ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

31.12.2015 03:46:16
གངས་དཀར་སེམས།

images/stories/blog_images/Ganglha/Resized/8.jpg

བུ་མོ་ཡིས་འཛམ་གླིང་སྐྱོབས་ཆུགས།

༼ བུ་མོས་དཔེ་དེམ་མང་ཙམ་བཀླགས་ཅིང་ཕོ་མོའི་འདྲ་མཉམ་བརྩོན་ལེན་བྱེད་པ་དེས་སོ་སོར་དྲག་ཤུགས་མི་ཕོག་པའམ་དེ་འགོག་ཐུབ་ཅིང་། དེ་བས་འཛམ་གླིང་འདིའང་སྐྱོབས་ཐུབ། ༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགུལ་འདི་ཟླ་ ༡༡ ཚེས་ ༢༥ ཉིན་ནས་འགོ་བརྩམས་ཤིང་ཟླ་ ༡༢ ཚེས་ ༡༠ ཉིན་མཇུག་བསྒྲིལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཧྥན་ཀི་ཝུན་གྱིས་ཉིན་བཅུ་དྲུག་ཏུ་སེར་མདོག་གི་ལས་འགུལ། ཞེས་པ་ཞིག་སྤེལ་ནས་ཚང་མས་མཉམ་འབྲེལ་གྱི་སྒོ་ནས་སེར་མདོག་གིས་འཛམ་གླིང་རྒྱན་དགོས། བུད་མེད་ལ་བསྙས་བཅོས་འགོག་པ་དང་བུ་མོར་དྲག་འགུལ་སྤེལ་བའི་ལས་འགུལ་འགོག་དགོས། སེར་མདོག་ནི་ཞི་འཇམ་དང་བརྩེ་བ། ཞི་བདེ་མཚོན། ཞེས་དང་། ཁོས་འཛམ་གླིང་ཡོངས་ཀྱིས་བུ་མོ་ཆུང་ཆུང་དང་དར་གཞོན་བུད་མེད་ཡོངས་ནས་དྲག་པོའི་ཉེན་ཁ་འགོག་པའི་རེ་བ་བཅང་ཡོད་པའི་སྐོར་སྤེལ་ཡོད།

གཅིག་བྱས་ན་ཁྱོད་ཀྱིས་འཛམ་གླིང་འདིས་བུ་མོ་ཚོར་ཅི་ཙམ་འདྲ་མཉམ་མེད་པའི་སྤྱོད་ངན་སྤེལ་མིན་ཤེས་མེད་ཚོད་རེད། རྒྱ་ནག་ཏུ་སྐར་མ་རེའི་ནང་བུད་མེད་༢་༤ ལ་ཕོ་མོའི་མཐོང་ཆུང་གི་བསྙས་བཅོས་མྱོང་ཞིང་ག་སོང་ཆ་མེད་ཟེར་བ་དེ་འདྲ་ཆགས་ཀྱི་ཡོད། ལོ་གཅིག་རིང་རྒྱ་ནག་ཏུ་ག་སོང་ཆ་མེད་ཟེར་བ་འདི་འདྲར་སོང་བའི་བུད་མེད་ནི་ཁྲི་ ༡༢༥ རེད། འཛམ་གླིང་ཡོངས་སུ་ལོ་གཅིག་རིང་ག་སོང་ཆ་མེད་ཟེར་བ་སོང་བའི་བུད་མེད་ཀྱི་གྲངས་ཀ་ནི་ཁྲི་ ༣༨༨ རེད།


ག་སོང་ཆ་མེད་ཅེས་པའི་དོན་ག་རེ་ཡིན་ནམ། གཅིག་ནི་ཁོ་ཚོས་དེ་དག་ནི་བུ་མོ་ཡིན་པ་ཤེས་པའི་དབང་གིས་དེ་དག་འཇིག་རྟེན་འདིའི་ཐོག་ཡོང་ཐབས་མེད་པར་ཨ་མའི་ཁོག་པར་ཡོད་དུས་ནས་བསད་པ་རེད། ང་ཚོས་བྱ་སྤྱོད་འདི་ལ་ཕྲུ་གུ་ཤོར་བཅུག་པ་ཞེས་དང་། ཡང་ན་ཕྲུ་གུ་བཀོག་པ་ཞེས་འབོད། གཉིས་ནི་བུ་མོ་དེ་དག་འཇིག་རྟེན་འདིར་སླེབས་རྗེས་མནར་གཅོད་ཀྱིས་བསད་པ། སྐྱུར་བ། ན་ནས་ཤི་བ། ཡང་ན་ལྟོགས་ཤི་ཐེབས་པ་བཅས་ཡོང་གི་ཡོད། གསུམ་ནི་བུ་མོ་དེ་དག་ཆེན་པོར་ཆགས་རྗེས་གཞན་གྱིས་བསྙས་བཅོས་དང་ངོ་ཚ་བཟོ་བ། དེ་དག་ལ་བཙན་གཡེམ་དང་རྡུང་རྡེག་བཏང་བ། བསད་རྨས་བཅས་བྱེད་ཀྱི་ཡོད། བཞི་པ་ནི་བུ་མོ་འདི་ཚོས་འདི་ལྟ་བུའི་འཚོ་བ་མྱོང་མ་ཐུབ་པའི་དབང་གིས་རང་ཤི་རྒྱག་པ་སོགས་རེད།


བུ་མོ་འདི་ཚོས་ནོར་འཁྲུལ་ག་རེ་ཤོར་ཡོད་དམ། དེ་ཚོས་ནོར་འཁྲུལ་གང་ཡང་ཤོར་མེད། བུ་མོ་དེ་དག་ཤི་དུས་སྐད་ཆ་ཙམ་ཡང་བཤད་མི་ཤེས་ལ་བྱ་འགུལ་ཙམ་ཡང་སྤེལ་མི་ཤེས། བུ་མོ་དེ་དག་ཆེན་པོར་ཆགས་རྗེས་སྐབས་འགར་མི་རྣམས་ཀྱིས་དེ་དག་གིས་ནོར་འཁྲུལ་འདྲ་ཤོར་བར་ངོས་འཛིན་བྱེད། དཔེར་ན་ས་ཁུལ་ཁག་ཅིག་ཏུ་བུ་མོས་སྐད་མགོ་མཐོན་པོས་སྐད་ཆ་བཤད་པ་དེ་ནོར་འཁྲུལ་ལ་ངོས་འཛིན་བྱེད། ཡང་ས་གནས་ཁག་ཅིག་ལ་བུད་མེད་ཚོས་མགོ་ལ་སང་རས་ནག་པོ་མ་གྱོན་ན་ཕྱི་ལ་སོང་བ་དེ་ནི་ནག་ཉེས་བསགས་པར་ངོས་འཛིན་བྱེད། དོན་དངོས་ཐོག་བུད་མེད་དེ་དག་ལ་ནོར་འཁྲུལ་གང་ཡང་མེད། དེ་དག་ནི་བུད་མེད་ཡིན་པ་ཙམ་གྱིས་བཀག་སྡོམ་འདི་འདྲ་ཐེབས་ཀྱི་ཡོད་པ་རེད།


འདི་དང་མཚུངས་པའི་གནས་སྟངས་མང་པོས་དེ་དག་ཕོ་མོའི་རྟགས་མཚན་མ་མི་མཚུངས་པ་ཙམ་གྱིས་མི་རྣམས་ཀྱིས་དེ་དག་ལ་མཐོང་ཆུང་དང་ངོ་ཚ་བཟོ་བ། དོ་དམ་དང་འཕྲོག་བཅོམ་བྱེད་པ། དབྱེ་འབྱེད་ཀྱི་ལྟ་བ་འཛིན་པ། སུན་བཙིར་དང་རྡུང་རྡེག་བཏང་པ། བསད་རྨས་བཅས་ཕོག་གི་ཡོད། འདི་ལ་ཕོ་མོའི་དབར་གྱི་མཐོང་ཆུང་ཟེར།


མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་ཞིབ་འཇུག་གི་ཕྱོགས་བསྡོམས་གྲངས་ཀའི་ཐོག་ནས། ཕོ་མོའི་དབར་མཐོང་ཆུང་བྱས་པའི་དབང་གིས་དེང་སང་འཛམ་གླིང་ཐོག་བུད་མེད་དམ་བུ་མོ་བརྒྱ་ཆ་ ༣༥ ཡིས་ཕ་རོལ་པོས་དྲག་པོའི་རྡུང་རྡེག་ཕོག་བཞིན་ཡོད། གནས་སྟངས་ཚབ་ཆེ་བའི་རྒྱལ་ཁབ་ཏུ་དེའི་གྲངས་ཚད་ནི་བརྒྱ་ཆ་ ༧༠ ཟིན་གྱི་ཡོད་པ་རེད། འཛམ་གླིང་ཡོངས་སུ་བུད་མེད་ལྔའི་ནང་གི་གཅིག་ལ་བཙན་གཡེམ་དང་ཡང་ན་བཙན་གཡེམ་དང་མཚུངས་པའི་བསྙས་བཅོས་ཕོག་གི་ཡོད།


བུ་མོ་རྣམས་ཀྱིས་དཔེ་དེབ་ཅི་ཙམ་བཀླགས་ན་དེ་ཙམ་གྱི་འཛམ་གླིང་འདི་སྔར་བས་ལེགས་སུ་འགྲོ་གི་ཡོད། བུ་མོ་ཞིག་ལ་ཤེས་ཡོན་སློབ་གསོ་ཇི་ཙམ་ཉུང་བ་དེ་ཙམ་གྱིས་དྲག་ཤུགས་ཀྱིས་རྡུང་རྡེག་ཕོག་སླ། ས་ཁུལ་མང་པོར་སྐྱེས་པ་ཚོས་གང་བྱུང་གིས་བུད་མེད་ལ་རྡུང་གི་ཡོད། བུ་མོ་དེ་དག་སློབ་གྲྭར་མི་གཏོང་བ། དེ་བས་དེ་དག་སྔ་པོ་ནས་ཆང་ས་རྒྱག་འཇུག་པ། ཕྲུ་གུ་སྐྱེ་འཇུག་པ། ཁྱིམ་ལས་བྱེད་འཇུག་པ་བཅས་བྱེད། འཛམ་གླིང་ཡོངས་སུ་དུང་ཕྱུར་ ༧ ཙམ་གྱི་བུ་མོ་རྣམས་གཉེན་སྒྲིག་བྱེད་སྐབས་ད་དུང་བྱིས་པའི་དུས་ཚོད་ཡིན། དེའི་ནང་བུ་མོ་དུང་ཕྱུར་ ༢་༥ ཙམ་གྱི་རང་ལོ་ ༡༥ སྔོན་དུ་གཞན་གྱིས་བཙན་དབང་གི་འོག་ཏུ་ཆང་ས་རྒྱག་འཇུག་པ་བཅས་རེད།


ཤེས་ཡོན་སློབ་གསོ་ཅི་ཙམ་ཉུང་བ་དེ་ཙམ་གྱིས་ཡོང་འབབ་བསགས་ཐུབ་པའི་ལས་གནས་རག་ཁག་པོ་རེད། འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་མི་འབོར་དུ་བུད་མེད་ནི་བསྡོམས་འབོར་གྱི་བརྒྱ་ཆ་ ༧༠ ཟིན་ཡོད། འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བ་ཁྲི་ ༣༣༠༠ ནང་བརྒྱ་ཆ་ ༧༢ བུད་མེད་དང་བྱིས་པ་ཡིན། ཤར་གླིང་དུ་བརྒྱ་ཆ་༤༥ ཡི་བུད་མེད་རྣམས་ལ་ལས་ཀ་རག་མེད། འཚོ་བ་ཇི་ཙམ་དབུལ་ཞིང་ཕོངས་ན་དེ་ཙམ་གྱིས་གཞན་གྱི་མཐོང་ཆུང་དང་དྲག་ཤུགས་ཐེབས་སྲིད།

དེར་བརྟེན། བུ་མོ་ཚོས་གཞན་གྱི་མཐོང་ཆུང་དང་དྲག་ཤུགས་ལ་རྒོལ་དགོས། དེའང་གལ་ཆེ་ཤོས་ནི་དཔེ་དེབ་གང་མང་བཀླགས་རྒྱུ་དེ་རེད། འཛམ་གླིང་ཡོངས་སུ་ལོ་རིམ་བཞི་པ་ཡས་ཀྱི་བུ་མོ་ཚོ་ལོ་རེར་སློབ་གྲྭར་མང་དུ་སོང་ན་བུད་མེད་ཀྱི་ཟླ་ཕོགས་ཀྱང་བརྒྱ་ཆ་ ༢༠ ཙམ་མཐོ་རུ་འགྲོ་གི་ཡོད། བྱིས་པའི་ཤི་རྐྱེན་གྱི་བསྡུར་ཚད་དེའང་བརྒྱ་ཆ་ ༡༠ ཙམ་ཉུང་དུ་འགྲོ་གི་ཡོད་པ་རེད།


བུ་མོ་ཚོས་དཔེ་དེབ་མང་ཙམ་ཀློག་པ་དེས་སོ་སོར་ཕན་པ་མ་ཟད། འཛམ་གླིང་ཡོངས་ཀྱིས་དེའི་ནང་ནས་ཁེ་བཟང་རག་བཞིན་ཡོད། དཔལ་འབྱོར་རིག་པའི་མཁས་དབང་གྲགས་ཅན་ལཱོ་རན་ཟི་སི་མ་སིས་ Lawrence Summers བུ་མོར་ཤེས་ཡོན་སློབ་གསོ་སྤྲད་པའི་འགྲོ་སོང་བཏང་བ་དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཕྱིར་ཁེ་བཟང་ཆེ་ཤོས་རག་ཐབས་ཀྱི་འགྲོ་སོང་ཞིག་བཏང་བ་རེད། ཅེས་བཤད་མྱོང་། གལ་ཏེ་རྒྱལ་ཁབ་ཅིག་ནང་སློབ་གྲྭར་འགྲོ་བའི་བུ་མོ་བརྒྱ་ཆ་༡༠ ཙམ་འཕར་ཡོད་ཚེ་རྒྱལ་ཁབ་འདིའི་རྒྱལ་ནང་དུ་ཐོན་སྐྱེད་ཀྱི་ཡོངས་འབབ་ GDP སྤྱི་ལ་བརྒྱ་ཆ་ ༣ ཙམ་འཕར་ཐུབ་ཀྱི་ཡོད་པ་རེད།


ད་ལྟའི་ཆར་འཛམ་གླིང་ཐོག་ས་གནས་མང་པོར་ད་དུང་ཡང་ལྟོགས་སྐོམ་ཕོག་བཞིན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བུད་མེད་རྣམས་ལ་ས་ཞིང་མ་རག་པས་རེད། བུད་མེད་ཚོར་ལག་ཤེས་གསར་པའི་ཟབ་སྦྱོང་མ་རག་པས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་གནས་རེའི་བུད་མེད་རྣམས་ལ་འདྲ་མཉམ་གྱི་དབང་ཆ་ཐོབ་ཚེ་ཞིང་ལས་ཐོན་སྐྱེད་ཀྱི་གྲངས་ཀ་དེའང་བརྒྱ་ཆ་ ༣༠ ཙམ་མཐོ་རུ་འགྲོ་རྒྱུ་དང་། འཛམ་གླིང་ཡོངས་ཀྱི་བུད་མེད་རྣམས་ལ་འདྲ་མཉམ་རག་ན་ཉུང་མཐའ་ཡང་མི་འབོར་དུང་ཕྱུར་ ༡་༥ ཙམ་གྲོད་ཁོག་ལྟོགས་ནས་བསྡད་མི་དགོས་པ་གསལ་ཡོད།


བུ་མོར་ཤེས་ཡོན་སློབ་གསོ་ཐོབ་རྗེས་དེ་དག་སྲིད་གཞུང་གི་ལས་དོན་ཐོག་གང་མང་མང་ཞུགས་ཆོག་ཅིང་། དེ་དག་གིས་རྒྱལ་ཁབ་ཅིག་ལ་དོ་དམ་ཡང་བྱེད་ཆོག ཨ་རིའི་རྒྱལ་སྤྱི་གསར་སྤེལ་ཁང་ནས་བུད་མེད་རྣམས་སྲིད་གཞུང་གི་ལས་དོན་གཉེར་མཁན་དེ་བརྒྱ་ཆ་ ༣༠ ཟིན་ཡོད་ཅིང་། དེས་རྒྱལ་ཁབ་ཡོངས་སུ་སྔར་བས་གུ་ཡངས་དང་འདྲ་མཉམ། སྔར་བས་དམངས་གཙོ་འགྲོ་སྲིད་པའི་སྐོར་བཤད་ཡོད་པ་རེད།


ཁྱོད་ཀྱིས་གཟིགས་དང་། བུ་མོ་རྣམས་དཔེ་དེབ་མང་ཙམ་བཀླགས། ཕོ་མོ་འདྲ་མཉམ་བརྩོན་ལེན་བྱེད་པ་དེས་སོ་སོར་དྲག་ཤུགས་སྤེལ་བ་འགོག་ཐུབ་པ་ཙམ་མ་ཟད། འཛམ་གླིང་འདིའང་སྐྱོབས་ཐུབ། བུ་མོ་ཚོར་བསྙས་བཅོས་བྱེད་རྒྱུར་དགའ་བའི་བུ་དེ་ཚོས་འདིར་གཅིག་ལྟོས་དང་། ཁྱོད་ཚོས་ལས་ངན་ག་རེ་བྱས་འདུག་གམ།


མ་རྩོམ་འབྲེལ་ཐག

https://theinitium.com/article/20151204-parenting-newsforkids-violence/


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -