྗེས་སུ་བཞག་ནས་དངོས་སུ་ཚོར་སྣང་ཇི་འདྲ་ཡོད་པར་བལྟས།  མཚོ་ངོས་ལས་རྨིད་བཞི་སྟོང་ལྷག་གིས་མཐོ་ཞིང༌།  མིའི་རྗེས་ཤུལ་ཀྱང་མཐོང་དཀོན་པའི་བྲག་ཕུག་ཏུ།  མི་ཚང་མས་དངོས་སུ་རིན་པོ་ཆེས་དེ་དུས་སྣང་མེད་དུ་བཞག་པའི་ཕྱག་རྗེས་མཐོང་རྗེས།  ངོ་མཚར་གྱི་རྣམ་འགྱུར་མི་འཛིན་མཁན་གཅིག་ཀྱང་མེད་པར་གྱུར།

གཏམ་རྒྱུད་དྲུག་པ།  ཆོས་སྐྱོང་གླང་གདོང་ཅན་ལ་ཤངས་ཁྲག་བཞུར་བ།

        ༡༩༥༨ལོའི་ཟླ་གསུམ་པར།  རིན་པོ་ཆེས་མཚན་ཉིད་དགོན་དུ་དད་ལྡན་སེར་སྐྱ་ཁྲི་ཕྲག་ལྷག་ལ།  དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དྲུག་པ་གནང་རྗེས།  ཉེ་འཁོར་གྱི“དཀར་ཆེན་དགོན་”ཞེས་པའི་དགོན་པ་ཆུང་ཆུང་ཞིག་ལ་ཕེབས།  དགོན་པ་དེ་ན་ཐང་ག་( ཐང་ག་ནི་བོད་ཀྱི་བྲི་གཞི་ལ་རས་དང་ཤོག་བུ།  པགས་པ།  གོས་སོགས་གང་རུང་བྱས་ཤིང༌།  གོས་ཆེན་རི་མོ་ཅན་སྣ་ཚོགས་ཀྱིས་གོང་བཤམས་སྤྲད་པའི་སྒྲིལ་ཆོག་རི་མོར་བྱ་ཞིང༌།  རི་མོའི་ནང་དོན་ནི་སྣ་ཚོགས་ཏེ།  སངས་རྒྱས།  མི་སྣ།  ཆོས་འཆད་རི་མོ།  ཆོས་ཀྱི་གཏམ་རྒྱུད། འཚོ་བའི་གོམས་གཤིས་སོགས་འདུ་བ་རེད།) ཞིག་ཡོད།  རིན་པོ་ཆེས་ཆོས་གསུང་བའི་ཚེ།  མི་ཞིག་གིས་ཐང་གའི་སྟེང་གི་ཆོས་སྐྱོང་གི་ཤངས་ཁུང་ལས་གློ་བུར་དུ་ཁྲག་དམར་བཞུར་བཞིན་པ་མཐོང༌།  སྒྲོན་འོད་གསལ་བོ་མེད་པར་བརྟེན། དང་ཐོག་དེ་ཙམ་མི་གསལ་ཡང་རླངས་སྒྲོན་བཀར་ནས་གསལ་བོར་ལྟ་དུས།  ཁྲག་ཐིགས་ཀྱི་དབྱིབས་ཁམ་བུ་ལྟ་བུ་ཡིན་པ་མཐོང༌།  མ་ཟད་ཁྲག་སྐུད་པ་ཕྲ་མོ་ལྟ་བུས་ཕན་ཚུན་སྦྲེལ་འདུག་སྙམ་པ་སྟེར།  མི་རྣམས་སྐྲག་ཅིང་མཚར་བར་གྱུར་ལ།  མི་ཞིག་གིས་ད་དུང་པར་ཡང་བླངས་འདུག  སྐབས་དེར་རྣམ་པ་དེ་དངོས་སུ་མཐོང་བའི་གཉེར་བ་ཆེན་མོ་ཨ་ཁུ་ཐུབ་བསྟན་གྱིས་ཕྱིར་དྲན་བྱེད་བཞིན་གསུང་རྒྱུར།  “རིན་པོ་ཆེས་ཉིན་མཚན་གསུམ་ལ་ཆོས་བཏོན་ནའང་ཤངས་ཁྲག་གི་རྒྱུན་མ་ཆད་ཅིང༌།  སྔར་ལས་མང་བ་བཞུར།  དེ་ནི་རིན་པོ་ཆེར་ཆག་སྒོ་མ་བྱུང་བའི་སྔོན་རེད།  ཁྲག་རྗེས་ད་དུང་ཡང་མཐོང་ཐུབ། ”ཅེས་ཟེར།

གཏམ་རྒྱུད་བདུན་པ།  བསྟན་དར་གླིང་གི་ངོ་མཚར་བྱུང་བ།

       དེང་གི་སི་ཁྲོན་ཞིང་ཆེན་ཁྱུང་མཆུ་རྫོང་མཁར་ལས་སྤྱི་ལེ་གསུམ་གྱི་མཚམས་སུ།  གུང་ཐང་རིན་པོ་ཆེར་རྟ་ར་ཞིག་ཡོད།  ༡༩༥༣ལོའི་ཟླ་གཉིས་པར་རིན་པོ་ཆེ་རྟ་ལ་ལྟ་བར་ཕེབས་དུས།  གཙང་འགྲམ་གྱི་ནགས་ཚལ་དུ་ངལ་གསོས་པ་རེད།  གནམ་གཤིས་ཤིན་ཏུ་འཁྱགས་པས་ཁོང་གིས་དངོས་སུ་ལག་འགུལ་ནས་ཁང་ཧྲུལ་ཞིག་བཟོས།  དེ་ལ་མིང་ཅི་ཞིག་འདོགས་སམ་དགོངས་པའི་ཚེ།  སློང་མོ་བ་ཞིག་སླེབས་ནས་མ་ཎི་ཡིག་དྲུག་བརྐོས་པའི་རྡོ་ཞིག་ཁོང་ལ་ཕུལ།  མིང་ལ་ཅི་ཟེར་དྲིས་པར།  སློང་མོ་བས།  “བསྟན་པ་དར་རྒྱས་ཟེར།”ཞེས་སྨྲས་རྗེས་ཕར་སོང༌།  རིན་པོ་ཆེའི་དགོངས་པར།  ཉེ་འཁོར་དུ་རུ་བ་གང་ཡང་མེད་ནའང༌།  གློ་བུར་དུ་སློང་མོ་བ་ཞིག་སླེབས་ཤིང༌།  ཤིན་ཏུ་ཟབ་པའི་མིང་ཞིག་ཀྱང་བཤད་སོང་བས་དངོས་གནས་མཚར་རོ་སྙམ།  དེ་ནས་ཁོང་གིས་བཟོས་པའི་ཁང་བའི་མིང་ལ་བསྟན་དར་གླིང་ཞེས་བཏགས་ཤིང༌།  དེར་སྐུ་མཚམས་སུ་བཞུགས་ཏེ་༡༩༥༤ལོར་ཀུན་མཁྱེན་འཇམ་པའི་དབྱངས་ཀྱིས་སྐུ་ཚབ་མངགས་ནས།  ཁོང་རིན་པོ་ཆེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བར་སྤྱན་འདྲེན་པའི་བར་དུ་བཞུགས།

       མ་ཎི་ཡིག་དྲུག་ནི(ཡང་ན་ཡི་གེ་དྲུག་མ་ཞེས་འབོད།) བོད་བརྒྱུད་ནང་བསྟན་གྱི་ཆེས་གྲགས་སྙན་འབར་བའི་གསོལ་འདེབས་ཀྱི་ཚིག་སྟེ། སྒྲ་སྒྱུར་བྱས་ན།  ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཟེར།  ལོ་ངོ་བརྒྱ་སྟོང་གི་རིང་ལ་ནང་བའི་ཟབ་ཆོས་པདྨའི་རིགས་ཀྱི་སྙིང་བོར་འཛིན་པ་རེད།  ཨོཾ་གྱིས་དེ་བཞིན་གཤེགས་པའི་རིགས་མཚོན་ཞིང༌།  དེ་བཏོན་པས་རང་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་དུ་མོས་དགོས་པ་རེད།  མ་ཎི་ནི།  ལེགས་སྦྱར་སྐད་དུ་ནོར་བུའི་དོན་ཏེ།  དེས་རིན་ཆེན་རིགས་མཚོན་པ་རེད། ནོར་བུ་དེ་ཉིད་ཀླུ་དབང་གི་སྤྱི་གཙུག་ལས་བྱུང་བས།  དེ་ཐོབ་ཚེ་ས་འོག་ས་སྟེང་གང་དུ་སོང་ཡང་དབང་དུ་མི་འགྱུར་བའི་རིན་པོ་ཆེ་གང་ཡང་མེད་པར་བཤད་པས།  མིང་ལ་དགོས་འདོད་ཀུན་འབྱུང་གི་ནོར་བུར་གྲགས་པ་རེད།  པད་མེ་ནི། ལེགས་སྦྱར་སྐད་དུ་པདྨའི་དོན་ཏེ།  པདྨའི་རིགས་མཚོན་པ་རེད།  དེས་ཆོས་ཀྱི་རང་བཞིན་མེ་ཏོག་པདྨ་ཇི་བཞིན་སྐྱོན་གྱིས་མ་གོས་པར་སྟོན་པ་རེད།  ཧཱུཾ་གིས་རྡོ་རྗེའི་རིགས་མཚོན་ཞིང༌།  བྱང་ཆུབ་འཐོབ་པར་སྨོན་པའི་དོན་ཏེ།  སྙིང་དོན་ནི།  སངས་རྒྱས་ཀྱི་བྱིན་མཐུ་ལ་བརྟེན་ན་ད་བཟོད་བདེན་པ་མཐོང་བར་འགྱུར་ཞིང༌།  མཆོག་གི་དངོས་གྲུབ་བརྙེས་ཏེ་འགྲོ་བ་མཐའ་དག་སྡུག་བསྔལ་ལས་སྒྲོལ་ཐུབ་པར་བསྟན་པ་ཡིན་ནོ།།  དོན་སྒྱུར་གྱི་ནང་དོན་ཕུན་སུམ་ཚོགས་ཏེ།  “པད་མཚོའི་ནོར་བུ་ནི་མཆོག་གོ།”ཞེས་པའམ། “བདག་གི་སྤངས་རྟོགས་མཐར་ཕྱིན་ནས་སངས་རྒྱས་སུ་གྱུར་ཅིག”ཅེས་པའམ། “ནོར་བུ་པདྨ། བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག ”ཅེས་པ་སོགས་སུ་བསྒྱུར་ཆོག  
       ཚིག་ཐུང་ངུ་གཅིག་ལའང་དེ་ལྟ་བུའི་ཤིན་ཏུ་ཟབ་པའི་གོ་དོན་ལྡན་པ་ཞིང༌།  གནའ་ནས་ད་ལྟའི་བར་གྱི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་སྐྱེ་འཆི་དང༌།  སྐྱིད་སྡུག  ཕུགས་རེ་དང་འདུན་པ་ཐམས་ཅད་དེ་རུ་བསྡུས་ཡོད་པས།  གངས་རིའི་ཁྲོད་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཚེ་ཚེ་རབས་རབས་སུ་དེ་ཉིད་ཆད་མེད་དུ་བཟླས་ཤིང་ཟློ་བཞིན་པ་རེད་ལ།  དེ་ལ་ནམ་ཡང་ཨ་གསར་མེད་ལ་སུན་པའང་མེད་པ་རེད།  བོད་ཡུལ་དུ།  མ་ཎི་ཡིག་དྲུག་གང་སར་མཇལ་རྒྱུ་དང་ཐོས་རྒྱུ་ཡོད་དེ།  དར་ལྕོག་དང་གླེགས་བམ་དུ་བརྐོས་པ་དང༌།  མ་ཎི་འཁོར་ལོར་བཟོས་པ་སོགས་མི་མང་གི་སེམས་དང་ངག་སྒོ་ལས་ཆད་པ་མེད་དོ།།

 གཏམ་རྒྱུད་བརྒྱད་པ།  ཏིང་ཕོར་དུ་མེ་ཏོག་པདྨ་འཁྲུངས་པ།
 
       ༡༩༩༡ལོར་གུང་ཐང་རིན་པོ་ཆེས་བླ་བྲང་དུ་བཀའ་ཆོས་གནང་ཞིང༌།  མཇུག་གྲིལ་བར་ཉེ་དུས།  རིན་པོ་ཆེའི་སྐུ་མདུན་དུ་ཆུ་དྭངས་མོས་བཤམས་པའི་ཏིང་ཕོར་དུ།  མེ་ཏོག་པདྨ་ཆུང་ཆུང་ཞིག་འཁྲུངས་པ་དེར་འཁོད་ཀྱི་གྲྭ་བ་ཚང་མས་མངོན་སུམ་དུ་གཟིགས།  ད་དུང་མེ་ཏོག་ཅན་གྱི་མཆོད་པ་དེ་ཀུན་མཁྱེན་རིན་པོ་ཆེར་ཕུལ་བ་རེད།  རྗེས་སུ།  སྔོ་བསངས་ཀྱི་ནམ་མཁར་འཇའ་ཚོན་སྣ་ལྔས་ཀུན་ནས་བརྒྱན་པར་གྱུར།  མི་རྣམས་ཀྱིས་ཕན་ཚུན་ལ།  པདྨ་དང་འཇའ་ཚོན་གྱི་མཚན་མ་ནི་གསུང་ཆོས་ཕུན་སུམ་ཚོགས་པར་འགྲུབ་པའི་རྟགས་སོ་ཞེས་ཡང་ཡང་གླེང་ཞིང་བསྒྲགས་པར་བྱས་སོ།།

དགུ་བ།  ཕ་བོང་ལས་སྦལ་བ་བྱུང་བ།

       ༡༩༨༤ལོར།  གུང་ཐང་རིན་པོ་ཆེ་མཆོག་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་ཉིན་མ་ཞང་ལ་ཕེབས།  རྩྭ་ཐང་གི་ཅུང་ཐག་རིང་བའི་མཚམས་སུ་བྲག་རི་ཞིག་ཡོད་པ་དེར་ཆས་ཤིང༌།  རི་རྐེད་ཀྱི་ས་བབས་ཅུང་དམའ་ཞིང༌།  རླུང་སྐྱིབས་ལྡན་ལ་ཉི་ཕུག་ཏུའང་གྱུར་བའི་གནས་ཤིག་ལ་གཟིགས་ཞོར།  ཞལ་ནས།  འདིར་ཁང་བ་རེ་ཕུབ་ནས་ཆོས་འཆད་ས་བྱས་ན་བཟང་རྒྱུ་རེད་མོད།  ཕངས་པ་ཞིག་ལ།  ཕ་བོང་འདི་དག་བསྣུར་རྒྱུ་དཀའ་མོ་རེད་ཨང་གསུངས།  རྗེས་སུ།  ས་དེའི་དད་ལྡན་ཚོས་རང་འདོད་ཀྱིས་གནས་དེར་རིན་པོ་ཆེར་ཁང་བ་བསྐྲུན་རྒྱུ་བྱས།  ཁོ་ཚོས་འགད་རྫས་ཀྱིས་མཐོ་ཚད་ལ་རྨིད་གཅིག་ལྷག་དང་འཕྲེད་དུ་རྨིད་གཉིས་ལྷག་ལྡན་པའི་ཕ་བོང་ཆེན་པོ་ཞིག་བཀད་པར།  དེའི་གསེང་ནས་གློ་བུར་དུ་སྦལ་བ་ཆེན་པོ་ཞིག་ཕྱིར་མཆོངས།  དད་ལྡན་མི་མང་གིས་དེ་ཉིད་ངོ་མཚར་དུ་བརྩིས་ཤིང༌།  ཉི་འོད་མི་མཐོང་ལ་ཁ་ཟས་མི་རྙེད་པའི་ཕ་བོང་གི་གསེང་དུ་ལོ་ངོ་ག་ཚོད་ཅིག་ལ་གསོན་མིན་རྟོགས་ཐབས་བྲལ་བའི་སྦལ་བ་དེ་ཉིད་མཆོད་པར་བརྩམས་པ་ན།  མིག་རྡེབ་དབང་ཙམ་ཡང་མེད་པའི་ཡུན་ལ་དེ་ཉིད་གར་སོང་ཆ་མེད་དུ་གྱུར།  

གཏམ་རྒྱུད་བཅུ་བ།  རྨ་ཆུར་འཇའ་གུར་འཕྲོས་པ།

       ལྷུང་ལྷུང་འབབ་པའི་རྨ་ཆུ་ནི་མཚོ་སྔོན་གྱི་མཐོ་ས་ནས་བབས་ཏེ་ཀན་སུའུ་ཕྱོགས་སུ་བཞུར་ཅིང༌།  ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཡངས་པའི་རྩ་ཐང་དུ།  ལྟ་ན་སྡུག་པའི་རྨ་ཁུགས་དང་བོའི་རྣམ་པ་ཡོངས་སུ་གྲུབ་ཡོད་ལ།  དེ་ནས་བྱང་ཕྱོགས་སུ་ཀྱག་ཀྱོག་གིས་འབབ་པ་རེད།  ༡༩༨༨ལོའི་ཟླ་དྲུག་པར།  གུང་ཐང་རིན་པོ་ཆེས་དབལ་བན་ཚང་གིས་ཞུས་པའི་རྣམ་པ་ཤིན་ཏུ་རྒྱ་ཆེ་བ་སྔར་བྱུང་མ་མྱོང་བའི་དབང་ཆེན་དེ་ཡོངས་སུ་གནང་གྲུབ་རྗེས།  རྨ་ཆུ་རྫོང་དུ་ཕེབས་ནས་ཉིན་གཉིས་ལ་སྐུ་ངལ་གསོས།  ཉིན་ཞིག་གི་ཞོགས་པར།  རིན་པོ་ཆེས་ཞབས་ཕྱི་དང་རྫོང་གི་ལས་བྱེད་པར།  དེ་རིང་ཕྱི་དྲོ་རྨ་ཆུ་ལས་འཇའ་ཚོན་འཕྲོ་རྒྱུ་རེད།  ང་ཚོས་འཇའ་ཚོན་གྱི་མདུན་དུ་པར་རེ་བསྐྱོན་ན་ཇི་འདྲ་ཞེས་གསུངས།  མི་རྣམས་ཀྱིས་ནམ་མཁར་བལྟས་པར།  སྤྲིན་བྱེའུ་མགོ་ཙམ་ཡང་མཐོང་ཡུལ་ན་མེད་པར་ཤིན་ཏུ་སྔོ་བསངས་ལ།  ཆར་བ་ཞིག་འབབ་རྒྱུའི་རྟགས་དང་མཚན་མ་གང་ཡང་མེད་པས།  ཁ་ནས་ཅང་མ་བཤད་པ་མ་གཏོགས་སེམས་ཐཻ་ཚོམ་གྱི་རྒྱ་རུ་ཚུད།  ཕྱི་དྲོར་ཉི་མ་ནུབ་ཕྱོགས་ནས་ཅུང་གཟུར་བའི་སྐབས་དེར།  གློ་བུར་དུ་སྤྲིན་འཁྲིགས་ཤིང་ཆར་བའང་ཟམ་ཟིམ་དུ་བབས།  ཅུང་ཙམ་གྱིས་ཆར་བ་བཞག་ཅིང་གནམ་ངོ་དྭངས་པར་གྱུར་ལ།   ཁྱོན་ཆེ་བའི་རྨ་ཆུའི་ཡང་སྟེང་དུ་ཚོན་མདངས་རབ་ཏུ་གསལ་བའི་འཇའ་ཚོན་འཕྲོས།  དཻར་འཁོད་ཚང་མས་དགའ་འབོད་གཏོང་ཞིང༌།  རིན་པོ་ཆེའི་མ་འོངས་སྔོན་གཟིགས་ཀྱི་མཛད་པར་ངོ་མཚར་ངང་དད་ཅིང་གུས་པར་གྱུར་ཏོ།།

 གཏམ་རྒྱུད་བཅུ་གཅིག་པ།  གཙུག་ལག་ཁང་གི་ངོ་མཚར་བྱུང་བ།
 
       ༡༩༨༥ལོའི་ཟླ་བཅུ་བར།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་བསྐྱར་བཞེངས་ཀྱི་ཆེད་དུ།  གུང་ཐང་རིན་པོ་ཆེས་འཐུབ་ཚབ་ཚོགས་པ་ཁྲིད་ནས་བོད་ལྗོངས་སུ་ལྷ་ཁང་འཛུགས་བསྐྲུན་གྱི་བརྟག་ཞིབ་ལ་ཕེབས།  ལྷ་ས་རུ་ཁོང་རིན་པོ་ཆེ་མཆོག་སེར་འབྲས་དགེ་གསུམ་གྱིས་མཚོན་པའི་དགེ་ལུགས་པའི་དགོན་པ་དག་ལ་མཇལ་ཞིང༌།  མཆོད་འབུལ་ཕོགས་འགྱེད་གྱ་ནོམ་པ་བསྟར།  དེར་མ་ཟད།  དགའ་ལྡན་དགོན་པར་གསུང་ཆོས་གསུང་སྐབས།  ཁྱད་མཚར་བའི་རྟགས་མཚན་དུ་མ་བྱུང༌།  ཁོང་རིན་པོ་ཆེ་གཙུག་ལག་ཁང་དུ་ཕེབས་སྐབས།  སྒོ་དྲུང་དུ་བོད་ཀྱི་རྒན་མོ་ལོ་ལོན་ཞིག་གིས་དུང་དཀར་ཞིག་ཕུལ།  སྔོན་གུང་ཐང་རིན་པོ་ཆེའི་སྐུ་ཕྲེང་དང་བོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱིས།  ཀུན་མཁྱེན་འཇམ་དབྱངས་བཞད་པ་མདོ་སྨད་དུ་བླ་བྲང་དགོན་པ་འདེབས་པར་ཕེབས་སྐབས་ཕུལ་བའང་ཆོས་ཀྱི་སྒྲ་དབྱངས་མཚོན་པའི་དུང་དཀར་ཞིག་ཡིན་ལ།  རྗེས་སུ་དངོས་གནས་སངས་རྒྱས་ཀྱི་བསྟན་པ་མདོ་ཁམས་སུ་ཁྱབ་པར་སྤེལ་ཐུབ་པ་བྱུང༌།  སྔོན་སྐུ་ཕྲེང་གསུམ་པ་གུང་ཐང་བསྟན་པའི་སྒྲོན་མེས་གཙུག་ལག་ཁང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྡེབས་རིས་ལ་ཁ་བཏགས་ཕུལ་བར།  ཁ་བཏགས་དེ་ཉིད་འཇམ་པའི་དབྱངས་ཀྱི་ཐུགས་ཀའི་ཐད་ཀར་འབྱར་བ་བྱུང༌།  ལོ་ཉིས་བརྒྱའི་རྗེས་སུ།  གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་ཡང་བསྐྱར་ལྡེབས་རིས་དེའི་མདུན་དུ་ཕེབས་ནས།  ཁ་བཏགས་ཕུལ་བའང་དེ་ག་ནང་བཞིན་འཇམ་པའི་དབྱངས་ཀྱི་ཐུགས་ཀར་འབྱར་ནས་མི་ལྷུང་བའི་ངོ་མཚར་གྱི་མཛད་པ་བྱུང༌།  ཡུན་རིང་བོའི་བར་དུ་ཁ་བཏགས་དེ་ཉིད་མ་ལྷུང་ནའང༌།  ཕྱིས་སུ་མཇལ་བ་དག་གིས་དེའི་སྟེང་དུ་ཁ་བཏགས་མང་བོ་འཕངས་པས་མཉམ་དུ་ལྷུང༌།   སྐབས་དེར་རྣམ་པ་དེ་དངོས་སུ་མཐོང་བའི་མཇལ་བ་དག་གིས།  རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གུང་ཐང་རིན་པོ་ཆེའི་ཁ་བཏགས་བཞེས་སོ་ཞེས་ཡང་ཡང་གླེང༌།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -