ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
བཀའ་དྲིན་ཉི་མའི་སྣང་བ།
05.02.2016 11:36:54

གཞོན་ནུ་ལང་ཚོ་འདབ་བཟང་ཞི་བའི་སྐུ།།

སྙན་འཇེབས་དྲུག་ཅུ་དབྱངས་ལྡན་འགལ་མེད་གསུང།།

ཇི་བཞིན་ཆོས་ཀུན་གཟིགས་པའི་ཐུགས་མངའ་བ།།

འཇམ་དཔལ་ངག་གི་དབང་པོ་བདག་སྐྱོངས་ཤིག།།

རབ་མཛེས་ཆུ་དཀྱིལ་པད་མའི་གདན་སྟེང་ན།།

མཛེས་སྡུག་ལང་ཚོར་སྟོང་གི་ལུས་ཕྲ་ཅན།།

སྙན་པོའི་དབྱངས་དང་ཚིག་སྦྱོར་གཏེར་མཛོད་མ།།

སྙན་འགྱུར་གསུང་གི་དགེ་ལེགས་བསྩལ་དུ་གསོལ།།

ཚེ་སྔོན་ལས་དང་རྟེན་འབྲེལ་འཁོར་ཕྱོགས་ཀྱིས།།

རྣམ་ཤེས་འཁྱམ་པོ་མཐོ་སྒང་བོད་དུ་འཕོས།།

རང་རྒྱལ་གཞན་ཕམ་དུས་ཀྱི་འགྱུར་ལྡོག་གིས།།

གངས་རི་བུ་ཕྲུག་རང་ཡུལ་བྲལ་དགོས་བྱུང།།

གངས་དཀར་རི་ནས་གོམ་ཁ་དལ་གྱི་བསྒྱུར།།

ལེ་དབར་སྟོང་གི་འགྲོ་ལམ་རྐང་འོག་བརྫི།།

ཆ་ལུགས་གོམས་ཤིས་མི་གཅིག་ཡུལ་འདི་ལ།།

མ་བསམ་བཙན་པོའི་ལས་ཀྱིས་བཀོད་སྒྲིག་བྱེད།།

མཛའ་མཐུན་བྱམས་བརྩེ་ཆོས་མཐུན་གྲོགས་དབེན་ཞིང།།

ཡུལ་ཕྱོགས་འདི་ཡི་ཆ་ལུགས་གོམས་གཤིས་སོགས།།

ཆ་རྒྱུས་མེད་ལ་རང་ཚུགས་མ་ཐུབ་སྐབས།།

རིམ་བཞིན་ལུས་ཚོར་དཀའ་སྡུག་ཀློང་དུ་ཚུད།།

ལྷོ་མཐར་བེ་ཏའི་ནགས་ཀླུང་སྟུག་པོ་ཁྲོད།།

བཤད་སྒྲུབ་འབྱུང་གནས་དགོན་སྡེ་རྒྱུ་སྐར་ཚོགས།།

འོད་སྟོང་འབར་བའི་ཀུ་མུད་ལང་ཚོར་ཅན།།

བློ་གསལ་གླིང་ཞེས་མཚན་སྙན་བ་དན་གཡོ།།

དེ་བཞིན་བློ་གསལ་འདུས་པའི་ཚོགས་དབུས་སུ།།

གཞུང་ལུགས་ཤེས་བྱའི་འདབ་བཟང་མེ་ཏོག་ལ།།

སྐལ་ལྡན་བློ་གསལ་བུང་བ་སྟོང་ཚོ་ཡིས།།

གཞུང་དོན་ཟེའུ་འབྲུ་དཔལ་ལ་དགའ་སྟོན་བྱེད།།

རྒྱ་བོད་མཁས་པའི་གཞུང་ལུགས་འཆད་པ་ལ།།

སྨྲ་བ་ཟླ་མེད་ཀླུ་སྒྲུབ་གཉིས་པའི་ཟླ།།

ཟླ་མེད་བླ་མ་ཁྱེད་ཀྱི་མཛད་བཟང་འོག།།

སློབ་བུར་བདག་སོགས་ཐར་ལམ་རྩ་བ་ཚུགས།།

ངག༵ནས་གསུང་རབ་བདུད་རྩིའི་ཆར་འབེབས་པས།།

དབ༵ང་ལྡན་ཡིད་ཀྱི་ཞིང་ས་ཡོངས་སུ་རྒྱས།།

སྐལ༵་བཟང་སྟོང་གིས་བསྔགས་པའི་བདེ་གཤེགས་སྲས།

བཟང༵་ལམ་སྟོན་ཆེད་བདག་སོགས་མགོན་དུ་རོལ།།

རིམ་བཞིན་ལོ་ཟླ་དུས་ཀྱི་འཁོར་ཕྱོགས་ནང།།

བཅོས་མིན་སྙིང་རྗེ་གཞན་གྱི་དབང་གྱུར་ཏེ།།

སྒོ་གསུམ་སྤྱོད་པའི་བག་མེད་ལོག་འཚོ་ལ།།

སྤྱོད་ཡུལ་བླང་དོར་མན་ངག་ཁྱོད་ཀྱིས་སྦྱིན།།

གང་གི་ཐུགས་སྨོན་ཞི་བདེ་རྒྱ་མཚོ་ལས།།

འཁྲུངས་པའི་དྲི་མེད་ནང་ཆོས་ནོར་བུ་ལ།།

ཉིན་མཚན་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱིས།།

བྱ་བའི་དུས་ཀྱི་འདའ་བའི་སྐལ་བཟང་ཐོབ།།

མཚན་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་དང།།

མཁས་གྲུབ་འབྱུང་གནས་གྲྭ་ཚང་མཐུན་སྦྱོར་འོག།།

ངུར་སྨྲིག་འཆང་བའི་ཆོས་གྲོགས་སྟོང་གི་ལྷན།།

གཞུང་ལུགས་རྒྱ་མཚོའི་ནོར་བུ་ལེན་ལ་བརྩོན།།

བཤེས་གཉེན་གང་གི་པད་མའི་མཛད་བཟང་འོག།།

ཐར་འདོད་བདག་སོགས་སྐལ་ལྡན་བུང་བའི་ཚོགས།།

ཡང་རྩེ་མཁས་པའི་གྲལ་དུ་མ་ཚུད་ཀྱང།།

ལེགས་ཉེས་རྨོངས་པའི་གཉིད་ལས་མགོ་བོ་སངས།།

དབང་མེད་གཞན་ཡུལ་སྡུག་གི་ལོ་ཟླ་ནང།།

གངས་ཕྲུག་སྐྱ་སེར་ཨ་སྒོར་ལ་བརྩོན་ནས།།

སྲོག་རྩ་རིག་གཞུང་ཉག་ཕྲའི་སྐབས་འདི་ཡང།།

ཞུམ་མེད་བློ་སྟོབས་སྤྲིན་དཀར་ལྷག་བསམ་ཅན།།

མི་དགེ་ལས་ཀྱི་སྒོ་གསུམ་རབ་མནར་ཞིང་།།

གྲངས་མེད་འཁོར་བ་འཁྱམས་པའི་འགྲོ་བ་ཀུན།།

སྡུག་བསྔལ་སྲིད་མཚོ་ལས་སྒྲོལ་གཤེས་གཉེན་ཁྱེད།།

སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།།


བདག་ལ་བཀའ་དྲིན་གསུམ་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་ལྷ་རམས་པ་རྒན་ངག་དབང་སྐལ་བཟང་མཆོག་ལ་ཕུལ།



བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -