ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.02.2016 11:00:15
བེ་རི་འཇིགས་མེད་དབང་རྒྱལ།

གངས་ཅན་པའི་མ་འོངས་སོན་རྩ་གཞོན་སྐྱེས་སྨྱུག་ཐོག་པ་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས་༼སེམས་ཀྱི་གསང་བ་༽ཞེས་པའི་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་འདི་བཞིན་དཔེ་སྐྲུན་འགྲེམ་སྤེལ་ཞུ་འཆར་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས།
དབུས་བོད་སློབ་འཛིན་ཚོགས་དང་བོད་ཁྱིམ་སློབ་གྲྭ་ནས་ཐོན་པའི་སློབ་མ་ཕལ་མོ་ཆེ་ཞིག་གཏོང་ཡིག་ཐང་ཐང་ཞིག་ཀྱང་འབྲི་མི་ཤེས་པའི་གནས་ལ་གྱར་བའི་དུས་མཚམས་འདིར། གཞིས་སྐྱེས་བྱེས་འབྱོར་ན་གཞོན་བུ་མོ་ལོ་ན་བཅོ་བརྒྱད་ལས་མ་སོན་པ་ཞིག་གིས་སྙན་ཚོམས་ཆུང་ཆུང་ཞིག་གསར་སྐྲུན་གནང་རྒྱུའི་ཕུག་རེ་དང་མངོན་འདོད། སེམས་ཤུགས་དང་བརྩོན་འགྲུས་ལ་བསྔགས་བརྗོད་མི་ཞུ་ཐབས་མེད་རེད།
ཁྱོད་ཀྱི་བསམ་བློའི་སྙིང་སྟོབས་དང་ཕུག་རེ་སྔུན་བསུས་ཀྱི་བྱ་བཞག་ལས་གྲུབ་པའི་སྙན་ཚོམས་འདིར་ཞུ་དག་དང་འབྲེལ་ནས་ཞིབ་བཀླགས་ཐེངས་འགར་བྱས་པའི་མཐོང་སྣང་རགས་ཙམ་འགོད་ན། བརྗོད་གཞིའི་ཐད་ནས་ཕ་མ་སྤུན་མཆེད་ལ་དུང་ཞེན་དང༌། ཕ་ས་མ་ཁང་ལ་འཁྲི་ཞེན། དགའ་རོགས་སྐྱོ་རོགས་ལ་བརྩེ་མདངས་ཀྱི་གཟི་ཁ་འཕར་ཞིང༌། རྒྱལ་ཞེན་ལྷག་བསམ་གྱི་ཆོད་སེམས་དང༌། དད་པ་དང་སྣང་གི་ཡིད་ཆེས། ཕུགས་རེ་སྔོན་བསུས་ཀྱི་འཆར་སྒོས་སེམས་ཁམས་བཏེགས་པའི་ཡིད་བརྙན་བརྗེན་པ་སྒྲ་གཟུགས་སུ་བསྐྲུན་ནས་བྲིས་འདུག་ཅིང༌། རྗོད་བྱེད་ཀྱི་ཐད་ནས་བཤད་ན། བཅད་ལྷུག་སྤེལ་མ་གསུམ་ལས་ཚིགས་བཅད། གྲོལ་འདུས་རིགས་མཛོད་བཞི་ལས་གྲོལ་བ། འདོད་སྲོལ་གསར་གསུམ་གྱི་རྩོམ་སྲོལ་ལས་གདོད་རྩོམ་གྱི་གླུ་ཚིག་གཙོ་བོར་བྱས་ནས་སྒྲིག་འདུག་པ་ལ། ཚིག་གི་རྒྱན་གྱི་ཆ་ནས་བཤད་ན་དཔེ་གཟུགས་བསྐོར་གྱི་ཚིག་རྒྱན་ལས་གྲུབ་ཅིང༌། དེ་ཡང་ཨུ་ཚུགས་ཀྱིས་འབྲོག་པས་གཟིགས་པ་གྱོན་པ་དང༌། རོང་པས་རྡོ་རྒྱན་སྤྲས་པ་ལྟ་བུའི་བཙན་སྒྲིག་མ་ཡིན་པར། རང་བྱུང་ལྷན་སྐྱེས་ཀྱི་བརྗོད་པ་ངག་གི་རྒྱུན་དང་ལྷན་ཅིག་ཏུ་འགྲོགས་པའི་ཚིག་རྒྱན་གྱིས་མཛེས་པར་སྤྲས་པ། སྒྱུ་རྩལ་དང་ཉམས་འགྱུར་གྱི་ཐད་ནས་བཤད་ན། ལྷུ་ལག་འགྲིགས་པའི་ཚིག་སྦྱོར་རེ་རེ་བཞིན་ཉན་ན་སྙན་ཞིང་བསམ་ན་འཇེབས་པའི་ཁྱད་ཆོས་ལྡན་པར་མ་ཟད། རང་ས་བཞག་ནས་མི་ཡུལ་གྱར་མཁན་དང༌། ཕ་མ་བྲལ་ནས་ས་མཐར་འཁྱམས་མཁན་གྱི་མི་རིགས་ཞིག་གི་དྲན་གདུང་གི་སྐྱོ་སྣང་དང༌། ཕམ་ཁའི་མིག་ཆུ་རེ་རེ་བཞིན་ཉིན་རེའི་འཚོ་བ་དང་འགྲོགས་པའི་གནས་བབ། ཤར་སའི་མེ་ལོང་དང༌། མི་རྗེད་པར་འཛིན་པའི་རྡོ་བརྐོས་རི་མོ་བཞིན་སེམས་ལ་ངང་གིས་ཟུག་འོང་པའི་ཁྱད་ཆོས་ལྡན།
མི་ཡུལ་དུ་གྱར་ནས་མི་ཚེ་བསྐྱལ་མཁན་གྱི་བུ་མོ་ཆུང་ཆུང་འདི་ཉིད་ཉེ་སྔོན་སཱ་ར་བོད་རིག་པའི་ཞིབ་འཇུག་ཟབ་སྦྱོང་ཞིག་ལ་ཐེངས་གཅིག་མཇལ་བའི་སྐབས། ལུས་ངག་གི་བྱ་སྤྱོད་ལས་བློ་ཁོག་དང་སྙིང་སྟོབས། མདུན་མཆོང་དང་ཕུག་རེའི་ཆོད་སེམས་གཏིང་ཟབ་ལྡན་མཁན་ཞིག་ཡིན་པའང་ར་འཕྲོད་བྱུང་ཐོག ད་རེས་མོའི་ངག་གི་འདུ་བྱེད་ལས་གྲུབ་པའི་སྙན་ཚོམས་འདི་བཞིན་གསར་སྐྲུན་གནང་བ་འདིའི་ཐོག་ནས། བོད་ཡིག་གི་མཐའ་མཇུག་ལ་བཞི་ཤད་འཐེན་སའི་བཟོ་གྲྭ་བོད་ཁྱིམ་དང་བོད་སློབ་ཀྱི་འདམ་རྫབ་གསེབ་ནས་མེ་ཏོག་པདྨ་རྐང་གཅིག་བཞད་པ་ལ་བསྔགས་བརྗོད་དང་ཡིད་རང་མི་བྱེད་ཐབས་མེད་རེད།
ད་དུང་མུ་འཐུད་ནས་གུས་སྟོབས་སྦྱོར་བས་མདུན་མཆོང་གནང་ནས་ཕྱིས་འབྱུང་བོད་རིག་པའི་ཤེས་བྱའི་མ་ལག་དང་འབྲེལ་བའི་རྩོམ་པ་པོ་གྲགས་ཅན་མ་ཞིག་གི་གདན་གྲལ་ལ་འཛེགས་རྒྱུའི་བློ་སྟོབས་ནམ་ཡང་མི་ཉམས་པ་གནང་དགོས།
ཤིས་སྨོན་དང་འཚམས་འདྲི་གྲངས་མེད་བཅས་སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་ཝཱ་རཱ་ཎ་སཱི་མཐོ་སློབ་རང་གནས་ཡིག་ཚང་ནས་2016ལོའི་ཟླ 1ཚེས 14གཟའ་ཕུར་བུ་ཉིན།


  
 

01.02.2016 12:39:37

དགེ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -