ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.05.2016 03:05:07
གངས་དཀར་སེམས།


བོད་པའི་ཡ་རབས་བཟང་སྤྱོད།

དེང་སང་དྲ་ཐོག་ནས་རྒྱ་ནག་མི་ཚོས་སྤྱོད་ངན་སྣ་ཚོགས་སྤེལ་སྟངས་སྐོར་གྱི་བརྙན་ཐུང་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཡོང་བ་མཐོང་དུས། རང་རིགས་ཕྱོགས་ཀྱི་གསེར་ལས་དཀོན་ཟེར་ནའང་མི་འགྲིག་རྒྱུ་མེད་པའི་སྤྱི་ཁྱབ་ཀྱི་རིན་ཐང་ངམ་ཡ་རབས་བཟང་སྤྱོད་སྐོར་ཅུང་ཙམ་རེ་བསྐུལ་བྱ་འདོད་ཅིག་སེམས་ལ་ཤར་བྱུང་།


 

ཐོག་མར་རྒྱ་ནང་ནས་ཕྱིར་དར་སྤེལ་ཡོང་བའི་བརྙན་ཐུང་དེ་དག་ནང་དྲག་པོའི་དམག་སྣ་ཚོགས་ཀྱིས་མི་མང་བཅར་རྡུང་དང་མནར་གཅོད་གཏོང་བའི་སྐོར་དང་། གཞན་མཐའ་འཁོར་གྱི་ས་གནས་ཁག་ཏུ་རྒྱ་གཞུང་གིས་མི་མང་རྣམས་ལ་བཙན་དབང་གིས་ས་ཞིང་གཞུང་བེད་བཏང་བ། ཁྲོམ་གཞུང་དུ་ངོ་རྒོལ་སྡེབས་ལང་ལ་རྒྱ་གཞུང་གིས་དྲག་དམག་གཏོང་ནས་དྲག་གནོན་དང་སྡུག་སྦྱོར་སྤེལ་བ། མཐའ་ན་ཕྲུ་གུའི་དབར་དང་། སློབ་མའི་དབར། གྲོགས་པོའི་དབར་ནས་ཀྱང་ལུས་ཀྱི་དྲག་སྤྱོད་སྤེལ་བའི་རྣམ་པ་སྣ་ཚོགས་ཤིག་མཐོང་རྒྱུ་འདུག

 

 

དེའི་ནང་ཉེ་སྔོན་དམིགས་བསལ་དུ་ ༢༠༡༦ ཟླ་ ༤ ཚེས་ ༡༤ ཉིན་ལམ་ཟུར་དུ་ཁྲོམ་བཀྲམ་མཁན་གྱི་བུད་མེད་རྒན་པ་ཞིག་གི་འཁྲིས་སུ་བུ་ཆུང་ལོ་གསུམ་ཅན་ཞིག་གིས་ལག་ཏུ་ལྕགས་སྦུགས་རིང་པོ་ཞིག་བཟུང་ནས་གྲོང་ཁྱེར་དོ་དམ་ཚན་པའི་མི་སྣར་ཁ་གཏད་གཅོག་ཅིང་། བུ་ཆུང་ཁོང་ཁྲོ་མེ་ལྟར་འབར་བཞིན། ངའི་རྨོ་མོར་དབང་ཡོད་ཤོད་མི་ཆོག ཅེས་སྐད་མགོ་མཐོན་པོས་འབོད་རྗེས་ལག་ཏུ་བཟུང་པའི་ལྕགས་སྦུགས་དེ་ཁོང་ཁྲོ་ལང་བཞིན་སར་གཡུག་སོང་། དེ་ནས་ས་གནས་རྒྱ་གཞུང་གི་ཁྲོམ་ལམ་དོ་དམ་པ་ཟོལ་འདྲ་བའི་མི་ཞིག་ཚུར་སླེབས་ནས་བུ་ཆུང་མི་ཚོགས་ཀྱི་འཚང་ཀ་ཆེ་བའི་གཡས་ཟུལ་དུ་འབོལ་གདན་ཞིག་ཡོད་པ་དེར་འཁྲིད་དེ་བཞག་སོང་ཡང་། བུ་ཆུང་གིས་མི་དེའི་ཁ་ལ་མ་ཉན་པར་མུ་མཐུད་རླུང་ལང་བཞིན་མི་དེ་ཕར་འགྲོ་ཤུལ་དུ་རྐང་ལག་གཡུག་ཏེ་བཞུ་བརྩིས་ཀྱང་བྱས་སོང་། དེའི་ཉེ་འཁོར་དུ་ཡོད་པའི་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བུ་ཆུང་དེའི་བྱེད་སྟངས་ལ་གད་མོ་ཤུགས་ཆེར་ཤོར་ཞིང་བརྙན་དེའང་ལེན་འདུག

 

གནས་སྟངས་འདིའི་སྐོར་དྲ་གྲོགས་ཚོས་བསམ་ཚུལ་སྣ་ཚོགས་བཤད་སོང་ཡང་། ང་ནི་བརྙན་ཐུང་དེ་མཐོང་རྗེས་གད་མོ་ཤོར་རྒྱུ་ཕར་ཞོག དེ་མུར་མིག་ནང་མཆི་མས་ཁེངས་ཤིང་། སེམས་ལ་སྐྱིད་པོ་རྩ་བ་ནས་མ་བྱུང་།

དེ་སྔོན་སོ་སོ་བོད་དུ་འཚར་ལོང་བྱུང་ཞིང་དར་གཞོན་གྱི་ཚོད་བར་དེར་འཚོ་བ་བསྐྱེལ་མྱོང་མཁན་ཞིག་ཡིན། གནས་སྟངས་ཤེས་མཁན་ཞིག་ཡིན་ཚེ། དོན་དངོས་ཐོག་བརྙན་ཐུང་འདི་ནི་རྒྱ་དམར་འོག་འཚོ་བཞིན་པའི་མི་དམངས་དཀྱུས་མའི་འཚོ་བ་གསོན་པོའི་ཟུར་ཙམ་གྱི་དོན་དངོས་ཡིན་པ་ལོས་ཤེས། སྤྱི་ཚོགས་སུ་འདི་ལས་ཚབ་ཆེ་ཞིང་ཡ་ང་བའི་སྐྱོ་གར་ཅི་ཙམ་ལ་འཁྲབ་ཟིན་ཞིང་། འཁྲབ་བཞིན་པ། འཁྲབ་རྒྱུ་བསྡད་ཡོད་པ་རེད་ཨང་།

 

 

ཕྲུ་གུ་ཆུང་ཆུང་འདི་འདྲ་ཞིག་གི་སེམས་ལ་ཁོང་ཁྲོ་དང་འཁོན་འཛིན་གྱི་ས་བོན་ངར་མ་ཞིག་བཏབས་ཟིན་པ་ནི་བཤད་མི་དགོས་པ་རེད།

དེ་བས་མ་འོངས་པར་ཕྲུ་གུ་འདི་མི་ཅི་འདྲ་ཞིག་ལ་འགྱུར་སྲིད་དམ། དེའང་ཁོར་ཡུག་འདི་འདྲ་ཞིག་ལ་འགྱུར་བ་སྤུ་ཙམ་མེད་སོང་ན། བུ་ཆུང་ཆེན་པོར་ཆག་རྗེས་སེམས་སུ་འཁོན་སེམས་དང་སྡུག་ཡུས་ཤིག་གི་འོག་ཏུ་གནས་རྒྱུ་ཙམ་མ་ཟད། ད་དུང་དེ་བས་གནས་སྟངས་སྡུག་ཏུ་སོང་ན་ཇི་ལྟར་འབྱུང་མིན་ལའང་ང་ཚོས་ཚོད་དཔག་ཏོག་ཙམ་ཐུབ་པའི་གནས་བབས་ལྟ་བུ་རེད་སྙམ།

 

 

དེ་སྔོན་བོད་དུ་ཕོ་གཞོན་ཞིག་གིས་དགའ་རོགས་མ་འདྲ་བའི་བུད་མེད་ཅིག་ཁྲོམ་གཞུང་ལམ་ཟུར་དུ་བཅར་རྡུང་བྱེད་པ་དང་། དེ་མིན་སློབ་མ་བུ་མོ་འགའ་ཤས་ཀྱི་བུ་མོ་གཞན་ཞིག་རུབ་རྡུང་བྱས་པ་བཅས་ཀྱི་བརྙན་ཐུང་མི་འདྲ་བ་ཁ་ཤས་ཀྱང་མཐོང་རྒྱུ་འདུག གཡུལ་འཐབ་ཀྱི་ས་ཁུལ་དུ་མི་རོས་རི་བརྩེགས་ཤིང་། ཟུངས་ཁྲག་གིས་ས་གཞི་སྦགས་པའི་གནས་སྟངས་ཡ་ང་བ་དེ་དག་དང་བསྡུར་ན་འདིའི་རིགས་ཅུང་ཆུང་ཙག་ཡིན་སྲིད། འོན་ཀྱང་གདུག་རྩུབ་ཀྱི་གཞི་རྩ་ནི་གཅིག་པ་གཅིག་རྐྱང་ཡིན།

 

 

དེ་མིན་ནུབ་ཕྱོགས་པར་མཚོན་ན། སྤྱི་བཏང་མིའི་འབྲེལ་ལམ་དུ། ངས་མཐོང་ཐུབ་པའི་དྲ་ལམ་ཁག་དང་ངོ་དེབ་སོགས་སྤྱི་ཚོགས་དྲ་ཚོགས་ཀྱི་ཁོར་ཡུག་ཏུ་ཆེ་ས་ནས་བཤད་ན་མིའི་ཤེས་རིག་དང་ཀུན་སྤྱོད་ཐད་ནས་ཡིད་དུ་འོང་ཞིང་སེམས་ལ་མཛའ་བའི་བརྙན་ཐུང་མང་པོ་མཐོང་རྒྱུ་འདུག དཔེར་ན་ཕ་མས་བུ་རྒྱུད་འཚར་ལོང་འབྱུང་བའི་བྱུང་རིམ་དུ་སྤྲོ་སྣང་གི་རྣམ་འགྱུར་བརྙན་ལེན་པ། ཕ་མ་བུ་རྒྱུད་ཚོ་མཉམ་དུ་དགའ་སྤྲོའི་རྣམ་པར་རོལ་བ། ལག་ཤེས་ཅན་དང་སྒྱུ་རྩལ་བའི་རྩལ་ལག་ངོམས་པ། རྒྱུན་གཏན་འཚོ་བའི་ནང་གི་དགོད་བྲོའི་བརྙན་ཐུང་སྣ་ཚོགས། དུད་འགྲོ་སྲོག་ཆག་བསད་པའི་བྱ་བར་ངོ་རྒོལ་མཚོན་པ་སོགས་ཀྱི་སྣང་ཚུལ་སྣ་ཚོགས་འདུག ངས་བརྙན་རིས་འདི་དག་ནས་རང་རེའི་བོད་མི་རིགས་འདིའི་འཚོ་བ་རོལ་སྟངས་དང་འགྲོག་འབྲེལ་སྐོར་ལའང་ཟུར་ཙམ་བསམ་བློ་འཁོར་བྱུང་།

 

 

གནད་དོན་དངོས་ལ་སྐྱོན་བརྗོད་ཚད་ལྡན་ཚུལ་མཐུན་བྱེད་མཁན་རེ་འགའ་ཕུད། གཞོན་སྐྱེས་ཀྱི་རིགས་གཙོས་མགོ་སེར་གྱི་ཡོད་ཚད་གསེར་དང་ང་ཚོའི་ཡོངས་རྫོགས་སྐྱག་པ་རྐམ་པོ་ལས་མི་མཐོང་མཁན་ནམ་དེང་རབས་དང་སྔོན་མཐོན་ཅན་དུ་རློམ་མཁན་ཁ་ཅིག་གིས་ང་ཚོ་བོད་མི་རིགས་ཟེར་བ་འདི་ཀླ་ཀློ་དང་རྗེས་ལུས། མ་རབས་དང་ཐ་ཤལ། རྨོངས་དད་དང་སྒྱིད་ལུག་སོགས་མ་འགྲིག་མ་འཐུས་ས་ཚང་མ་བོད་རིགས་སོ་སོའི་ངོ་བོར་བསྒྱུར་ཡོད་པ་ལྟར་སྐྱོན་ཀུན་ལྡན་དང་ཡོན་ཏན་ཏིལ་ཙམ་དབེན་པ་ཞིག་ཏུ་མཐོང་སྲིད་མོད། དེ་བས་བོད་པ་མ་ཉུང་བ་ཞིག་གིས་ཀྱང་སོ་སོའི་ངོས་ཀྱི་ལེགས་ཆ་སྤུ་ཙམ་དབེན་ཞིང་སྐྱོན་ཆ་རི་ལྟར་སྤུངས་སྟངས་ལའང་ང་ནི་སྣང་བ་ཁྱོན་ནས་འགྲོ་དཀའ་མོ་འདུག གང་ཡིན་ཟེར་ན། འགྲོ་བ་མིའི་ཆ་ཤས་སུ་རྟོགས་པ་དག་ལ་དགེ་སྐྱོན་གཉིས་ཀའི་ཆ་བཤད་རྒྱུ་ཡོད་པ་གང་ཞིག དེ་དག་གིས་སོ་སོའི་དགེ་མཚན་དར་སྤེལ་དང་སྐྱོན་ཆ་དོར་ཐབས་བྱེད་ཀྱི་ཡོད་ངེས་སྙམ། དོན་དམ་པར་ཕྱི་དགྲ་ལ་འཁོན་ལེན་སློག་སྟངས་ཀྱི་ཐབས་ཤེས་ནང་ལའང་རང་རིགས་ཀྱི་ཁྱད་ཡོན་འབུར་དུ་བཏོན་ཐབས་བྱེད་པ་དེའང་ཐབས་ལམ་ལེགས་ཤོས་གྲས་སུ་ཚུད་ཡོད་པར་མཐོང་གི་ཡོད། སོ་སོའི་ངོས་ཀྱི་ལེགས་ཆ་མཐོང་རྒྱུ་དེའང་ཡར་རྒྱས་ལ་ཕྱོགས་པའི་སྤོབས་པའི་འབྱུང་ཁུངས་ཁོ་ནར་ཟད་པ་ལྟ་བུ་ཡིན་དུས། ང་ཚོའི་ངོས་ནས་སོ་སོའི་ངོས་ཀྱི་ལེགས་ཆ་དང་དགེ་མཚན། བཟང་པོའི་རྣམ་པ་དང་བྱ་སྤྱོད་དག་ལ་གཅེས་འཛིན་དར་སྤེལ་གཏོང་དགོས་པ་ནི་མིག་སྔར་གྱི་གལ་ཆེན་ནང་གི་དོན་ཆེན་ཞིག་ལ་བརྩི་ན་མི་འགྲིག་རྒྱུ་མེད་ཅིང་། ང་ཚོ་བོད་མི་རིགས་འདི་འཛམ་གླིང་ཞི་བདེ་དང་འཚེ་བ་སྤོངས་པའི་བྱམས་བརྩེ་དང་རང་དབང་གི་ཕྱོགས་སུ་སྣེ་འཁྲིད་སྟངས་ཤིག་ཀྱང་ཡིན་སྲིད།

 

 

ང་ཚོའི་བླ་མས་འཛམ་གླིང་བསྐོར་ནས་བྱམས་དང་སྙིང་རྗེ་ཞལ་ནང་གི་མཆི་མ་རྫོགས་རབ་བར་དུ་གསུང་ཞོར་བོད་མི་རིགས་འདིའི་ལེགས་ཆའང་ཞོར་དུ་གསུང་ནས་ང་ཚོའི་བོད་པ་མང་པོ་ཞིག་ཕྱི་གླིང་ཡུལ་གྲུར་རང་བཞིན་བཟང་པོ་ཚོས་གཞན་ལ་དམིགས་དཔེ་སྟོན་པ། བཟང་པོ་མིན་ཡང་བཟང་ཁུལ་བཏོན་ནས་གང་ཐུབ་ཀྱིས་རང་གི་སྤྱོད་པ་ངན་པར་ནན་ཏན་དང་སྟངས་འཛིན་རེ་ཡོང་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་འགའ་ཡང་མཐོང་བྱུང་།

 

 ཐེངས་ཤིག་ངའི་སྡོད་སའི་ཁང་པའི་འགྲམ་དུ་དགེ་འདུན་པ་ཞིག་གིས་གོ་སྒྲིག་འོག་ཕྱི་གླིང་བ་ཁག་ཅིག་ལ་བོད་པས་ཕྱི་གླིང་བར་བོད་སྐད་བསླབ་རོགས་བྱེད་ཅིང་། ཆོས་ཀྱི་ནང་དོན་ཅུང་ཡང་བཤད་ཀྱི་ཡོད་པའི་བཟོ་ལྟ་མཐོང་། དེའི་ནང་ངའི་དེ་སྔོན་གྱི་ངོ་ཤེས་བུ་མོ་ཞིག་ལ་དེའི་སྐོར་ཟུར་ཙམ་དྲིས། བུ་མོ་དེས་ང་རང་དེ་སྔོན་བོད་པ་ཡིན་ཡང་སོ་སོའི་སྐད་དང་ཡི་གེ དེ་བཞིན་ཡ་རབས་བཟང་སྤྱོད་སྐོར་ལ་དེ་ཙམ་དོ་སྣང་མེད་མཁན་ཡིན། འོན་ཀྱང་ཕྱི་རྒྱལ་བར་སྐད་བརྡ་བསླབ་པའི་བྱ་བར་བཞུགས་རྗེས་སོ་སོའི་ངོས་ནས་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་ང་ཚོས་སོ་སོས་བདག་པོ་མ་རྒྱག་ན་ངོ་མ་ཚར་འདུག་བསམ་པ་ཞིག་ཡོང་གི་འདུག དེའང་ང་ཚོས་སོ་སོའི་ཆོས་དང་རིག་གཞུང་ལ་ཞེན་པ་ལོག་གྲབས་ཡོད་སྐབས་སུ་ཕྱི་རྒྱལ་མགོ་སེར་ཚོས་ང་ཚོའི་མི་རིགས་འདིའི་ཡུལ་གོམས་དང་གཤིས་ལུགས་ནི་མིའི་རང་བཞིན་གྱི་ལུགས་སྲོལ་བཟང་པོ་དང་། བག་ཡངས་བཟང་པོ་ཞིག་ལ་ངོས་འཛིན་པ་མ་ཟད། མགོ་སེར་ཚོས་ང་ཚོས་གལ་ཏེ་སོ་སོའི་རིག་གཞུང་བརླགས་པ་ཡིན་ན་ཕམ་པོ་རེད་ཟེར་གྱི་འདུག དེ་སྔོན་མགོ་སེར་རྒན་པ་ཞིག་གིས་ང་ལ་དྲང་པོ་བཤད་ན། ངའི་ངོས་ནས་ཁྱོད་ཚོ་བོད་པའི་ཕྱོགས་ནས་ལེགས་ཆ་ཁོ་ན་ཞིག་ལེན་རྒྱུ་ཡོད་པ་དེའང་ཆོས་དང་རིགཞུང་བཟང་པོ་འདི་རེད། ང་ཁྱོད་ཚོའི་བོད་པར་དགའ་བའི་རྒྱུ་མཚན་དང་། སོ་སོའི་ངོས་ནས་ཀྱང་ཁྱོད་ཚོར་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་དང་། མཐུན་སྦྱོར་བྱ་བསམ་པའི་རྒྱུ་མཚན་གཙོ་བོ་ཡིན་གསུངས་བྱུང་། སོགས་བུ་མོ་མོ་རང་གི་སེམས་ཚོར་བཤད་སོང་།

 

 

ང་རང་སྒེར་ངོས་ནས་ཡིན་ཡང་སྤྱིར་ན་རང་གཤིས་གྱོང་པོ་ཡིན་པའི་ཁར། ཁ་རུ་ཁ་ཐུག་རེད་ཟེར་ནས་གཞན་གྱིས་ཟེར་གྱི་འདུག་སྟེ། སོ་སོའི་ངོས་ནས་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ང་ནི་ཅུང་མ་འགྲིག་ན་ལམ་སང་མཐོང་བསྡད་པའི་རྣམ་རྟོག་ཚ་པོ་དང་། མི་གཤིས་ཐད་ནས་ཀྱང་ནག་ནོག་དང་གཡོ་འཁྱོལ་ཉུང་ཙམ་ཡང་མིག་ལ་འགྲོ་ས་མེད་པའི་བུད་མེད་གུ་དོགས་པོ་ཞིག་ཡིན་སྲིད་ལ། ཁོང་ཁྲོ་དང་རླུང་ལང་ཆོག་ཆོག་ལྟ་བུ་ཞིག་ཡིན་ཟེར་ནའང་ཆོག དེར་བརྟེན། ང་ནི་མི་གུ་ཡངས་དང་བག་འཕེལ་ཞིང་། གནས་སྟངས་ཅི་འདྲའི་ཐོག་ལ་ཡིན་ཡང་བག་ལྷོད་ཀྱིས་ཕྱོགས་ཤིང་སྤྲོ་བ་ཆེན་པོའི་རིགས་ལ་ཧ་ཅང་དགའ་མཁན་ཞིག་ཡིན་བསམ་གྱི་ཡོད། ང་ཚོའི་ཉེ་འཁོར་གྱི་མིའི་ནང་དུའང་མཚམས་རེར་མི་སྣང་བ་སྐྱིད་པོ། གཞན་ལ་ལྟ་ཤེས་བསྟུན་མཁས། འགྲོག་འབྲེལ་བདེ་ཞིང་། ཕན་ཚུན་དབར་བཟང་སྤྱོད་ཀྱི་ལ་རྒྱ་དང་ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་མཁན་རེ་དང་ཐུག་ན་ཧ་ཅང་སེམས་ཀྱི་དགའ་སྤྲོ་སྦ་གསང་མི་ཤེས་མཁན་ཞིག་ཀྱང་ཡིན་བསམ་གྱི་འདུག

 

ཆེ་ས་ནས་མི་རིགས་ཀྱི་ལ་རྒྱ། མི་རིགས་སོ་སོའི་ཁྱད་ཆོས་བཟང་པོ་དང་ལེགས་ཆར་ངོས་བཟུང་བའི་ཆོས་དང་རིག་གཞུང་གི་ཁྱོན་ཆེན་པོ་ཡོད་པ་གང་ཞིག རྒྱུན་དུ་སོ་སོ་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་ཀྱང་ཡ་རབས་མ་རབས་སྤྱོད་པས་ཤེས། ཡུལ་ལུང་གང་ཡིན་སྐད་ཀྱིས་ཤེས་ཅེས་པ་ལྟར་སེམས་བཟང་པོ་དང་གཤིས་འཇམ་པོ། དེ་ནས་ལས་དོན་གང་ཡིན་ཡང་བག་ཡངས་པོ་དང་སྤྱི་ཕན་བྱ་བཞག་ལ་རོལ་ཐུབ་པའི་སྒོ་ནས་བྱ་བཞག་ཆེ་སར་འཇུག་ཐུབ་ན་ད་བཟོད་གཞི་ནས་སོ་སོས་སོ་སོར་ལྟས་ན་ཡིན་བསམ་བསམ། གཞན་གྱིས་བལྟས་ནའང་རེད་བསམ་བསམ་ཞིག་ཡོང་ཐུབ་ཅིང་། ངན་པ་དང་དྲག་པོ། བསམ་ངན་དང་གཡོ་སྒྱུ། ངན་སེམས་ཁོག་ཏུ་སྦས་ཏེ་འཚེ་བ་དང་དྲག་པོར་རེ་སྨོན་ཤོར་མི་དགོས་པར་དེ་དག་དང་རིང་དུ་གྱེས་ཏེ་རང་གི་སྐད་དང་ཡི་གེ ཆོས་དང་རིག་གཞུང་གི་བག་ཆགས་བཟང་པོ་ཙམ་ཡང་འགོས་ཐབས་བྱེད་པའི་རྨང་གཞི་ཐོག ང་ཚོའི་སོ་སོའི་ཁྱད་ཡོན་དེ་ངན་པ་དགུ་འཛོམས་ཀྱི་དགྲའི་སྙིང་ཁར་ཟུག་ཐུབ་པ་ཞིག་བྱ་ཐུབ་ན། ད་བཟོད་གཞི་ནས་ང་ཚོའི་བོད་མི་རིགས་འདི་ལ་ཕྱིའི་གཟུགས་ཕུང་ཁོ་ནས་ཡ་རབས་གུས་ཞབས་ཀྱི་ཆ་ནས་ཀྱང་མཐོ་ས་བླ་མ་དང་སློབ་དཔོན། དགེ་རྒན་དང་དཔོན་རིགས། ཕ་མ་དང་རྒན་རབས་བཅས་ལ་གུས་བཀུར་བྱེད་སྲོལ་དང་། ཁྱིམ་ཚང་གི་ནང་དུ་ཡིན་ན་བུ་ཕྲུག་གིས་ཕ་མར་གུས་ཞབས་ཞུ་སྲོལ། ཁྱིམ་དུ་སྐུ་མགྲོན་ཕེབས་སྐབས་གུས་ཞབས་ཞུ་སྲོལ། ཕན་ཚུན་མིང་འབོད་སྐབས་གུས་ཞབས་ཞུ་སྲོལ། ཡི་གེ་གཏོང་སྐབས་གུས་ཞབས་ཞུ་སྲོལ་སོགས་མི་འདྲ་བ་མང་པོ་ཡོད།

 

དེ་ལྟ་བུའི་ཡ་རབས་བཟང་སྤྱོད་ཀྱི་ཆ་ཕྲ་མོ་ཙམ་ཡང་ང་ཚོས་རྒྱུན་འཛིན་དར་སྤེལ་གཏོང་ཐབས་དགོས་པ་ནི་རྩ་བའི་བླ་མས་འཛམ་བུ་གླིང་ལ་བསྒྲགས་བཞིན་པའི་བོད་ཁ་བ་གངས་ཅན་གྱི་མི་རིགས་འདིའི་གཤིས་ཀ་བཟང་པོའི་ཁྱད་ཡོན་དེར་ཞབས་འདེགས་ཟུར་ཙམ་སྒྲུབ་ཡོད་ཀྱི་རེད་བསམ་གྱི་འདུག 

༢༠༡༦ ཟླ་ ༢ ཚེས་ ༦ ཉིན་བྲིས།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -