ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.01.2016 04:47:42
གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང༌། མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་གྱི་ནང་དོན་སྙིང་བསྡུས་ཀྱི་དཀར་ཆག་གཤམ་གསལ།།
ཀ༽ ཉིན་བཅུ་གསུམ་པའི་སྔ་དྲོའི་ཚེ་དབང་གི་ནང་དོན་སྙིང་བསྡུས།

1. སྔ་དྲོའི་ཕྱག་ཚོད་ ༨ དང་སྐར་མ་ ༢ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་གི་གཟིམ་ཆུང་ནས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང༌། བཀྲས་ལྷུན་མཁན་རིན་པོ་ཆེ། དགའ་ཤར་མཁན་རིན་པོ་ཆེ། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་སོགས་ཀྱི་སྤྱན་རྒྱ་སྤོས་སྣེ་དང་བཅས་ཏེ་གཙུག་ཁང་གསར་པའི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་བདེ་བར་འཁོད།
2. ཕྱག་ཚོད་ ༨ དང་སྐར་མ་ ༣ ཐོག་ཞལ་འདོན་རྒྱུན་ཆགས་གསུམ་པ་དང༌། ཤེས་རབ་སྙིང་པོ་བཅས་གསུངས་ཤིང༌། དེ་རྗེས་གསོལ་འདེགས་འབུལ་ཞུས།
3. ཕྱག་ཚོད་ ༨ དང་སྐར་མ་ ༡༤ པཎ་གྲུབ་བསྟོད་ཆེན་དང༌། ྋརྒྱལ་བའི་མཚན་སྔགས། སྒྲོལ་མའི་མཚན་གཟུངས་བཅས་གྲངས་གསོག་སྨིན་སྒྲུབ་གནང༌།
4. ཕྱག་ཚོད་ ༨ དང་སྐར་མ་ ༢༩ ཐོག་མགོན་པོ་གང་ཉིད་ནས་མཇུག་ཏུ་དགེ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་སྩལ་དབུ་འཛུགས་ཀྱི་སྔོན་འགྲོར། གཡས་གཡོན་ནས་སློབ་ཕྲུག་བདུན་བརྒྱ་ལྷག་ཙམ་སླེབས་འབྱོར་ཡོད་པ་རྣམས་ལ་ཕྱི་ལོ་གསར་པའི་འཚམས་འདྲི་དང༌། སློབ་ཕྲུག་སྤྱི་ཡང༌། ཡང་སྒོས་བོད་པའི་སློབ་ཕྲུག་རྣམས་ཧ་ཅང་གལ་གནད་ཆེན་པོ་རེད། དུས་རབས་ཉི་ཤུ་པའི་མི་རབས་དང༌། དུས་རབས་ཉེར་གཅིག་པའི་མི་རབས་གཉིས་ལས། བགྲེས་པ་རྣམས་དུས་རབས་ཉི་ཤུ་པའི་མི་རབས་ཡིན་ཞིང༌། དུས་རབས་དང་མི་རབས་ཕལ་མོ་རྫོགས་ཟིན་ཅིང༌། དུས་རབས་ཉེར་གཅིག་པའི་མི་རབས་གཞོན་པ་རྣམས་ཧ་ཅང་གལ་གནད་ཆེ་ཚུལ་དང༌། འཛམ་གླིང་ཞི་བདེ་དང༌། ཁོར་ཡུག་ཞི་བདེ། ལུས་པོ་བདེ་ཐང༌། སྤྱི་ཚོགས་བདེ་སྐྱིད་ལྡན་པ་བཅས་ཚང་མ་ནང་གི་ཞི་བདེ་དང༌། བྱམས་བརྩེར་ཐུག་ཡོད་ཚུལ། ཚན་རིག་པས་བརྟག་ཞིབ་བྱས་པའི་གྲུབ་དོན་ལ་མིའི་རང་བཞིན་ལྷན་སྐྱེས་ལ་བྱམས་བརྩེ་ཅན་ཡིན་ཚུལ། དེ་ལ་བརྟེན་ནས་མགོན་པོ་གང་ཉིད་ལ་ཐུགས་རེ་ཆེན་པོ་འཁྲུངས་ཚུལ། དུས་རབས་ཉེར་གཅིག་པའི་དུས་མཇུག་ལ་འཛམ་གླིང་ཞི་བདེ་དང་ལྡན་པ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་ལུགས། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱ་ཆེ་གཏིང་ཟབ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བོད་ཀྱི་སྐད་ཡིག་ལས་ལྷག་པ་མེད་ཚུལ། འཛམ་གླིང་སྤྱི་ལ་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་ལེགས་སྐྱེས་བོད་པས་འབུལ་དགོས་པ་དང༌། འབུལ་ཐུབ་པའི་ཆ་རྐྱེན་ཡོད་ལུགས། སློབ་ཕྲུག་དང་རབ་བྱུང་བའི་ཁྲོད་དུ་ཉལ་ཐའམ་མྱོས་རྫས་ཀྱི་རིགས་ལ་བརྟག་ཞིབ་ཀྱིས་དེ་བསྟུན་ཐག་གཅོད་བྱེད་དགོས་པ། འཛམ་གླིང་གི་ཆོས་ལུགས་ཁག་ལ་ཆོས་ཕྱོགས་ཀྱི་སྡེ་ཚན་དང༌། ལྟ་གྲུབ་ཀྱི་སྡེ་ཚན། རིག་གཞུང་དང་གོམས་གཤིས་ཀྱི་སྡེ་ཚན་གསུམ་དུ་དབྱེ་བ་འབྱེད་ཚུལ་དང༌། སྡེ་ཚན་གསུམ་པ་འདི་ཉིད་ཡུལ་དུས་གནས་སྐབས་དང་བསྟུན་ནས་བསྒྱུར་བཅོས་འགྲོ་དགོས་ཚུལ། དགོན་སྡེ་ཁག་ནས་སྤྱི་སེམས་ཀྱི་ཕྱག་བསྟར་བྱ་གལ་ཆེ་ཚུལ་དང་འབྲེལ་སྤྱི་སེམས་ཁྱབ་སྤེལ་གྱི་བླ་མེད་ཀྱི་དགོངས་གཞིའི་སྐོར། མི་ཚེ་དོན་ལྡན་དུ་བྱ་ཚུལ། དཀར་ཟས་བསྟེན་གལ་ཆེ་ཚུལ་སོགས་ཀྱི་གལ་ཆེའི་ལམ་སྟོན་ཟབ་རྒྱས་སྨིན་པར་སྩལ།
5. ཕྱག་ཚོད་ ༩ པའི་ཐོག་ཚེ་དབང་གི་སྔོན་འགྲོའི་བགེགས་གཏོར་གཏོང་བ་གནང༌། གཏང་རག་མཎྜལ་འབུལ། ཚེ་རིང་དུ་བསྲིང་བའི་གལ་གནད་ཆེ་ཤོས་ནི་འཕྲོད་བསྟེན་ཡིན་པས། སློབ་དགེ་དང་བཅས་པས་སློབ་མའི་འཕྲོད་བསྟེན་དང༌། གདན་ས་ཁག་ནས་དགེ་འདུན་པའི་གཙང་འཕྲོད་དང་བཅས་པར་གལ་ཆེ་དོན་ཆེན་དུ་བརྩི་དགོས་ལུགས། རྒྱུན་གྱི་སྤྱོད་ལམ་དང་ཟས་བཅུད་འཕྲོད་བསྟེན་གྱི་ཡིད་གཟབ་སྤང་བླང་བྱ་གལ་ཆེ་ཚུལ། མ་འོངས་པར་གདན་ས་ཁག་ནས་འཆར་ཅན་ལྟར་མིན་པར་ངེས་པར་དགེ་འདུན་པའི་གཙང་འཕྲོད་ཀྱི་ཐོག་ཏུ་འཐུས་ཤོར་མེད་པ་དགོས་གལ། ལུས་རྩལ་དང༌། གནོད་ཤུགས་ཆེ་བའི་བཟའ་བཏུང་ལ་བརྟག་ཞིབ་ཀྱིས་མཐུན་རྐྱེན་སྦྱོར་ལུགས་སོགས་ཀྱི་ཟབ་གསལ་གྱི་ལམ་སྟོན་ཡང་མཛད།
6. ཕྱག་ཚོད་ ༩ དང་སྐར་མ་ ༡༢ ཐོག་གསོལ་བ་འདེབས་པ་དང༌། སེམས་བསྐྱེད་པ། སློབ་མ་ལྷར་བསྐྱེད་པ། མཚམས་འདིར་སློབ་གྲྭའི་ཆོས་དགེ་རྣམས་ལ་ཆོས་དགེ་ཞེས་བརྗོད་པས་མི་འདང་བར་དེ་དག་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་འདོགས་དགོས་པའི་གལ་གནད་དང༌། མིང་དོན་མཚུངས་མིན་ཐད་ལམ་སྟོན་མཛད། ཆོས་དགེ་རྣམས་ནས་སློབ་ཕྲུག་རྣམས་ལ་སྔ་དགོང་གི་ཞལ་འདོན་སློབ་པ་ཙམ་གྱིས་མི་འགྲིག་པར་བདེན་གཉིས་དང༌། བདེན་བཞི་སོགས་ཀྱི་ལྟ་གྲུབ་ཀྱི་རྣམ་གཞག་དང༌། ནང་ཆོས་ཀྱི་སྒྲོམ་གཞི་རྣམས་སློབ་ཁྲིད་བྱེད་དགོས་ལུགས། བར་སྐབས་ཆོས་དགེ་རྣམས་ནས་སློབ་ཁྲིད་འཐུས་ཤོར་དུ་སོང་བས་བར་སྐབས་ཀྱི་མི་རབས་གཅིག་གི་ནང་ཆོས་ཀྱི་ཤེས་ཚད་ཐད་གྱོང་གུད་ཕོག་ཚུལ་བཅས་ཀྱི་སྐོར་བཀའ་སློབ་སྩལ།
7. ཕྱག་ཚོད་ ༩ དང་སྐར་མ་ ༢༡ ཐོག་ཚེ་དབང་དངོས་གཞི་དབུ་འཛུགས་མཛད། ཚེ་ཡར་བ་བཀུག་པ། ཚེ་ཉམས་པ་གསོ་བ། ཚེ་སྟིམ་པ། ཚེ་སྤེལ་བ་སོགས་ཚེ་དབང་སྨིན་སྩོལ་མཛད། གཏང་རག་གི་མཎྜལ་བཅས་ཕུལ་དེ་ལེགས་པར་གྲུབ། ཕྱག་ལེན་དང༌། གནས་དུས་བཅས་ཀྱིས་ཚེ་དབང་འདི་ཉིད་དམིགས་བསལ་ཅན་ཡིན་ཚུལ་སྐོར་བཀའ་སློབ་སྩལ་བ་བཅས་སོ།།

ཟིན་བྲིས་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལོ།།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -