ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།
བཙོན་མ་ཞིག་གི་སྡུག་གཏམ།
25.01.2016 00:44:52

བོད་ནང་དུ་ཡོད་དུས་ང་རང་ལ་སྒྲུང་འདི་ཧ་ཅང་གིས་སྙན་བྱུང་། ཉེ་ལམ་གྲོགས་པོ་ཞིག་གི་ལག་ནས་རག་སོང་བས་ཡང་བསྐྱར་ཐེངས་ཁ་ཤས་སུ་བཀླགས་པ་ཡིན།

རྩོམ་པ་པོ། ཁྱུང་བཟང་།


ཉེས་པ་དུ་མའི་རྣམ་སྨིན་གྱིས། རྐང་ལག་ལྕགས་སྒྲོག་གིས་བཅིངས་ཏེ་མུན་དོང་དུ་གཡུགས་རྗེས། ངས་ཐེངས་དང་པོར་ཉི་མ་ནི་འོད་སྣང་དང་དྲོད་ཁོལ་ཡིན་པ་རྟོགས་ཤིང་། བར་སྣང་དུ་ལག་པ་གཡུག་ཆོག་པ་ཙམ་དང་ཐང་སྟོང་ནས་གོམ་པ་སྤོས་ཆོག་པ་ཙམ་ཡང་བདེ་སྐྱིད་ཡིན་པ་ཚོར། ད་དུང་གཏོས་ཆེ་བའི་ནོངས་འགྱོད་དང་འགྲོས་མྱུར་བའི་ཕྱིར་འདང་གི་ཀློང་ནས། ཕ་མ་དང་གཉེན་ཉེ་ཚོས་ངོ་ནག་གནག་གིས་གཤེ་བའི་ཚིག་འབྲུ་རེ་རེ་ནི། སྲོག་མ་འགག་པའི་ལེགས་བཤད་ཅིག་གམ་གདངས་མ་ཉམས་པའི་རོལ་དབྱངས་ཤིག་ཏུ་བསམ་ཞིང་། ཆུང་མ་དང་ན་ཟླ་ཚོས་ངག་འདར་འདར་གྱིས་ཞུ་བ་བྱས་པའི་ཚིག་འབྲུ་རེ་རེ་ནི། དྲོད་མ་ཡལ་བའི་འོ་ཇ་ཕོར་གང་ངམ་བཅུད་མ་ཤོར་བའི་ལུག་ཤ་ཁམ་གང་གི་སྣང་བ་ཤར། ཉེན་དཔོན་གྱིས་ཁྱི་རྐུན་ལྟར་རྡུང་ཞིང་འདེད་པའི་ཉིན་མོ་དེར། རྒྱང་རིང་ནས་ལག་གཡུག་དང་ལྷན་དུ་བཏོན་པའི་བུ་ཆུང་གི་མིག་ཆུ་ནི། ངའི་འཚོ་བར་བཀོད་པའི་སྡོམ་ཚིག་གམ་འགྲོ་ཁ་མའི་རྫོངས་པ་དང་ལམ་རྒྱགས་ཡིན་འདུག

ཉིན་དུ་ཙམ་འགོར་བ་དང་ཟླ་ངོ་ཅི་ཙམ་འདས་པ་མི་ཤེས་མོད། གང་ལྟར་གཡག་རྔ་བཞིན་གཟེངས་པའི་སྐྲ་ལོས་ངོ་གདོང་བཀབ་ཅིང་། ཁ་སྤུའི་ཚོགས་རིང་བོར་སྐྱེས་པ་མྱོང་བས་ཚོར། ནམ་རྒྱུན་མུན་ནག་དང་མནར་གཅོད་ཀྱི་ཀློང་ནས་ལྕགས་སྒོ་འབྱེད་པའི་ཙིར་སྒྲ་ནི་ཕ་ཡུལ་གྱི་རྫི་གཞས་ལས་སྙན་ཞིང་། སླར་ཡང་མུན་ནག་དང་ལྷན་དུ་ལྕགས་སྒོ་རྒྱག་པའི་ཁྲོག་སྒྲ་ནི་སྤྱང་ལྟོགས་ཀྱི་ངུ་ཟུག་ལས་ཀྱང་རྣ་བར་གཟན།

དེ་ལྟར་གསོན་ལ་མ་གསོན་ཙམ་གྱི་མུན་པའི་འཚོ་བ་རྡོ་ལོག་བཞིན་འཁུར་ཏེ། ཧ་ཅང་ཁེར་རྐྱང་དུ་སྡོད་དུས། གློག་བརྙན་བཞིན་ཕུ་ནུ་མིང་སྲིང་གི་ཞལ་རས་ཡིད་ལ་འཁོར་ཞིང་། སྐྱོ་ལྷང་ངེར། མོ་ལོ་ཉེར་ལྔ་མ་ཡོལ་བའི་ཆུང་མའི་ལས་སྐལ་ལ་ཐོག་མར་བསམ་གཞིག་བཏང་། རླུང་ཁམས་གཡོ་ཕྱོགས་ཀྱིས་མཚམས་རེར་སྨྲེང་བའི་མིག་ཆུ་དང་ལྷན་དུ་ང་ལ་སྒུག་མི་དགོས་པའི་སྐད་ཅིག་གཏོང་ཐུབ་ན་སྙམ་པའི་བློ་རྒྱ་འབྱུང་ཞིང་། དེ་དང་ལྷན་དུ་རང་དབང་མེད་པར་བརྩེ་དུང་གི་ཞིང་ལ་ཕྱི་མིག་ཀྱང་ཤོར་འགྲོ། བསམ་བསམ་རྗེས། སླར་ཡང་ཁོ་མོ་སྐྱེས་པ་གཞན་ཞིག་གི་ཞགས་པས་དྲུད་ཨེ་འགྲོ་ཡི་སེམས་ཚེགས་ཀྱིས་མིག་ཟུང་བཙུམས་མི་འདོད་ལ། བུ་ཆུང་ཕ་ཤུལ་ནས་སྐྱུར་ཏེ་གནས་ཡུལ་ཞིག་འགྲེམ་ཨེ་འགྲོ་ཡི་དོགས་བློ་རྦ་རླབས་བཞིན་འཇགས་ཐབས་བྲལ། ད་དུང་དེ་དང་འབྲེལ་ནས་དམིགས་མེད་ཀྱི་སྡང་སེམས་དང་ཕུགས་མེད་ཀྱི་ངེས་འབྱུང་ལྟ་བུའི་ཚོར་འདུ་ཞིག་ཀྱང་ཕན་ཚུན་གྱི་དཔུང་ཤུགས་འགྲན་པ་བཞིན། གཅུ་ལོག་དང་བཅས་ཏེ་ཡ་ཁོག་ཏུ་འཚང་ཡོང་། ངོ་མ་བརྩེ་དུང་ནི་ལན་ཆགས་ཀྱི་ཁུར་བོ་ལྕིད་མོ་ཞིག་དང་། རྣོ་ངར་ཆེ་ཞིང་གུ་ཡངས་དང་བཟོད་སྒོམ་གྱི་ཉག་ཕྲ་བའི་སྒེར་འཛིན་གྱི་འདུ་ཤེས་ཡ་ང་བ་ཞིག་རེད་ཨང་སྙམ་གྱིན། དངན་པ་རིང་མོ་ཞིག་ཀྱང་ཡ་རྐན་གྱི་ཕུགས་ནས་དབང་མེད་དུ་ཤོར་འགྲོ།

སེམས་པ་ཆུང་ཆུང་ལྕགས་སྒྲོམ་དུ་བཅུག་ན། དེ་ནི་ནེ་ཙོ་བྱེའུ་གཟེབ་ཏུ་བཅུག་པ་ལས་ཀྱང་བརྒྱ་འགྱུར་གྱིས་སྡུག་ལ་སྐྱོའོ། ངོ་མ་ཕོ་བ་ལྟོགས་ཏེ་དབུགས་ཀྱང་གཏོང་དཀའ་བའི་དུས་སུ་ལོ་གསར་གྱི་ཤ་མར་ཐུད་གསུམ་མིག་ལམ་དུ་ཤར་འོང་ལ། འཁྱག་གྲང་གིས་མིག་ཀྱང་འབྱེད་དཀའ་དུས་གོས་ཚར་དྲོན་མོ་བློ་ཡུལ་དུ་ཤར་ཡོང་།

གལ་ཏེ། མི་སུ་ཞིག་གིས་ཁྱོད་རང་ཇི་ལྟར་ཚད་འདི་འདྲ་ཞིག་ཏུ་ལྷུང་ངམ་ཟེར་བའི་དབང་དུ་བཏང་ན། དེ་ནི་གཞན་དོན་སྒྲུབ་པའི་ཆག་སྒོ་མིན་ལ། ཕ་མར་དྲིན་གཟོ་བྱས་པའི་གོ་འཛོལ་ཀྱང་མིན་པར། རྟ་རྟོལ་ལམ་ལོག་ཏུ་ཕྱིན་པའི་ཕམ་ཉེས་ཏེ། ཆང་དང་མཱ་ཅང་གིས་བཤམས་པའི་རང་ཉིད་ཀྱི་གསོལ་སྟོན་གྱ་ནོམ་པ་དེ་ལགས།

འདི་ནི་ང་ལ་མཚོན་ན་དེ་འདྲའི་ཡ་མཚར་མེད་པའི་རོལ་རྩེ་ཐེངས་ཤིག་སྟེ། མཱ་ཅང་གིས་ཕམ་རྗེས་ཆང་རག་འཐུང་ནས་ཇག་ལ་ཆས་བའི་གཏམ་རྒྱུད་ཅིག་ཡིན།

དེ་ཡང་ཞིབ་ཙམ་བསྙད་ན། ང་ཚོའི་རུ་སྐོར་ན་ཤ་ཉེ་རིང་དང་རྒྱབ་དཔུང་གང་ཡང་མེད་པའི་རྒན་མོ་མ་བུ་གཉིས་ཡོད་ཅིང་། ཁོ་གཉིས་ལ་ལི་མའི་སྐུ་རྩ་ཆེན་ཞིག་ཡོད་ཚུལ་ངས་སྔར་ནས་གོ་མྱོང་། ཉིན་ཞག་དྲུག་གསུམ་བཅོ་བརྒྱད་ཀྱི་རྒྱན་འཛུགས་ལ་ཕམ་ཁ་བྱུང་རྗེས། ངའི་སྒོ་ཁ་ན་ཡོད་པའི་འབྲི་གསུམ་པོ་དང་ཆུང་མའི་སྐེ་ཡི་བྱུར་རྡོག་ཚོ་ཡང་ཤོར་སོང་། ཁོང་ཁྲོ་དང་ཞེ་སྡང་གིས་སྡོད་མི་ཚུགས་པའི་སྐབས་དེར། ངས་བསམ་བཞིན་དུ་རྒྱ་ཆང་དམ་བེ་གང་གི་ཁ་ཕྱེ་ཏེ་རང་ཉིད་གཅིག་པུས་སྒོག་འཐུང་བྱས་ཤིང་། ཕལ་ཆེར་ས་རུབ་ལ་ཉེ་བའི་སྐབས་སུ་རླུང་བསེར་བུའི་འུར་སྒྲ་དང་མཉམ་དུ་ལམ་ལ་ཆས། ཁེར་རྐྱང་དུ་གནས་པའི་སྦྲ་ནག་ཐེད་པོ་དེའི་སར་སླེབས་དུས། ནམ་མཁའ་ན་སྐར་ཚོགས་ཁྲ་ལམ་མེར་བཞད་ཅིང་མུན་པས་རྩྭ་ཐང་ཧྲིལ་བོ་ཡུགས་གཅིག་ཏུ་སྒྲིབ་འདུག ང་རང་གོམ་པ་ཁྱར་ཁྱོར་གྱིས་སྦྲའི་ཁ་འཚུབ་ཏུ་སོང་ནས་ཁ་རོག་གེར་ནང་ལ་བལྟས་པ་ན། མ་བུ་གཉིས་ཀ་སྔར་ནས་གཉིད་དུ་ཡུར་འདུག་ལ་མཆོད་ཁྲིའི་སྟེང་དུ་མར་མེ་ཆུང་ཆུང་ཞིག་སྒྲོན་ཡོད་པས། དེའི་འགྲམ་ན་ལི་མའི་ལྷ་སྐུ་ཡོད་མེད་མི་ཤེས་ཀྱང་སྒམ་ཆུང་ཞིག་ཡོད་པ་གསལ་བོར་མཐོང་སར་འཁོར་སྐབས་རྐང་སྣེ་ཟངས་དེམ་ལ་ཐོགས་ཏེ་ཁྲོག་དི་རེར་བཏང་པས། མ་བུ་གཉིས་ཀྱིས་འུར་ལྡིར་དང་བཅས་ཏེ་བུ་མོ་ངའི་རྗེས་སུ་མཆོངས་ཡོང་མོད། ངས་མགོ་སྐོར་གཡུག་ཐེངས་གཅིག་གིས་ཁོ་མོ་སྣར་སེ་བཏང་རྗེས་མུན་ནག་ལ་ཁ་གཏད་དེ་ཚམ་ཚོམ་མེད་པར་ཝ་མོ་བཞིན་བྲོས་ཀྱང་། རྒན་མོའི་ངུ་སྐད་རྒྱང་རིང་ནས་ད་དུང་རྣ་ལམ་དུ་འཁོར་ཡོང་།

ཉིན་གསུམ་འཁོར་རྗེས་བུ་མོའི་ཀླད་པར་ཁྲག་ཤོར་ཏེ་ཚེ་ལས་འདས་ཤིང་། མོ་ལོ་བདུན་ཅུ་ལ་སོན་པའི་མ་རྒན་གཅིག་པུར་ལུས། དེ་ལས་ཀྱང་ཞེ་མེར་བ་ནི་བརྐུས་པའི་སྒམ་ཆུང་དེ་མཆོད་འབྲུའི་སྣོད་ཙམ་མོ།

ང་རང་མིའི་ལུས་རྟེན་ཅན་གྱི་སྲིན་པོ་ཞིག་དང་འདྲ་བས། མཚམས་རེར་ངས་རང་ཉིད་གློ་བུར་དུ་འཆི་འགྲོ་བའི་སྨོན་ལམ་ཡང་བཏབ་མྱོང་། ད་ལྟ་ངས་མི་ཞིག་ཡིན་ན་དོན་ཞིག་དགོས་ཤིང་། གཞན་ལ་ཕན་མི་ཐོགས་ཀྱང་གནོད་སྐྱེལ་མི་རུང་བའི་བདེན་ལུགས་རྟོགས་ཡོད། ཡིན་ནའང་ང་རང་ཇི་སྲིད་དུ་མིའི་གྲས་སུ་བགྲང་ཐབས་མེད།


གངས་ལྗོངས་རིག་གནས། 2000.1



བརྗོད་གཞིའི་རིགས་བཀར་བ།:


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -