ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
ཆུང་གྲོགས་རྗེས་དྲན།
05.01.2016 08:50:19

རྩོམ་པ་པོ། མཁས་དབང་དགེ་འདུན་ཆོས་འཕེལ།

སྲིད་པའི་འབྱོར་པ་ལ་ཁའི་ན་བུན།།
འདུས་པའི་སྙིང་གྲོགས་ཚོང་དུས་མགྲོན་པོ།།
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།།
བསམ་ཞིང་བསམ་ན་སྙིང་པོ་མི་འདུག།

རྒྱུས་མེད་གཤིན་རྗེའི་ཕོ་ཉས་ཁྲིད་ནས།།
ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་ལ།།
སྐྱབས་ཀྱི་དམ་མ་རྩ་གསུམ་ལྷ་ཡིས།།
ཐུགས་རྗེས་སྤྱན་གྱིས་སྐྱེལ་མ་མཛོད་ཅིག།།

སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད།།
བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས།།
མི་བཟློག་གཤིན་རྗེས་རྒྱལ་པོའི་བཀའ་ཡིག།།
ཉམ་ཆུང་གྲོགས་ཀྱི་སྟེང་དུ་སླེབས་སོང།།

སྔོན་སྨོན་ལས་ཀྱི་ཆར་ཟིམ་བབས་ཚེ།། 
ཡོད་ཡོད་འདྲ་བའི་དགུང་གི་འཇའ་ཚོན།།
དུང་སེམས་ཉི་མས་གསལ་དུ་སོང་ཚེ།། 
མི་མཐོང་རྣམ་མཁའི་དབྱིངས་སུ་ཡལ་སོང་།།

ན་གཞོན་ལང་ཚོའི་མེ་ཏོག་བཞད་ཚེ།།  
ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི།།
འདྲིས་འདྲིས་ཆུང་གྲོགས་སྙིང་གི་ཚེར་མ།།
ད་ལྟ་རིགས་དྲུག་གང་དུ་ཡོད་ན།།

སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོ། 
ཞག་གསུམ་འཛོམས་པ་འགྲོགས་པའི་ཐ་མ།།
མི་རིང་འཕྲད་པའི་ཁ་ཆད་བྱས་པ།།
རྨི་ལམ་ངང་ནས་འཇའ་ལྟར་ཡལ་སོང་།།

རྒན་གཞོན་བར་མའི་སྐྱེ་བོ་ཐམས་ཅད།།
ངེས་མེད་འཆི་བའི་སྣང་ཚུལ་མཐོང་ཡང།།
ཆུང་སྐྱེས་གྲོགས་ཀྱིས་བོར་བའི་ཕྱོགས་ལ།། 
ནང་གི་གདུང་སེམས་ཆོད་ཐབས་མི་འདུག།

ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ།།
ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང་།།
ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས།།
གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག།

ལུས་ཟུངས་ཟད་པ་ཀེང་རུས་གཟུགས་བརྙན།།
གསོན་དུ་རེ་བའི་ཁོ་ཐག་ཆད་དེ།།
འཆི་བའི་མིག་གིས་ཅེ་རེ་བལྟ་བའི།། 
གཏམ་དེ་བདེན་ན་སྙིང་ལ་གཟན་པ།།

མ་བརྟན་སེམས་ཀྱི་འཁྲུལ་སྣང་ཞིག་ལ།།
ད་དུང་དྲུང་ན་ཡོད་ཡོད་འདྲ་བ།།
དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ།། 
སྙིང་ཁོང་སྟོང་པའི་རྒྱུ་ལས་མི་འདུག།

བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམས་ཏེ།།
མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ།།
དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ།། 
ཕྱི་མའི་ཡུལ་དྲུ་གྲོགས་ལ་བསྲིངས་སོ།།

དགེ་འདུན་ཆོས་འཕེལ། (༡༩༠༥-༡༩༥༡ལོའི་ཟླ་༡༢ཚེས་༡༨ཉིན)
ཆུང་དུས་ནས་གྲྭ་པ་བྱས། ལོ་ཉེར་བཞི་ལ་ལྷ་སར་ཕེབས་ནས་
འབྲས་སྤུངས་དགོན་པའི་ནང་ཆོས་ཞུགས་བྱས།  རྒྱ་གར་དང་ཤིར་ལང་ཀ་སོགས་སུ་ཕེབས་ནས་དབྱིན་ཡིག་དང་ཧིན་དྡི་སོགས་སྦྱངས། ཕྱིར་བོད་དུ་ཕེབས་ནས་བཙོན་དུ་ལོ་གསུམ་རིང་བཅུག།
ཁོང་གིས་རྒྱལ་རབས་ལོ་རྒྱུས། མཚན་ཉིད་རིག་པ། སྙན་ངག རི་མོ་སོགས་ལྗགས་རྩོམ་ཤིན་ཏུ་མང་པོ་གནང་ཡོད་པ་དང་། དབྱིན་ཇིའི་སྙན་ངག་དང་ཧིན་དྡིའི་དཔེ་དེབ་གལ་ཆེན་མང་པོ་བོད་བསྒྱུར་གནང་ཡོད། ཁོང་ནི་དུས་རབས་ཉི་ཤུ་པའི་ནང་གི་བོད་ཀྱི་མཁས་པའི་གཙུག་
རྒྱན་ཞིག་དང་བོད་མི་རིགས་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མི་ཞིག་ཡིན།



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -