ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.01.2016 04:57:09
གསར་འཕྲིན།

ྋགོང་ས་མཆོག་གི་ཞལ་སྔ་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་ཟབ་མོ་དྲྭ་ཐོག་ནས་ཐོབ་པའི་བཀའ་དྲིན་གཏང་རག་མཚོན་བྱེད་དུ་ྋགོང་ས་ཡིད་བཞིན་ནོར་བུའི་བཀའ་དབང་མཇུག་གི་བཀའ་སློབ་དང་དུས་འཁོར་དབང་ཆེན་སྐོར་གྱི་གསུང་བཤད་ཡིག་ཐོག་ཏུ་ཟིན་བྲིས་བཏབ་ཡོད།

ལོ་ཁ་ཤས་ཀྱི་སྔོན་ནས་འགོ་བཙུགས་ཏེ་ཡོངས་སུ་གྲགས་པའི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་སྟེང་ཁྲིད་རྒྱུན་ཡོད་པ་དེ་ཚོ་ཕྱོགས་གཅིག་ཏུ་བསྡེབས་ཏེ་ཁྲིད་ལུང་ཆ་ཚང་བ། འགལ་རྐྱེན་གང་ཡང་མེད་པའི་ཐོག་ནས་ལེགས་པར་གྲུབ་སྟེ་ཧ་ཅང་ཡག་པོ་བྱུང་སོང༌། ཕལ་ཆེར་ངའི་མི་ཚེ་ནང་ཚར་གཅིག་མ་གཏོགས་འོང་ཡ་ཡོད་མ་རེད། གཙོ་བོ་གཅིག་ནི་དད་པ་དམ་ཚིག་གཡོ་བ་མེད་པ་དང༌། ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཡིན་པས། གེགས་མེད་ལྷུན་གྲུབ་བྱུང་སོང༌། །
དེ་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ལ་ཐུགས་རྗེ་ཞུ་གི་ཡིན་ལ། དེ་བཞིན་གཟུགས་ཅན་མི་ཡི་ངོས་ནས་དངོས་དང་བརྒྱུད་པའི་ཐོག་ནས་སེམས་ཤུགས་བསྐྱེད་ཅིང་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་མཐུན་འབྱོར་རོགས་རམ་བྱེད་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ཡུན་དེའི་རིང་ལ་ལས་ཀ་བྱེད་མཁན་འདི་གར་བཀྲ་ཤིས་ལྷུན་པོ་དང༌། སེ་འབྲས་གཉིས་དང་དགའ་ལྡན། ད་དུང་འབྲེལ་ཐོགས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ། དགེ་བ་རྫོགས་བྱང་དུ་བསྔོ་བ་ཡང་གལ་ཆེན་པོ་རེད། །
ལམ་རིམ་ཁྲིད་ཆེན་གྱི་བཀའ་ཆོས་དང་པོ་འགོ་བཙུགས་པ་ནས་ད་བར་ཕལ་ཆེར་གང་འཚམས་ཤིག་འདས་ཚར་ཡོད་ཀྱི་རེད། དཔེར་ན། རྒན་དབང་ཆེན་ལྟ་བུ་ ( ཅུང་ཟད་སྐྱོ་ཉམས་བསྟན་གནང༌། འབྲས་བློ་གླིང་དགེ་སློང་རྣམ་རྒྱལ་དབང་ཆེན། ) ཞིང་ལ་གཤེགས་ཚར་བ་རེད་ལ། ང་རང་ཚོ་ཚང་མ་འདི་ལྟར་འགྲོ་རྒྱུ་རེད། གང་ལྟར་གསོན་པའི་རིང་དེར་ང་རང་ཚོ་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་ཆོས་ཉམས་ལེན་བྱེད་ཡ་ཧ་ཅང་གལ་ཆེན་པོ་རེད། །
ཆོས་ཉམས་ལེན་བྱེད་ཚུལ་ནི། གཞུང་ཆེན་མོ་ནང་ལ་ཡོངས་སུ་གྲགས་པ་ལྟར་དབང་རྟུལ་དད་པའི་རྗེས་འབྲང་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ཡོད་རེད། ང་རང་ཚོ་སྐྱེས་པའི་སྐབས་ནས་དབང་པོ་རྟུལ་པོ་དང་མ་ཤི་བར་དབང་པོ་རྟུལ་པོ་རང་བསྡད་ཀྱི་མ་རེད། དང་པོ་སློབ་སྦྱོང་མེད་པ་དང་དབང་པོ་རྟུལ་པོ་ཡིན་ཡང༌། སློབ་སྦྱོང་མུ་མཐུད་ནས་བྱེད་ན་དབང་པོ་འཕོ་སྟེ་དབང་པོ་རྣོན་པོ་ཆགས་འོང་གི་རེད། །
ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་དངོས་གནས་དྲང་གནས་ཚད་དང་ལྡན་པ། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་དེའི་རྒྱབ་རྟེན་ལྟ་གྲུབ་ཐོག་ནས་བཤད་པ་ཡིན་ནའང་གཏིང་ཟབ་པོ། དེ་ཡང་ན་ལན་ཌ་ཡི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཆགས་ཡོད། །

ང་རང་ཚོ་བོད་རིགས་དང༌། དེ་བཞིན་ཧི་མ་ལ་ཡི་རི་རྒྱུད་ཀྱི་ཆོས་གྲོགས། ཆེན་པོ་ཧོར་གྱི་ཡུལ་གྲུ་ཁག་གི་ཆོས་གྲོགས། རྒྱ་ཡི་ཆོས་གྲོགས། ཝི་ཏི་ནམ།Vietnam ཀོ་རི་ཡ།Korea རྗའ་པན་Japan ཚང་མ་ན་ལན་ཌ་ཡི་ཆོས་བརྒྱུད་གཅིག་པ་རེད་འདུག །དེ་འདྲ་ཡིན་དུས་ཆོས་ཁོ་རང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རེད། དཔལ་ན་ལན་ཌ་ཡི་ཆོས་བརྒྱུད་དུ་སོང་བ་ལ། སོ་སོ་རང་ཉིད་ཀྱི་རྣམ་དཔྱོད་བློ་མིག་དེ་ཁ་ཕྱེ་ནས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་དབང་པཽ་རྣོན་པོའི་འགྲོ་སྟངས་ཐོག་ནས་ཁྱད་ཆོས་ཚང་བ་ཞིག་བྱེད་ཐུབ་ན། ན་ལན་ཌ་ཡི་ཆོས་བརྒྱུད་ཆོས་ཀྱི་རྗེས་སུ་འབྲང་བ་ཞིག་འོང་ཐུབ། །
ཆོས་ལ་སློབ་སྦྱོང་དང་དོ་སྣང་གང་ཡང་མ་བྱས་པར་དབང་རྟུལ་དད་པའི་རྗེས་འབྲང་ཐོག་ནས་སོང་བསྡད་ན་སྐལ་བཟང་གི་དུས་སྐབས་ལ་ཉི་མ་འཁྱོལ་ཐུབ་མོད། ད་ལྟའི་དུས་རབས་ཉེར་གཅིག་པའི་སངས་རྒྱས་ཀྱི་ཆོས་པ་ཞིག་བྱེད་དགོས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་དེ་བྱེད་དགོས། དེ་ཐུབ་པ་ཡིན་ན་དུས་རབས་ཉེར་གཅིག་ཙམ་མ་ཟད་ཉེར་གཉིས་དང་ཉེར་གསུམ་ཕལ་ཆེར་མུ་མཐུད་ནས་བསྡད་ཀྱི་རེད། དབང་རྟུལ་དད་པའི་རྗེས་འབྲང་གི་ཐོག་ནས་ཕྱིན་པ་ཡིན་ན་ག་ཚོད་ཅིག་བསྡད་ཐུབ་མིན་མི་ཤེས། །
བསྟན་པ་སྤྱི་ལ་བསམ་བློ་བཏང་ན་ཡང་གཞུང་ཆེན་སློབ་གཉེར་གལ་ཆེ་ཞིང༌། གང་ཟག་རང་ཉིད་ཀྱི་ཉམས་ལེན་ལ་ཡང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་དེ་བྱེད་ཐུབ་ན། དད་པ་ཡིན་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པས་བརྟན་པོ་དང༌། སྙིང་རྗེ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པས་སྤུས་དག་པོ་དང་བརྟན་པོ་འོང་གི་རེད། སངས་རྒྱས་ཀྱི་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ཡང་ཤེས་རབ་ཀྱི་ཕྱོགས་ནས་རེད་འདུག ། གང་ལྟར་དགེ་འདུན་པ་ཚོ་ཨ་རྐྱང་རྐྱང༌། སྐྱ་བོ་མི་མང་ཕོ་མོ་དབྱེ་བ་མེད་པ་ཚང་མས་དཔེ་ཆ་བལྟ་ཡ་གལ་ཆེན་པོ་རེད། །
དེ་བཞིན་ཡུལ་གྲུ་འདྲ་མིན་ནས་འབྱོར་ཡོད་པའི་ཁྱེད་རང་ཚོས་ཀྱང་སོ་སོའི་སྐད་ཡིག་ནང་ལོ་བརྒྱ་ཕྲག་སྟོང་ཕྲག་སྔོན་ནས་ཡོད་བསྡད་པ་དེར་སློབ་སྦྱོང་གྱིས། རྒྱ་ནག་ཡུལ་དུ་ཆ་བཞག་པ་ཡིན་ན་བོད་དུ་མ་དར་བའི་སྔོན་ནས་ན་ལན་ཌ་ནས་དར་བ་རེད། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལ་སོགས་པས་མཚོན་རྒྱ་ཡིག་ནང་མང་པོ་ཡོད་བསྡད་པ་དེ། གལ་སྲིད་དགོས་གལ་བྱུང་ན་སྐད་གསར་བཅད་ཀྱང་བཟོ་ཆོག་གི་རེད། རྩ་བའི་གཞུང་རྒྱ་ཡིག་ནང་ཡོད་དུས་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་རེད། །
བོད་ཡིག་ལ་བརྟེན་པའི་ཚང་མ་ནི། བོད་ཡིག་ནང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་ཡོད་པ། ང་ཚོས་གསར་དུ་དཀའ་ལས་བརྒྱབ་མི་དགོས་པར་སྤུས་དག་པོ། ཟ་ཆོག་འཐུང་ཆོག་ཅིག་ཡོད་པ་དེ་དེ་ག་ཙམ་བཞག་པ་ཡིན་ན། སྔོན་གྱི་རྒྱལ་བློན་ལོ་པཎ་རྣམས་ཀྱིས་མི་རབས་ནས་མི་རབས་བར་དཀའ་ལས་བརྒྱབ་ཡོད་པ་དེ་དྲིན་མ་དྲན་པ་ཆགས་ཀྱི་རེད། དེ་འདྲ་སོང་ཙ། ང་ཚོས་དཔེ་ཆ་བལྟ་དགོས་པ་གལ་ཆེན་པོ་རེད། ང་ཚོར་ཆོས་བྱེད་དགོས་ཟེར་ནས་རླུང་ལྟར་གྲགས་ཀྱི་ཡོད་རེད་དེ། ཆོས་སློབ་སྦྱོང་བྱེད་དགོས་ཟེར་ན་དགོན་པ་གྲྭ་ཚང་གི་དཔེ་ཆ་ལྟ་མཁན་ཚོ་མ་གཏོགས་སློབ་སྦྱོང་མི་དགོས་པའི་བཟོ་འདྲ་པོ
དེ་ནི། རྗེས་ལུས་ཀྱི་ལྟ་སྟངས་རེད། ཁྱེད་རང་ཚོས་ཡིན་གཅིག་མིན་གཉིས་སློབ་སྦྱོང་ཡག་པོ་བྱེད་དགོས་རེད། གཞན་གང་ཡང་ཞུ་རྒྱུ་མེད། ཅེས་གསུངས། །
ཡང༌། ང་རང་ངོས་ནས་བཤད་ལུང་མང་པོ་ཞུས་ཡིན་ལ་དོ་སྣང་ཡང་བྱུང༌། དབང་ལུང་གལ་ཆེན་པོ་རེད་དེ། དེ་ལས་ཀྱང་བཤད་ལུང་དེ་གལ་ཆེ་བ་མཐོང་གི་ཡོད། བཤད་ལུང་མང་པོ་ཞིག་ཐོབ་ཡོད་པ་དེ་ཚོ་རིམ་པས་རིམ་པས་སྤེལ་ཟེར་ན་འདྲ། བཤད་ཐུབ་པའི་སྨོན་ལམ་བརྒྱབ་བཞིན་ཡོད། །
ཁྱེད་རང་ཚོ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་མི་མང་པོ་ཞིག་འཛོམས་ཡོད་རེད། གནས་སྐབས་ཀྱི་ཆོས་འབྲེལ་རྫོགས་པ་ཡིན་པས། དབྱིན་སྐད་དུ་བྱས་ན་( GOOD BYE ) ཟེར་རྒྱུ་ཡིན། སང་ཉིན་ཕྱི་ལོ་གསར་པ་ཉིས་སྟོང་བཅུ་དྲུག་ཕྱི་ཟླ་དང་པོའི་ཚེས་པ་གཅིག་2016/1/1 ཆགས་པ་རེད། སྔོན་མ་ང་རང་ཚོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་1959 ནས་རྒྱ་གར་ལ་བསླེབས་པ་རེད། ད་ནི་ལོ་ཞེ་དྲགས་ཕྱིན་འདུག་བ། ( HAPPY New YEAR ) བཞད་མོ་དང་བཅས། །
དུས་འཁོར་དབང་ཆེན་སྐོར།
དང་པོ་བྱས་ན་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་བྱེད་ཡའི་འཆར་གཞི་ཡོད་མོད། སྨན་བཅོས་བྱེད་ཡ་ལ་སོགས་པས་ཕར་འགྱངས་བྱས་པ་རེད། ལོ་རྗེས་མར་ཕྱི་ཟླ་དང་པོ་དང༌། བོད་ཟླ་བཅུ་གཅིག་པ་ནང་ལ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བྱེད་རྩིས་ཡོད། ཡང་ཁྱེད་རང་ཚོ་རྒན་རྒོན་ཁ་ཤས་འགྲོ་བཞག་གི་རེད། ( བཞད་མོ་དང་བཅས། ) དེ་ནི་དངོས་ཡོད་གནས་ཚུལ་རེད། ཐུབ་པ་བཅོམ་ལྡན་འདས་དང༌། མགོན་པོ་ཀླུ་སྒྲུབ་ལ་སོགས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རེད། ང་ཚོ་ཚང་མ་ག་ལེ་ག་ལེར་རྫོགས་འགྲོ་གི་རེད། དེ་ནི་བཅོས་སུ་མེད་པ་ཞིག་རེད། ( ཞི་བ་ལྷའི་སྤྱོད་འཇུག ) གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། ། ཞེས་གསུངས་འདུག་བ།
བཅོས་སུ་མེད་པ་ཞིག་བཅོས་སུ་མེད་པ་མཐོང་སྟེ། བློ་བདེ་པོའི་ངང་ནས་ཆོས་ལ་བསམ་བློ་བཏང༌། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་བཏང་སྟེ། ཚེ་ཡི་དུས་གྱུར་པ་ཡིན་ཡང་ལུས་རྟེན་བཟང་པོ་ཞིག་ཐོབ་ཐུབ་པ་བརྒྱ་ཆ་བརྒྱ་རེད། །
ཁྱེད་རང་ཚོ་མང་ཆེ་བས་དུས་འཁོར་དབང་ཆེན་ཐོབ་ཐུབ་ཀྱི་རེད། བཀྲ་ཤིས་བདེ་ལེགས་ཞེས་བཀའ་བསྩལ།
དྲྭ་ཐོག་ནས་ཤོག་ཐོག་ལ་ཟིན་བྲིས་ཕབ། ཤོག་ཐོག་ནས་སླར་ཡང་དྲྭ་ཐོག་ཏུ་བཞག་ཡོད།

དགའ་ཉག་འཁྱམ་པོ་ནས།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -