ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.01.2016 04:55:10
གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་སྩལ་ནོད་བཀའ་དྲིན་ཆེ་བའི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།

ཉིན་བཅུ་གཉིས་པའི་སྔ་དྲོའི་བཀའ་དབང་གི་ནང་དོན་སྙིང་བསྡུས།

1) སྔ་དྲོའི་ཕྱག་ཚོད་ ༨ དང་སྐར་མ་ ༢༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དཔལ་ གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་གསར་པའི་གསུང་ ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད།
2) ཕྱག་ཚོད་ ༨ དང་སྐར་མ་ ༢༣ ཐོག་འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ ལྗོན་ཤིང་གསུང་འདོན་གནང་ཞིང་། དེ་རྗེས་ཇ་མཆོད་འབུལ།
3) ཕྱག་ཚོད་ ༨ དང་སྐར་མ་ ༣༦ ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་གསུང་འདོན་གནང་། ཕྱག་ཚོད་ ༨ དང་སྐར་མ་ ༤༦ ཐོག་བགེགས་གཏོར་གཏོང་བ་གནང་།
4) ཕྱག་ཚོད་ ༨ དང་སྐར་མ་ ༥༡ ཐོག་ཡན་ལག་བདུན་པ་དང་། གསོལ་འདེབས་མཎྜལ་བཅས་གསུངས། དེ་རྗེས་གསོལ་འདེབས་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །ཞེས་སོགས་ཀྱི་གསོལ་འདེབས་ལས་འཕྲོས་ཏེ་རྙིང་མའི་ཐེག་པ་རིམ་དགུ་དང་། རྒྱུད་སྡེ་བཞི་ལྷག་པར་དུས་ཀྱི་འཁོར་ལོ་གཉིས་མེད་ཀྱི་རྒྱུད་ཡིན་ཚུལ། ཐིག་ལེ་བཅུ་བཞི་བར་བྱུ་རྒྱུད་ལུགས་གཙོ་བོ་དང་། ལམ་ཡང་མཚན་བཅས་མཚན་མེད་ཡིན་པ། ཐིག་ལེ་བཅོ་ལྔ་དང་བཅུ་དྲུག་གཉིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཡིན་ཚུལ། བཀའ་གདམས་ཐིག་ལེ་བཅུ་དྲུག་ནི་དག་སྣང་ཡིན་པས་རྒྱུད་སྡེ་བཞིར་དབྱེ་བ་ལྟ་བུའི་ དབྱེ་མཚམས་གསལ་པོ་མེད་ཚུལ་གྱི་ཚིག་འགྲེལ་རྒྱས་པར་མཛད།
5) ཕྱག་ཚོད་ ༩ དང་སྐར་མ་ ༥ ནས་སངས་རྒྱས་ཆོས་ཚོགས་མའི་ཚིག་འགྲེལ་ཟབ་རྒྱས་ཐོག་བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་པ་དང་། སློབ་མ་ལྷར་བསྐྱེད་པ། གསོལ་བ་འདེབས་པ་སོགས་སྔོན་འགྲོ་རྣམས་ལེགས་པར་གྲུབ། དེ་རྗེས་ཐིག་ལེ་དང་པོ་ནས་ཐིག་ལེ་བཅུ་པ་བར་དམིགས་རྣམ་སོགས་ཟབ་རྒྱས་སྨིན་ སྩོལ་མཛད།
6) ཕྱག་ཚོད་ ༩ དང་སྐར་མ་ ༤༨ ཐོག་ཐིག་ལེ་བཅུ་གཅིག་པ། ཇོ་བོའི་ཐིག་ལེའི་དབང་བསྐུར་བ་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །ཞེས་སོགས་ཡན་ལག་བདུན་པ་དང་། མཆོད་པ་འབུལ་བ། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཞེས་སོགས་བསྟོད་པ་བྱ་བ། གཟུངས་སྔགས་བཟླ་བ། བཀའ་དབང་དངོས་གཞི་བསྐུར་གནང་མཛད།
7) ཕྱག་ཚོད་ ༩ དང་སྐར་མ་ ༥༧ ཐོག་ཐིག་ལེ་བཅུ་གཉིས་པ། འབྲོམ་གྱི་ཐིག་ལེའི་དབང་བསྐུར་བ་ལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །ཞེས་སོགས་ཡན་ལག་བདུན་པ་དང་། མཆོད་པ་འབུལ་བ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །ཞེས་སོགས་བསྟོད་པ་བྱ་བ། གཟུངས་སྔགས་བཟླ་བ། བཀའ་དབང་དངོས་གཞི་བསྐུར་གནང་མཛད།
8) ཕྱག་ཚོད་ ༡༠ དང་སྐར་མ་ ༤ ཐོག་ཐིག་ལེ་བཅུ་གསུམ་པ། བྱམས་པའི་ཐིག་ལེའི་དབང་བསྐུར་བ་ལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །ཞེས་སོགས་ཡན་ལག་བདུན་པ་དང་། མཆོད་པ་འབུལ་བ། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །ཞེས་སོགས་བསྟོད་པ་བྱ་བ། གཟུངས་སྔགས་བཟླ་བ། བཀའ་དབང་དངོས་གཞི། མཇུག་གི་ཆུ་དབང་དང་། ཤིས་བརྗོད། འཁྲུས་གསོལ་བཅས་ཏེ་དབང་བསྐུར་མཛད།
9) ཕྱག་ཚོད་ ༡༠ དང་སྐར་མ་ ༡༡ ཐོག་ཐིག་ལེ་བཅུ་བཞི་པ། ཀླུ་སྒྲུབ་ཀྱི་ཐིག་ལེའི་དབང་བསྐུར་བ་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །ཞེས་སོགས་ཡན་ལག་བདུན་པ་དང་། མཆོད་པ་འབུལ་བ། འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང་། །ཞེས་སོགས་བསྟོད་པ་བྱ་བ། གཟུངས་སྔགས་བཟླ་བ། བཀའ་དབང་དངོས་གཞི། མཐའ་རྟེན་གྱི་ཆུ་དབང་དང་། ཤིས་བརྗོད། འཁྲུས་གསོལ་བཅས་ཏེ་དབང་བསྐུར་མཛད།
10) ཕྱག་ཚོད་ ༡༠ དང་སྐར་མ་ ༢༢ ཐོག་ཐིག་ལེ་བཅོ་ལྔ་པ། རྡོ་རྗེ་འཆང་གི་ཐིག་ལེའི་དབང་བསྐུར་བ་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །ཞེས་སོགས་ཡན་ལག་བདུན་པ་དང་། མཆོད་པ་འབུལ་བ། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཞེས་སོགས་དང་། ཐུགས་རྗེ་ཆེན་པོ་བདེར་གཤེགས་རྡོ་རྗེ་འཆང་། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟོད་པ་བྱ་བ། གཟུངས་སྔགས་བཟླ་བ། བཀའ་དབང་དངོས་གཞི། མཐའ་རྟེན་གྱི་ཆུ་དབང་སྦྱིན་པ་དང་། ཤིས་བརྗོད། འཁྲུས་གསོལ་བཅས་ཏེ་དབང་བསྐུར་མཛད།
11) ཕྱག་ཚོད་ ༡༠ དང་སྐར་མ་ ༣༤ ཐོག་ཐིག་ལེ་བཅུ་དྲུག་པ། ཟུང་འཇུག་གི་ཐིག་ལེའི་དབང་བསྐུར་བ་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །ཞེས་སོགས་ཡན་ལག་བདུན་པ་དང་། ཕྱི་ནང་གསང་གསུམ་དང་དེ་ཁོ་ན་ཉིད་ཀྱི་བཅས་ཀྱི་མཆོད་པ་འབུལ་བ། ཡེ་ཤེས་འཇའ་འོད་འཁྲིགས་པའི་གཞལ་མེད་དབུས། །ཞེས་སོགས་བསྟོད་པ་བྱ་བ་དང་། གཟུངས་སྔགས་བཟླ་བ། བཀའ་དབང་དངོས་གཞི། མཐའ་རྟེན་གྱི་ཆུ་དབང་སྦྱིན་པ། ཤིས་བརྗོད། འཁྲུས་གསོལ་བཅས་ཏེ་དབང་བསྐུར་མཛད།
12) ཕྱག་ཚོད་ ༡༠ དང་སྐར་མ་ ༤༩ ཐོག་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་ཡོངས་སུ་རྫོགས་པ་ཐོབ་པས། ཐིག་ལེ་བཅུ་དྲུག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་ བསྟོད་སྐོར་བ་གསོལ་འདེབས་ཤུགས་དྲག་ཏུ་བྱ་བ་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །ཞེས་པ་ནས། གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་བསྟོད།
13) ཕྱག་ཚོད་ ༡༠ དང་སྐར་མ་ ༥༡ ཐོག་སློབ་མས་དམ་བཅའ་བ་དང་། སློབ་དཔོན་གྱིས་ལན་མཛད་པ། བཀའ་རྒྱ་དང་གཉེར་དུ་གཏད་པ་བཅས་པ་མཛད།
14) ཕྱག་ཚོད་ ༡༠ དང་སྐར་མ་ ༥༥ ཐོག་འབྲོམ་རིན་པོ་ཆེས་མཛད་པའི་གླེགས་བམ་གྱི་བཀའ་རྒྱ་དང་། དམ་སྡོམ་བསྲུང་བའི་ཁས་ལེན་འབུལ་བ། རང་ལུས་བྲན་དུ་འབུལ་བ་གནང་།
15) ཕྱག་ཚོད་ ༡༡ དང་སྐར་མ་ ༥ ཐོག་མཇུག་ཏུ་ཇི་ལྟར་བྱ་བ་ལ་གཏང་རག་གི་མཎྜལ་དང་། ཡན་ལག་བདུན་པ་བཅས་གསུངས། དེ་རྗེས་ཙ་རུའི་ཚོགས་འཁོར་བཅས་སྨིན་འབུལ་མཛད། དེ་རྗེས་བོད་སྐྱོང་ལྷ་སྲུང་གི་འཕྲིན་སྐུལ། བདེན་གསོལ་སྨོན་ཚིག སྨོན་ལམ་ལོག་པའི་བཅས་གསུང་འདོན་གནང་སྟེ་ཕྱག་ཚོད་ ༡༡ དང་སྐར་མ་ ༢༠ ཐོག་བཀའ་དབང་སྩལ་ནོད་ཡོངས་སུ་རྫོགས་པ་ལེགས་པར་གྲུབ་པ་བཅས་སོ།།
་མཇུག་བསྡོམས་བཀའ་སློབ།
16) ཕྱག་ཚོད་ ༡༡ དང་སྐར་མ་ ༡༧ ཐོག་ལམ་རིམ་བཀའ་ཆོས་ལེགས་གྲུབ་བྱུང་བ་དང་། དཀར་ཕྱོགས་སྐྱོང་བའི་ལྷ་དང་། གྲ་སྒྲིག་བྱེད་པོའི་གདན་ས་ཁག་དང་བཅས་པའི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ ཞུ་རྒྱུ་དང་། བཀའ་ཆོས་ཐོག་མར་དབུ་འཛུགས་སྐབས་ཀྱི་མི་གང་འཚམ་འདས་ཟིན་ཅིང་། དཔེར་ན། རྒན་དབང་ཆེན་ལྟ་བུ་འདས་ཟིན་པ་དང་། དེ་ལྟར་ང་ཚོ་མུ་མཐུད་འགྲོ་དགོས་པ་ཞིག་དང་། མདོར་ན་བཀའ་ཆོས་ཞུས་པའི་སྙིང་པོ་ཉམས་ལེན་བྱེད་དགོས་པ་དང་། དེ་ཡང་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ལས་དབང་རྟུལ་རྣམས་ནས་སློབ་སྦྱོང་མུ་མཐུད་ ནས་བྱེད་དགོས་པ་དང་། བོད་ཀྱི་ནང་ཆོས་དེ་སྲབ་མཐུག་འཕེར་བ་ཞིག་དང་། རྒྱ་ཆེ་གཏིང་ཟབ་ཀྱི་སྤུས་དག་པ། དཔལ་ནཱ་ལེནྡའི་ཆོས་བརྒྱུད་ཡིན་ཚུལ་། ཧི་མ་ལ་ཡའི་རི་རྒྱུད་དང་། རྒྱ་དང་། ཀོ་རི་ཡ། ཝི་ཏི་ནམ་སོགས་ནང་པའི་རྗེས་འབྲང་གཅིག་གྱུར་ཡིན་ལུགས། ནང་ཆོས་དེ་ཉིད་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཀྱི་འགྲོ་ལུགས་ཡིན་པས། ཆོས་དད་པ་རྣམས་ནས་ཀྱང་དེ་ལྟར་དུ་འགྲོ་ཐུབ་པ་ཞིག་དགོས་གལ་དང་། དེ་ལ་སློབ་གཉེར་བྱེད་དགོས་ཚུལ། དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་པ་ལ། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་ལུགས་ལྟར་བྱེད་དགོས་པ་དང་། དེ་ལྟར་བྱུང་ན་དུས་རབས་ཉེར་གཅིག་དང་། ཉེར་གཉིས། ཉེར་གསུམ་དུ་མུ་མཐུད་གནས་ཐུབ་ཚུལ། སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་དཔེ་ཆ་ལྟ་གལ་ཆེ་ཚུལ། བོད་ལ་ནང་ཆོས་མ་དར་བའི་སྔོན་གྱི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་རྒྱ་ནག་ལ་དར་ ཚུལ་དང་། སྐད་གསར་བཅད་བྱེད་དགོས་ཀྱང་དེ་ལྟར་གྱི་ཐོག་ནས་སློབ་གཉེར་བྱེད་གལ་ཆེ་ཚུལ། སྔོན་གྱི་རྒྱལ་བློན་རྣམས་ཀྱི་བཀའ་དྲིན་དྲན་དགོས་ལུགས། ཉམས་ལེན་བྱ་རྒྱུ་རླུང་ལྟར་གྲགས་ཡོད་ཀྱང་སློབ་གཉེར་བྱ་རྒྱུ་དེ་ལྟར་མེད་པས་ སློབ་གཉེར་ལ་ཤུགས་སྣོན་བྱ་རྒྱུ་གལ་འགངས་ཆེ་སྐོར་བཅས་ཀྱི་སྐོར་བཀའ་སློབ་སྩལ།
17) ཕྱག་ཚོད་ ༡༡ དང་སྐར་མ་ ༢༤ ཐོག་སང་ཉིན་ཕྱག་ཚོད་ ༨ པར་བརྟན་བཞུགས་དང་། དེའི་སྔོན་འགྲོར་ཚེ་དབང་བྱ་རྒྱུ་བཅས་དང་། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་ཆོས་ལེགས་པར་གྲུབ་ལུགས། དེ་བཞིན་ཚད་མ་རྣམ་འགྲེལ་དང་། ཚད་མ་མདོ་སོགས་བཀའ་ཆོས་དབུ་འཛུགས་མཛད་པ་ལྟར། མགོན་པོ་གང་ཉིད་ནས་བཤད་ལུང་གི་རྒྱུན་མང་དུ་གསན་བཞེས་མཛད་པ་ལྟར་མ་འོངས་བཀའ་ ཁྲིད་མཛད་བཞེད་སྐོར་བཀའ་སློབ་སྩལ།
18) སང་ཉིན་ཕྱི་ལོ་ ༢༠༡༦ གསར་ཚེས་ཀྱི་དགའ་སྟོན་ཡིན་པས། ཕྱི་ལོ་གསར་ཚེས་ལ་འཚམས་འདྲི་མཛད། ཕྱི་ལོ་གསར་པའི་ལོ་མཇུག་ལ་གནས་མཆོག་རྡོར་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ ཆེན་སྩལ་བཞེད་ཀྱི་སྐོར་བཀའ་སློབ་ཕེབས་པ་བཅས་སོ།།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -