ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.01.2016 02:56:59
གངས་དཀར་སེམས།

images/stories/blog_images/Ganglha/Resized/lapo.jpg

བཙན་ཤུགས་ལ་དད་འདུན་བཅང་བའི་སྡུག་ཅིག་ཡོད།

མེ་སྒྱོགས་རྒས་པོ་ཞེས་པའི་དོན་གྱི་ལཱོ་ཕའོ་ཨར། ཞེས་པའི་གློ་བརྙན་དེ་དེང་སང་དངོས་གནས་འབར་སོང་། གྲོགས་པོའི་ནང་དེའི་སྐོར་དཔྱད་བརྗོད་སྤེལ་མཁན་མང་། ངས་གློག་བརྙན་ལ་དཔྱད་བརྗོད་སྤེལ་ན་ནི་གློག་བརྙན་དེར་རྒྱུས་ལོན་ཧ་ཅང་ཚད་མཐོན་པོ་ཡོད་པ་ཞིག་དགོས་པ་ལས། དེ་མིན་གློག་བརྙན་འཁྲབ་འཁྲིད་པའི་ཆེད་དུ་ཁྱབ་བསྒྲགས་བྱེད་རོགས་བྱས་པ་དང་གཅིག་མཚུངས་རེད་འདོད།


 

ཡིན་ཡང་གློག་བརྙན་མེ་སྨྱོགས་རྒས་པོ། ཞེས་པར་དཔྱད་བརྗོད་སྤེལ་བའི་ནང་ངའི་བསམ་ཡུལ་ལས་འདས་པའི་གནས་སྟངས་ཁག་ཅིག་ཡོད། དེ་ནི་དྲ་གྲོགས་ནས་གློག་བརྙན་ནང་གི་མི་སྣ་སྤོ་བོ་ལེའུ་ཡེའི་ལུས་ཐོག་ཏུ་མངོན་པའི་བཙན་ཤུགས་ཅེས་པ་དེར་ལག་པ་བརྡབ་ནས་བསྟོད་བསྔགས་གཏོང་བའི་སྐོར་ཡིན། ཁོ་ཚོས་ལེའུ་ཡེ་ནི་ཕོ་རྒོད་པོ་དང་སྐྱེས་པ་ཕོ་ཞིག་གི་དྲི་བྲོ་བ་ཞིག་རེད་ཅེས་བཤད་སོང་། ངས་དྲ་གྲོགས་དེ་ཚོས་ལེའུ་ཡེ་དང་མཉམ་དུ་ཆང་རག་ཕོར་པ་གཉིས་ཙམ་འཐུང་རྒྱུ་བྱུང་ན་ཅི་མ་རུང་ཨང་ཡང་བསམ་གྱི་ཡོད་འགྲོ་སྙམ།


ངའི་མཐོང་སྣང་ལྟར་ན་ལེའུ་ཡེའི་བཙན་ཤུགས་དེ་ནི་སྤྱི་བཏང་བའི་འཇིག་རྟེན་པའི་གཤིས་ཀ་ཙམ་རེད། དེ་ལ་འུར་བསྟོད་བྱེད་རྒྱུ་ཅི་ཡོད་དམ། གཞོན་ནུའི་སྐབས་ཀྱི་ལེའུ་ཡེ་ནི་འཛིང་རྩོད་བྱེད་རྒྱུར་དགའ་ཞིང་བཙོན་དུ་ཚུད་དེ་བཟའ་ཟླར་སྡུག་སྤྲད་དེ་སོ་སོའི་བུ་ལ་བསླབ་བྱ་དགོས་པའི་འོས་འགན་དེའང་གྲུབ་མེད་མཁན་ཞིག་རེད། ལོ་རྒན་དུས་སུ་ཁོ་ནི་ཁེར་རྐྱང་གི་ཕམ་ཁར་གྱར་བའི་མི་རྒན་ཞིག་དང་། ཁོའི་བུ་ཡིས་ཁོ་པར་ཁ་ཡ་མི་བྱེད་ལ་ཁོ་རང་གང་སར་འཁྱམ་ནས་སོ་སོ་འཇིག་རྟེན་འདིར་གནས་པའི་ཚོར་བ་ཞིག་འཚོལ་ལ་བྲེལ། ལས་ཀ་མེད་དུས་སོ་སོའི་གྲོགས་པོའི་བཟའ་ཟླ་མོ་འོག་ལ་གནོན་ནས་ཁྲམ་པ་འཁྲབ་འདོད་ཀྱང་བྱས། ང་ལ་དྲི་བ་ཞིག་ཡོད་དེ། འོས་འགན་མ་འཁྱེར་བའི་བཟའ་ཟླ་ཞིག་དང་ཨ་ཕ་ཞིག་ལ་མི་རྣམས་ཀྱིས་ཁོ་པར་བཙན་ཤུགས་ལྡན་ཞིང་སྐྱེས་པ་ཕོའི་དྲོ་བ་ལྡན་ཚུལ་ཚོར་དོན་ཅི་ཡིན་ནམ།


ཅཱང་ཝུན་གྱིས་རྩོམ་སྒྲིག་བྱས་པའི་གློག་བརྙན་མདིའུ་འཕུར་དུ་ཆུགས། ཅེས་པ་ནས་བཟུང་བཙན་ཤུགས་ཅེས་པའི་ཐ་སྙད་དེ་དྲ་རྒྱའི་ནང་དར་སྲོལ་ཅན་གྱི་གྲལ་དུ་ཚུད་འགོ་བརྩམས། དེ་ནས་གྷོ་ཏེ་ཀང་གིས་མཚར་གཏམ་བཤད་དུས་བཙན་ཤུགས་ཟུར་དུ་ཤོར་བ་ཟེར་བའི་ཚིག་དེ་གསར་གཏོད་བྱས་དེ་མུ་མཐུད་བཙན་ཤུགས་ཅེས་པའི་ཚིག་དེར་གཞོགས་འདེགས་ལྟ་བུ་བཟོས། དུས་ཡུན་མང་པོའི་རྗེས་སུ་མི་རྣམས་ཀྱིས་བཙན་ཤུགས་ཅེས་པའི་མིང་ཚིག་དེ་གཟི་བརྗིད་ཀྱི་གཙུག་རྒྱན་ཞིག་ཏུ་ངོས་འཛིན་བྱེད། དཔེ་ཡག་པོ་འདུག རྫས་མེ་ལྟར་འདུག ཅེས་བཤད་ཀྱང་ད་དུང་ཡང་གང་ཟག་ག་གེ་མོར་ཁོ་ཚོའི་དད་འདུན་དེ་མཚོན་ཐབས་མེད་པར་ཆགས་དུས་དེ་ནས་མི་ཚོས་ཤུགས་ཡོད་ཚད་ཀྱིས་ཁོ་ལ་བཙན་ཤུགས་ཆེན་པོ་འདུག་ཅེས་བཤད་ཀྱི་ཡོད། མིང་དེ་བརྗོད་པའི་དུས་ཡུན་ནང་དམིགས་བྱར་བསྟོད་བསྔགས་ཤུགས་ཆེན་བྱས་པ་ཕུད། ཚིག་དེ་བཤད་མཁན་གང་ཟག་སོ་སོའི་ངོས་ནས་ཀྱང་བཙན་ཤུགས་ཅེས་པའི་དྲོ་བ་ཞིག་མྱོང་བཞིན་པ་ལྟ་བུར་མངོན།


འོན་ཀྱང་ང་ཚོས་ཚིག་འདིར་ཞིབ་དཔྱོད་གཏིང་ཟབ་བྱེད་དུས་ང་ཚོས་བཙན་ཤུགས་ཅེས་པ་དེ་གང་ཡིན་ནམ། ཞེས་དྲི་བ་ཞིག་མི་འདྲི་རང་འདྲི་རེད།

ལཱོ་ལེའུ་ཡི་མི་ཚེ་ཡོད་ཚད་དེ་ཁོ་རང་གཞོན་ནུའི་དུས་ལྟར་འཚོ་ཞིང་དྲག་རྩལ་གྱི་བརྩམས་སྒྲུང་དུ་གནས་ཡོད། གྲོགས་པོའི་དབར་གྱི་ལ་རྒྱ་ཟེར་བ་ཞིག་བརྩི་སྟངས་དང་། དྲག་ཤུགས་ལ་དད་མོས་ཆེ་བ། འདྲ་མཉམ་མེད་པའི་བྱ་བ་མཐོང་དུས་རོགས་རམ་བྱེད་ཐབས་བཅས་ཀྱི་རྣམ་གྲངས་རེད། ཡིན་ཡང་བློ་ཕམ་པ་ཞིག་ལ་ཁོ་ཚོའི་རིན་ཐང་གི་ལྟ་བ་དེ་ད་དུང་ཡང་གནའ་རབས་སུ་རྗེས་ལུས་ཀྱིས་བསྡད་ཡོད།


ཁོ་ནི་རྒྱལ་གསུམ་འཁྲབ་དོན་། ཞེས་པའི་ནང་གི་མི་སྣ་ལེའུ་ཀོན་ཀྲང་གིས་ལ་རྒྱ་བཟུང་ནས་ཚེ་གཅིག་ནང་སོ་སོའི་ཕྱོགས་གཏོགས་འགྱུར་མེད་ཅིག་བསྡམས་སྟངས་དེ་ཡིན། ཁོ་ནི་ཆུ་ངོགས་གཏམ་རྒྱུད་ནང་གི་མི་སྣ་རེད། མཐའ་མཇུག་ཏུ་སྲིད་གཞུང་གིས་འབོད་འགུགས་དགོས་པ་ཞིག་ཆགས་ཡོད། ལཱོ་ལེའུ་ཞེས་པའི་མི་སྣ་འདི་ནི་ཀུན་སྤྱོད་རིང་ལུགས་པ་ཞིག་རེད། ལོ་ལྔ་བཅུའི་ནང་ནས་ཁོས་སོ་སོའི་བུ་ཡིས་འགྲམ་ལྕག་ཉོས་མཁན་ཞིག་ཡིན། འོན་ཀྱང་ཁོས་སོ་སོར་ནོར་འཁྲུལ་ཡོད་པར་ངོས་ལེན་བྱེད་ཀྱི་མེད། ཁོས་རང་ངོས་ནི་ཧ་ཅང་ལ་རྒྱ་བརྩི་མཁན་ཞིག་དང་ལམ་དང་ལུགས་སྲོལ་ཤེས་མཁན་ཞིག་ཡིན་པར་འདོད། ཁོས་གུས་ཞབས་མེད་པའི་གཞོན་ནུར་བཙན་ཤུགས་ངོམས་ཅིང་། ལུགས་དང་མི་མཐུན་པའི་རྐུ་མར་རྡུང་རྡེག་དང་། ཚོད་མེད་པའི་གྲོང་བརྡལ་དོ་དམ་པར་ཁ་གཏད་གཅོག སོ་སོའི་འཁོར་ནང་ཁོ་པ་ནི་སྤོ་བོ་མེ་སྒྱོགས་ལགས་ཅེས་པ་དེ་ཡིན། ཁོ་ལ་ལེགས་ཉེས་དབྱེ་འབྱེད་ཐུབ་པའི་དབང་ཤུགས་ཡོད་ལ། བཙན་པོའི་གཉའ་ནས་གནོན་ཞིང་། ཉམས་ཆུང་མཐའ་ནས་སྐྱོང་ཐུབ་པས་ཁོ་རང་ལ་ནོར་འཁྲུལ་ཅི་ཞིག་ཡོད་དམ་སྙམ་གྱི་ཡོད། ཁོ་ལ་རང་བྱུང་གི་ལ་རྒྱ་བཟུང་སྟངས་དྲང་བདེན་གྱི་ཚོར་བ་ཞིག་ཡོད། འོན་ཀྱང་དེ་ནི་འུར་བསྟོད་འོས་པ་ཞིག་རྩ་བ་ནས་མིན། སྤྱི་ཚོགས་ཐོག་གི་ཁྲམ་རྒན་ཞིག་ལ་བཙན་ཤུགས་ཅི་ཙམ་ཡོད་ཀྱང་ཁོ་རང་ཉེན་རྟོག་པ་ཞིག་ཆགས་མི་ཐུབ། དེ་ནི་དགྲ་ཕྱོགས་དང་ཐག་རིང་སར་གནས་པའི་གཞོགས་འདེགས་བྱེད་མཁན་གྱི་ས་གནས་སུ་གནས་མཁན་ལྟར་འུར་ཅི་ཙམ་རྒྱག་ཀྱང་ཁོས་དགྲ་བོ་ཁ་ཤས་ཀྱང་བསད་མི་ཐུབ་པས་སོ།


ངས་ཐོག་མའི་སྐབས་སུ་བཙན་ཤུགས་ཅེས་པའི་ཚིག་འདི་ལ་དྲན་སོས་པ་དེ་ནི་ལོ་རྒྱུས་ཀྱི་ཟིན་བྲིས། ཅེས་པའི་གློག་བརྙན་ནས་འགོ་བརྩམས་སོང། དེའི་ནང་ཆཱིང་རྒྱལ་རབས་ཀྱི་རྒྱལ་པོ་ཐོག་མས་དམག་དཔུང་ལ་གཟིགས་བསྐོར་གནང་སྐབས་སུ་ཕཱེ་ཞན་རྫོང་སྲི་ཧྲུའེ་ཐིང་གི་འགོ་འཛིན་ལེའུ་པང་གིས་སྐྱེས་པ་ཞིག་ཡིན་ན་འདི་འདྲ་དགོས། ཅེས་སེམས་འགུལ་ཐེབས་པའི་སྒྲ་ཞིག་འབྱིན་པ་དང་། གཞོན་ནུ་ལ་ཕུག་རྒྱང་ཆེ་ལུགས་སྐོར་ཡིན་ན་ཞཱང་ཡུའི་དགྲ་བོ་ཁྲི་ཚོར་སྦྱོང་དགོས། ཅེེས་པ་ལྟར་ཁོས་ངས་དགྲ་བོ་ཁྲི་ཚོ་རྩ་མེད་བཟོ་ཐུབ། ཅེས་པའི་ཧ་ལས་པའི་སྐད་ཆ་དེ་རེད། གོང་དེ་ནི་ཡིད་སྨོན་ཡིན་ལ་རྗེས་མ་དེ་ནི་འདོད་ཧམ་རེད། སྔོན་མ་དེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཁྲམ་པའི་དད་འདུན་བཅང་སྟངས་ཤིག་དང་། རྗེས་མ་དེ་ནི་བཙན་བདག་གི་རྔམ་སེམས་ཤིག་ཡིན། དེ་གཉིས་བསྡུར་ན་ཁྲུའུ་རྒྱལ་ཁབ་ཀྱི་དཔོན་བློན་གྱི་རྗེས་རབས་ཡིན་པའི་ཞཱང་ཡུ་ཡི་བཙན་ཤེད་གཞན་ཞིག་ནས་མཐོང་ཐུབ་པར་ངོས་ལེན་མི་བྱེད་ཀ་མེད་ཡིན། འོན་ཀྱང་དོན་དངོས་ཐོག་བཙན་ཤུགས་ནི་འཇིགས་སྐྲག་ངོ་མ་ཞིག་རེད། དེའང་ཤ་གསེང་རུས་པའི་གཏིང་གི་འཇིགས་སྐྲག་ཅིག་ཡིན།


བཤད་སྲོལ་ལྟར་ན་ཆཱིང་རྒྱལ་པོ་སྐྱེ་ཕྲེང་གཉིས་པའི་ལོ་གསུམ་པའི་ཟླ་བ་བཅུ་པར། ལེའུ་པང་གིས་གཞན་ལས་སྔོན་དུ་ཀོན་ཀྲུང་ས་ཁུལ་བཙན་བཟུང་ཐུབ་སྟེ་ཁོས་ཁྲིམས་ལུགས་ལེའུ་གསུམ་བཅས་ཤིང་དེར་འགལ་བ་སྤུ་ཙམ་མེད་པར་ཞཱན་ཡང་གྲོང་དུ་ཕྱི་འཐེན་གྱིས་རང་དཔུང་ལ་ནུས་ཤུགས་སྤྲོད་ཐུབ་ཡོད། དེ་ནས་ཞཱང་ཡུ་སླེབས་ནས་ཁོས་ཙཱི་ཡིང་བསད་དེ་ཆིང་རྒྱལ་ཕོ་བྲང་མེར་བསྲེགས་བཏང་། ཞཱན་ཡང་གྲོང་དུ་ཁྲག་དྲིས་ཁྱབ་པར་བཟོས་་་་། དོན་དངོས་ཐོག་བཙན་ཤུགས་ནི་མི་བསད་དེ་ཁྲག་ཕྱུང་དགོས་པའི་བྱ་བ་ཞིག་ཡིན། ཞཱང་ཡུས་དེ་སྔོན་ཆཱིང་ཞང་གི་དམག་མི་ཁྲི་ཉི་ཤུ་བསད་པ་མ་ཟད། ཁོས་གྲོང་ཁྱེར་རེ་བཙན་བཟུང་བྱེད་དུས་ཀྱང་ས་དེར་ཁྲག་གིས་སྦགས་སྲིད། ལོ་རྒྱུས་ཀྱི་དེབ་ཐེར་དུ་གྲོང་ཁྱེར་དུ་ཕྱི་མིའི་ཤུལ་ཙམ་མེད། ཅེས་ཡིག་འབྲུ་འགའ་ཡིས་སྐབས་དེའི་ལོ་རྒྱུས་མཚོན་ཡོད། དེ་ནི་མི་ཡོངས་རྫོགས་བསད་ཟིན་པའི་དོན་རེད། དེ་ལྟར་དེའི་ནང་གི་རྒས་འཁོག་དང་བུད་མེད། ཕྲུ་གུ་བཅས་ཀྱང་ཐར་ས་མེད་པ་རེད། ཁྲུའུ་བཙན་པོའི་ཕྱོགས་ནས་བཙན་ཤུགས་ནི་མི་བསད་རྟ་འགྱེལ་གྱིས་ཁྲག་གི་གཡུ་ཆུ་འཐེན་དགོས་པ་དེ་རེད། མཐར་ཁོས་སོ་སོ་ཕྱུག་ཏུ་སོང་དུས་ཡུལ་དུ་མི་ལོག ཅེས་པ་ལྟར་གྱི་བཙན་ཤུགས་དེ་ནི་མི་བསད་རྒྱུ་དེ་རེད་ལ་དེར་འུར་བརྗོད་ཀྱང་བྱེད་རྒྱུ་དེ་རེད།


དེ་མིན་ལེའོ་ལུའུ་ཡི་བཙན་ཤུགས་ནི་སྔོན་མ་ལས་ཆུང་ཞིང་། བཙན་ཤུགས་ལ་བདེན་པའི་རྒྱབ་ལྗོངས་ཡོད་དགོས། གནམ་འོག་ལ་རྒྱང་ལྟ་བྱེད་པའི་རྣམ་པ་ལྟ་བུ་ཞིག་དགོས། ཞཱང་ཡུ་ལ་ཁྱད་ཆོས་འདི་ཡོད་ཅིང་ཁོ་རང་ཁྲུའུ་རྒྱལ་པོ་ཆགས་རྗེས་སྐུ་དྲག་གི་ངོ་ཚབ་ལྟར་ཆིང་རྒྱལ་རབས་ཀྱི་བཙན་རྒྱལ་ལ་སྡུག་དམད་བྱེད། ལཱོ་ལུའུ་ལའང་ཁྱད་ཆོས་འདི་ལྡན་ཡོད་པ་རེད། ཁོ་ནི་མེ་སྒྱོགས་རྒས་པོ་མཚོན་ལ་ལམ་ལུགས་མཚོན་ཞིང་ལ་རྒྱ་བཟུང་ནས་གཞན་ལ་བསླབ་བྱ་བྱེད་མཁན་ཡང་མཚོན། བཙན་ཤུགས་ལ་སེམས་མཁྲེགས་པོ་དང་སེམས་གནག་པོ་ཞིག་དགོས་ལ། ལག་ཏུ་དབང་ཤུགས་ཀྱང་དགོས། འདི་དག་ཞཱང་ཡུ་ལ་ཡོད་པ་རེད། ཁོ་པར་ཅཱང་ཏུང་ཕྱོགས་ཕ་ཡུལ་གཅིག་པའི་མི་མང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཡུལ་སྐུ་དྲག་གི་རྟ་དམག་ཡོད་ལ། གཡུལ་ས་ནས་བརྒྱ་ཆ་བརྒྱ་ཡིས་རྒྱལ་ཁ་ཐོབ་ཐུབ་པའི་འགན་སྲུང་ཡང་ཡོད། དེ་བཞིན་ལཱོ་ལུའུ་ལའང་ཁྱད་ཆོས་འདི་ལྡན། ཁོ་ལ་ཟཱི་ཅུ་ཁྲིང་གྲོང་ནས་བཟུང་ཆུང་དུས་ནས་མཉམ་དུ་འཚར་ལོང་བྱུང་བའི་རོགས་པ་ཁྱུ་ཚོ་ཡོད་ཅིང་། ཁོས་རོགས་པ་དེ་དག་ག་དུས་ཡིན་ཡང་སྐད་གཏོང་ཆོག་ཆོག་ཡིན། མི་སྣ་འདི་དག་གི་གཤིས་སྤྱོད་ཐད་ཧ་ཅང་འདྲ་མཚུངས་རེད། འོན་ཀྱང་ལེའུ་ཡེ་དུས་དང་མ་ཐུག་པར་བརྟེན་ནུས་ཤུགས་ཧ་ཅང་ཆུང་ཞིང་ཁོའི་རོགས་པ་དེ་དག་ཀྱང་དམག་དཔུང་ལྟ་བུ་མ་རེད། དེ་མིན་ལེའུ་ཡེའི་བཙན་ཤུགས་ནི་བདེན་པར་རྒྱབ་ལང་དང་མི་བསད་པར་མིག་ཙམ་མི་བཙུམ་པ་དེ་ཡིན།


ཆོས་དཔོན་རུས་མིང་མཱེ་ཡིས་གནོད་འཚེ་འགྱུར་བའི་སྐོར་གླེང་བ། ཞེས་པའི་ནང་རྒྱ་ནག་མིའི་དམངས་ཀྱི་རང་གཤིས་དེ་ནི་གྱོང་རྒུད་ཐེབས་པའི་རང་གཤིས་ཅེས་སུ་བསྡུས་ཤིང་དེའི་ནང་དབང་ཤུགས་ལ་འཇིགས་སྐྲག་དང་གཞན་ལ་དགྲ་བོའི་འདུ་ཤེས་འཛིན་སྟངས། ནུས་ཤུགས་ལ་དད་འདུན། གཡོ་སྒྱུར་ལ་གོང་བསྐུར་བཅས་ཀྱི་ཁྱད་ཆོས་ཚུད་ཡོད། དེའི་ནང་དོན་ནི་རྒྱ་ནག་ནི་གནོད་འཚེ་མང་པོ་འབྱུང་སའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེའི་ནང་རང་བྱུང་གི་གནོད་འཚེ་དང་མིས་བཟོས་པའི་གནོད་འཚེ་བཅས་ཡོད།


འདིས་རྒྱ་ནག་མིའི་འཚོ་སྤྱོད་ཀྱི་གནས་སྟངས་དེ་ཧ་ཅང་དཀའ་ཚེགས་ཅན་དུ་བསྒྱུར་བར་བརྟེན། གསོན་པོར་འཚོ་བ་ཙམ་གྱིས་ཀྱང་རང་གཞན་གཉིས་ཀ་འཐབ་རྩོད་ཀྱི་ཡུལ་དུ་གྱུར་ཞིང་། ཕྱིའི་དངོས་པོ་ཡོངས་དང་བསམ་བློའི་མ་རྩ་ཚང་མ་མི་རྣམས་འཚོ་སྤྱོད་ཡག་པོ་ཡོང་བའི་ཡོ་བྱེད་ཙམ་དུ་འགྱུར་བཞིན་ཡོད། གྱོང་རྒུད་ཕོག་པའི་མིའི་རང་གཤིས། ཅེས་པ་དེས་མི་རྣམས་མཉམ་དུ་ངན་འདུས་ཀྱིས་སོ་སོའི་དགོས་མཁོ་སྒྲུབ་ཅིང་། མི་རྣམས་ལའང་དགྲ་ཁ་གཏད་ཅིག་བཟོ་བར་གོམ་ལོབ་ཏུ་སོང་ནས་རང་ཕྱོགས་ཀྱི་ས་ཁོངས་རྩོད་པར་བྱེད། མི་དེའི་རིགས་གསོ་སྐྱོང་བྱེད་མཁན་གྱིས་ཚོགས་པ་དང་རུ་དཔུང་བསྒྲིག་རྒྱུར་དགའ་ཞིང་། དྲག་ཤུགས་ཀྱིས་གནད་དོན་སེལ་ཐབས་ལ་དད་འདུན་བཅང་བཞིན་ཡོད། ལ་རྒྱ་ཟེར་བ་དེའི་རྩེ་མོ་བཟུང་ནས་ཡང་ན་དཀར་པོ་དཀར་རྐྱང་དང་། དེ་མིན་ནག་པོ་ནག་རྐྱང་བཅས་བསྒྱུར་གྱི་ཡོད། རྒྱ་ནག་མི་ཚོའི་བསམ་བློའི་རྣམ་པ་དང་ཁྱད་ཆོས་འདི་ནི་བཙན་ཤུགས་ཀྱི་མི་སྣ་གསོ་སྐྱོང་བྱེད་པའི་ཁོར་ཡུག་ལེགས་ཤོས་དེ་རེད། མི་རྣམས་མུ་མཐུད་འཇིག་རྟེན་འདིར་འཚོ་དགོས་ཤིང་ཡག་པོའང་འཚོ་དགོས་ན། བཙན་ཤུགས་ལྡན་པའི་མི་སྣར་བརྟེན་དགོས་པ་དང་། དེ་འདྲ་བྱས་ཏེ་སོ་སོའི་ཁེ་བཟང་རག་ཐབས་བྱེད་དགོས། འདིའང་དུས་མཚུངས་སྲིད་དབང་སྒེར་གཅོད་ཀྱིས་ཐོན་སྐྱེད་བྱས་པའི་རྨང་རྡོ་ཞིག་རེད། ཁ་ཅིག་གཡོག་ལས་ལ་དགའ་ན་གཞན་ཁག་ཅིག་གཡོག་ལས་ཚོའི་དཔོན་དུ་སྡོད་རྒྱུར་དགའ་ངེས་ལྟར་ལུགས་དང་མཐུན་པར་གྱུར་ནས་ཚང་མ་དགའ་དགའ་སྤྲོ་སྤྲོ་ལྟ་བུ་ཆགས་ཀྱི་ཡོད།


བཙན་ཤུགས་ལ་གོང་བསྐུར་དང་དད་འདུན་སྐྱེ་བཞིན་པའི་མི་སྣ་ཁྲི་སྟོང་མང་པོ་ཡོད་པའི་རྐྱེན་གྱིས་རྒྱ་ནག་ནི་ཁྲམ་པ་དང་མ་རབ་ཀྱི་བཙན་བདག་ཅན་མང་པོ་གསོ་སྐྱོང་བྱེད་སའི་ཁོར་ཡུག་ཅིག་ཏུ་གྱུར། དེའང་གནམ་འོག་བདག་འདོད་ཀྱི་བཙན་ཤུགས་ཅན་གྱི་མི་སྣ་མང་པོ་གསོ་སྐྱོང་བྱེད་ཀྱི་ཡོད། བཙན་ཤུགས་ཆེ་ཤོས་ནི་བདེན་པ་ལག་ཏུ་འཛིན་ཡོད་ཟེར་མཁན་དང། དྲག་ཤུགས་ཀྱང་འཛིན་པ། དབང་ཤུགས་ཆེན་པོ་ལྡན་པ་བཅས་ཡིན། བཙན་ཤུགས་ཆེ་ཤོས་ནི་སོ་སོ་མངོན་ཤེས་ཡོད་མཁན་ཞིག་དང་རྒྱལ་པོ་ཞིག དེ་དག་ལག་བསྟར་བྱེད་མཁན་བཅས་དབང་ཤུགས་གཅིག་ཅོག་ཡོད་པ་དེ་རེད། བཙན་ཤུགས་ཆེ་ཤོས་དེ་ནི་ཆབ་སྲིད་ཚོགས་པའི་དམག་སྲིད་གཅིག་བསྡུད་ཀྱི་འགོ་འཁྲིད་གཙོ་བོ་ཞིག་ཡིན་དགོས། འདི་ལྟ་བུའི་བཙན་ཤུགས་དེ་ང་ཚོར་ད་དུང་དགོས་མཁོ་འདུག་གམ། ཅུང་གུ་ཡངས་པོའི་སྒོ་ནས་བཤད་ན། བཙན་ཤུགས་ལ་དད་འདུན་བཅང་མཁན་ནི་ཧ་ཅང་ཐལ་ཆེ་ཞིང་བྲན་གཡོག་ཅིག་ཡིན། བྲན་གཡོག་ཡོད་དགོས་པ་དེའང་བྲན་བདག་གི་བཙན་ཤུགས་དེ་ཕྱིར་མངོན་ཐབས་ཆེད་དུ་རེད། འདི་ནི་གང་འདྲ་ཡ་ང་བ་ཞིག་རེད་ཨང་། ངས་ཐོག་མཐའ་བར་གསུམ་དུ་དོན་དམ་པའི་རང་དབང་གི་གང་ཟག་ཅིག་ཡིན་ཚེ་སྔ་ཕྱི་བར་གསུམ་དུ་རང་ཚུགས་ལྡན་ཞིང་ལ་རྒྱ་འཛིན་མཁན་ཞིག་ཡིན་དགོས་པར་འདོད། དེ་ནི་དཀོན་མཆོག་གོང་དུ་ཕུད། ཁོས་གཞན་སུ་ལའང་དད་པ་བྱེད་མི་དགོས་པ་དེ་ཡིན།


ངས་བཙན་ཤུགས་ཀྱི་སྙན་ངག་ལེའུ་གཉིས་མཐོང་མྱོང་། དེ་ནི་སྦལ་པ་གྱེར་བ། ཞེས་པ་དེ་དང་རྒྱུགས་མ་ལོན་རྗེས་མེ་ཏོག་ལ་བསྔགས་པ། ཞེས་པ་འདི་གཉིས་ནང་ཚིག་བཅད་འགའ་ལས་མེད་ཀྱང་བཙན་ཤུགས་ཀྱིས་ཁེངས་ནས་འདུག འདི་དག་ཀློག་དུས་ངའི་ལུས་ཀྱི་བ་སྤུའང་གནམ་པ་ཟིང་བ་ལྟར་འགྱུར་འགྲོ་བ་འདི་ཁྱོད་རྣམ་པ་ལའང་ཕུལ་ཆོག

༼སྦལ་པ་གྱེར་བ།༽

ཁྲོམ་པར་བསྡད་དུས་སྟག་དང་འདྲ།།

ལྕང་སྡོང་འོག་ཏུ་ངལ་གསོས་ཡོད།།

དཔྱིད་ཀར་ང་ཡི་སྒྲ་མེད་སྔོན།།

འབུ་ཆུང་སུ་ཡིས་སྒྲ་འབྱིན་ཕོད།།


ཅེས་པ་དེ་དང་།


༼རྒྱུགས་མ་ཕྲོད་རྗེས་མེ་ཏོག་ལ་བསྔགས་པ།༽

སྟོན་དུས་ཟླ་དགུ་ཚེས་བརྒྱད་ལ།།

ང་རང་བཞེད་ཁ་འབྱེད་རྗེས་སུ།།

མེ་ཏོག་གཞན་དག་ཡོངས་སུ་བཅོམས།།

གནམ་ལ་ཁྱབ་འདྲའི་དྲི་ཞིམ་དག།

ཁྲཱང་ཨན་གྲོང་ནས་སིམ་འཛུལ་ངང་།།

ཡུལ་ཀུན་གསེར་གྱི་མེ་ཏོག་ཁེངས།།

ཅེས་པ་དེ་གཉིས་རེད།

མཇུག་འདིར་ཁྱོད་ཀྱིས་གོང་གསལ་སྙན་དངགས་ལེའུ་གཉིས་ཀྱི་རྩོམ་པ་པོ་སུ་ཡིན་མིན་ཐིག་པར་བྱོས་དང་།

༢༠༡༥ ལོའི་ཟླ་ ༡༢ ཚེས་ ༣༠ ཉིན།


མ་རྩོམ་འབྲེལ་ཐག

http://mp.weixin.qq.com/s?__biz=MzAxNTE5NzQyNA%3D%3D&mid=401277010&idx=1&sn=8b950338145d910c6959fdf66a868c94&scene=0#wechat_redirect

 

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -