ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

30.12.2015 05:17:43
གངས་དཀར་སེམས།

ཨ་རིའི་དབུལ་ཕྱུག་ཁྱིམ་ཚང་གཉིས་ཀྱི་བུ་རྒྱུད་ཀྱི་འཚོ་བར་ཧེ་བག་ཆེ།

ཨ་རིའི་དབུལ་ཕྱུག་གཉིས་ཀྱི་ཁྱིམ་ཚང་གི་བུ་རྒྱུད་ཚོའི་འཚོ་བ་དེ་ད་ལྟའི་ཆར་ཧེ་བག་ཆེ་ཤོས་སུ་སླེབས་ཡོད་པ་མཐོང་ཐུབ། པཱེ་ཡུ་ཞིབ་འཇུག་ལྟེ་གནས་ Pew Research Center ཀྱིས་ཞིབ་འཇུག་གསར་པ་ཞིག་བྱས་པའི་གྲུབ་དོན་གྱིས། ཕྱུག་པོའི་ཁྱིམ་ཚང་གིས་དུས་ཚོད་འཆར་འགོད་བྱས་པ་ཁོ་ནར་བརྟེན་ནས་ལས་དོན་སྤེལ་ཞིང་། ཕྲུ་གུ་ཚོས་པཱ་ལེ་ཞབས་བྲོ་འཁྲབ་པ། རྐང་རྩེད་སྤོ་ལོ་རྩེད་པ། སློབ་ཞོར་གྱི་ལས་འཆར་དུ་ཞུགས་པ་བཅས་ཡིན། ཁྱིམ་ཚང་འདིའི་རིགས་ནི་རྒྱུན་གཏན་ལྟར་ན་ཕ་མ་འགོ་འཛོམས་ཡིན་ལ། ཕ་མས་དུས་ཚོད་ཧ་ཅང་མང་པོར་གཏོང་སྟེ་བུ་རྒྱུད་ཚོར་དཔེ་དེབ་བཀླག་འཇུག་པ་དང་། དེ་བཞིན་ཕྲུ་གུ་ཚོའི་སེམས་འཚབ་ཀྱི་གནས་སྟངས་དང་ཉིན་རེའི་འཆར་འགོད་ལའང་སེམས་འཁུར་བྱེད་ཀྱི་ཡོད།


 

ཞིབ་འཇུག་དེས་དབུལ་ཕོངས་ཁྱིམ་ཚང་གི་ཕྲུ་གུ་ཚོ་རྒྱུན་སྲོལ་ལྟར་ན་ཁྱིམ་དུ་བསྡད་པའམ་ཁྱིམ་ཚང་ཆེན་མོའི་ནང་དུས་ཚོད་ཆོད་ཐབས་བྱེད། ཕ་མས་ཕྲུ་གུ་དེ་ཚོ་འཚར་ལོངས་བྱེད་སའི་ཁོར་ཡུག་དེ་བུ་རྒྱུད་གསོ་སྐྱོང་བྱེད་ས་ཡག་པོ་ཞིག་མིན་པར་འགྲེལ་སྲིད། དེ་བས་ཕ་མ་འདི་ཚོས་ཕྲུ་གུ་ཚོར་གཞན་གྱིས་བསད་རྨས་དང་། ཡང་ན་ཁྲིམས་འགལ་གྱི་བྱ་འགུལ་དུ་བཞུགས་པར་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

 

ཞིབ་འཇུག་པས་བུ་རྒྱུད་གསོ་སྐྱོང་གི་གྲལ་རིམ་དབར་ཧེ་བག་ཇེ་ཆེར་འགྲོ་བཞིན་པ་དེ་ནི་འདྲ་མཉམ་མེད་པའི་གནས་སྟངས་ཇེ་སྡུག་ཏུ་གཏོང་བའི་སྔོན་བལྟས་ཤིག་ཡིན་ལ། མ་འོངས་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད་པར་ངོས་འཛིན་བྱེད། སློབ་གསོའི་ཐབས་ལམ་མི་འདྲ་བས་ཕྲུ་གུ་ཚོ་འཚར་ལོང་གི་ལམ་བུ་མི་འདྲ་བར་འཇོག་ཅིང་། དེ་ནས་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་ཧེ་བག་དེ་གཏིང་ཟབ་དུ་གཏོང་གི་ཡོད། དམིགས་བསལ་དུ་སློབ་གསོ་དང་ཡོང་འབབ་དབར་འབྲེལ་བ་དམ་ཟབ་ཡོད་པར་བསམ་བློ་འཁོར་ཐུབ་པས་སོ། བྱིས་པའི་འཚར་ལོང་གི་བརྒྱུད་རིམ་ཁྲོད་ཁོ་ཚོ་གནས་སའི་སྤྱི་ཚོགས་དེའི་དཔལ་འབྱོར་གྱི་གོ་རིམ་ནང་ནས་རྒྱལ་ཁར་ཕྱོགས་པའི་ལག་རྩལ་སྦྱོང་སྲིད། འོན་ཀྱང་ལག་རྩལ་གཞན་དག་སྦྱོང་ཐུབ་རྒྱུར་ངེས་པ་མེད། ཟཱི་ཐན་ཧྥུའུ་སློབ་ཆེན་གྱི་དབུལ་ཕོངས་དང་སློབ་གསོའི་འདྲ་མཉམ་མེད་པའི་སྐོར་ཞིབ་འཇུག་བྱེད་མཁན་སློབ་དཔོན་ཆེན་མོ་སཱིན་ཧྥི་རི་ཊོན་ Sean F. Reardon གྱིས། བྱིས་པའི་ཐོག་མའི་ཉམས་མྱོང་གིས་བྱིས་པ་ཚོ་སྤྱི་ཚོགས་དང་ཚོར་བའི་ཤེས་བྱའི་ཕྱོགས་རྒྱུན་རིང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཆེན་པོར་ཐེབས་སྲིད་ཅིང་། རྒྱུ་རྐྱེན་དེ་ཚོས་སློབ་གསོ་ལེགས་འགྲུབ་འབྱུང་མིན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེ་ནས་གང་ཟག་དེའི་མ་འོངས་པའི་ཡོང་འབབ་ལའང་ཤུགས་རྐྱེན་ཐེབས་པར་བརྟེན། བྱིས་པའི་ཐོག་མའི་ཉམས་མྱོང་དེས་ཁོ་ཚོའི་མི་ཚེ་གཅིག་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ཅེས་བཤད།

 

འཁོར་སྤྱོད་དེ་ཙམ་མིན་པར། ཅུང་དབུལ་ཕོངས་ཀྱི་ཕ་མས་ཁོ་ཚོའི་བུ་རྒྱུད་ཚོར་དུས་ཚོད་དང་འགྲོ་སོང་གཏོང་བའང་ཅུང་ཉུང་ཉུང་ཡིན། དེས་བུ་རྒྱུད་ཚོ་སློབ་འཇུག་དང་ལས་ཀར་ཞུགས་པར་གྲ་བསྒྲིག་འཐུས་ཚང་མེད་པ་ཡོང་སྲིད་ཅིང་། དེ་བཞིན་ཡོང་འབབ་ཀྱང་ཉུང་དུ་འགྲོ་བར་བསྐུལ་སྲིད།

 

པཱེ་ཡུའི་སྙན་ཐོ་དེ་དང་འདས་སོང་གི་ཞིབ་འཇུག་གྲུབ་དོན་ནས། ཨ་རིའི་ཕ་མ་ཚོས་བུ་རྒྱུད་ལ་རེ་བ་བཅང་སྟངས་སྤྱི་མཚུངས་ལྟར་ཡིན་ཏེ། ཕྲུ་གུ་ཚོ་བདེ་ཐང་དང་བདེ་སྐྱིད་ལྡན་པ། དྲང་ཚུགས་དང་ཀུན་སྤྱོད་བཟང་བ། བརྩེ་སེམས་དང་སྙིང་རྗེ་ཡོད་པ་བཅས་ལ་རེ་བཞིན་ཡོད། ཞིབ་འཇུག་པས་འཇིག་རྟེན་འདིའི་ཐོག་ཆེས་ལེགས་ཤོས་ཀྱི་སློབ་གསོའི་ཐབས་ལམ་དང་ལྟ་སྒྲུབ་གཅིག་མེད་པར་ངོས་འཛིན་བྱེད། ཡོང་བབས་གསོག་མཁན་གྱི་སྤྱི་ཚོགས་གོ་རིམ་ནང་བརྒྱ་ཆ་ ༩༢ ཀྱི་ཕ་མས་ཁོ་ཚོས་གསོ་སྐྱོང་བྱས་པའི་བུ་རྒྱུད་ཚོས་ཡག་པོ་བྱེད་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད། འོན་ཀྱང་དེ་དག་གི་སློབ་གསོའི་ཐབས་ལམ་ལ་ཧེ་བག་ཆེན་པོ་ཡོད་པ་རེད།

 

ཨཱན་ཉི་ཐི་ལ་རོས་ Annette Lareau གྲལ་རིམ་འབྲིང་ཙམ་དང་དེ་བས་ཡོང་འབབ་མང་བའི་ཕ་མ་ཚོས་བུ་རྒྱུད་ཚོ་ཞིབ་ཚགས་ཀྱིས་གསོ་སྐྱོང་དགོས་པའི་ལས་འཆར་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་འདོད། དེ་དག་གིས་ཧུར་བརྩོན་ཆེན་པོས་ཕྲུ་གུར་དོ་དམ་དང་སྒྲིག་འཛུགས་ལྡན་པའི་བྱ་འགུལ་ཐོག་ནས་ཕྲུ་གུའི་ལག་རྩལ་གསོ་སྐྱོང་དང་། ཕྲུ་གུའི་བསམ་བློའི་དོགས་སློང་གི་དབང་ཆ་གསོ་སྐྱོང། ཕྲུ་གུ་ཚོ་ཆེས་ཕུལ་བྱུང་གི་སྡེ་ཚན་དུ་ཞུགས་ཐབས་བཅས་བྱེད། ཨཱན་ཉིས་དེ་འབྲེལ་གྱི་བརྗོད་གཞིའི་སྔོན་ཐོན་གྱི་ཞིབ་འཇུག་གྲུབ་དོན་དེ་ནི་འདྲ་མཉམ་མེད་པའི་བྱིས་པའི་དུས། གྲལ་རིམ། རིགས་རུས་དང་ཁྱིམ་ཚང་གི་འཚོ་བ། Unequal Childhoods: Class, Race and Family Life ཞེས་པའི་དེབ་ནང་སྤེལ་ཡོད།

 

དེ་མིན་ཡོང་འབབ་གཏན་འཇགས་ཡོད་པའི་ཕ་མ་ཚོས་བུ་རྒྱུད་ཚོ་རང་བཞིན་གྱིས་འཚར་ལོང་འབྱུང་ན་འགྲིག་པར་ངོས་འཛིན་གྱིས། ཕྲུ་གུར་སོ་སོའི་ཐག་གཅོད་ཀྱི་དབང་ཆ་དང་རང་དབང་གིས་རྩེད་མོར་རོལ་བའི་དུས་ཚོད་མང་ཙམ་སྤྲོད་ཀྱི་ཡོད། ཕྲུ་གུ་ཚོར་མི་རྒན་པའི་སློབ་གསོར་ཉན་འཇོག་དང་རྒན་པར་གུས་བརྩི་དགོས་པར་སློབ་གསོ་སྤྲོད་ཀྱི་ཡོད། ཐབས་ཤེས་འདི་གཉིས་ལ་སོ་སོའི་ལེགས་ཆ་ལྡན། ཨཱན་ཉིས་ཡོང་བབས་གཏན་འཇགས་ཡོད་པའི་ཕ་མའི་གྲལ་རིམ་གྱི་བུ་རྒྱུད་ཚོ་སྔར་བས་དགའ་སྣང་དང་རང་ཚུགས་ལྡན་པ། སུན་སྣང་ཉུང་བ། ནང་མི་གཞན་དབར་སེམས་ཉེ་བ་བཅས་ཡོད། ཡོང་འབབ་ཅུང་མཐོ་བའི་ཁྱིམ་ཚང་དུ་འཚར་ལོང་འབྱུང་བའི་ཕྲུ་གུ་ཚོས་སྔར་བས་སུན་སྣང་ཆེ་ཞིང་ཕ་མས་ཁོ་ཚོའི་གནད་དོན་སེལ་ཐབས་ཡོང་བའི་རེ་བ་བྱེད་བཞིན་པ་མཐོང་།

 

ཡིན་ཡང་དེ་རྗེས་ཕྱུག་པོའི་ཁྱིམ་ཚང་གི་བུ་རྒྱུད་ཚོ་སློབ་ཆེན་དང་ཡོང་འབབ་འབྲིང་ཙམ་གྱི་གྲལ་རིམ་གྱི་ལམ་དུ་ཞུགས་སྐབས་སྔར་བའི་ལས་སྟབས་བདེ་རུ་འགྲོ་ཞིང་། ཡོང་འབབ་ལ་བརྟེན་དགོས་མཁན་གྱི་བུ་རྒྱུད་ཚོས་སྔར་བས་ཧུར་བརྩོན་ཆེན་པོ་དགོས་པ་ཡིན། ཨཱན་ཉིས། ཡོང་འབབ་མཐོན་པོ་ཡོད་པའི་ཁྱིམ་ཚང་གི་བུ་རྒྱུད་ཚོས་དཔོན་རིམ་གྱི་གོ་རིམ་ལ་ཁ་གཏད་གཅོག་མཁས་ཤིང་སློབ་གྲྭ་དང་ལས་དོན་ཐོག་ནས་རྒྱལ་ཁ་ཐོབ་པར་རེ་བ་བཅང་གི་ཡོད།

 

ཕ་མ་ཚང་མས་སོ་སོའི་བུ་རྒྱུད་རྣམས་ལ་རྒྱལ་ཁ་ཆེ་ཤོས་དེ་ཐོབ་ན་བསམ་གྱི་ཡོད་དམ། དེ་ནི་ངེས་པ་རེད། མོས། ཐབས་ཇུས་ལ་ལས་བུ་ཕྲུག་ཚོ་སློབ་གྲྭ་ནས་ཁེ་བཟང་མང་ཙམ་ཐོབ་ཐུབ་བམ། དེའང་སྲིད་པ་ཞིག་རེད། གལ་ཏེ་ཕ་མས་ལས་འཆར་རེ་ཉུང་དུ་གཏོང་ན་ཕྲུ་གུར་གནོད་སྐྱོན་བཟོ་གི་ཡོད་དམ། འདིར་ང་དངོས་གནས་ཐཻ་ཚོམ་ཟ་གི་ཡོད། ཅེས་བཤད།

 

སྤྱི་ཚོགས་ཚན་རིག་ཆེད་མཁས་ཀྱིས། ཧེ་བག་འབྱུང་བའི་ཆ་ཤས་དེའི་རྒྱུ་རྐྱེན་ནི་ཡོང་འབབ་ཉུང་པའི་ཕ་མས་ཕྲུ་གུ་ཚོའི་རོལ་དབྱངས་དང་སློབ་འཇུག་མ་བྱས་པའི་སྔོན་གྱི་སློབ་སྦྱོང་ཐད་འགྲོ་སོང་ཉུང་བ་གཏོང་ཞིང་། ཉིན་རེའི་འགུལ་སྤྱོད་བརྗེ་བསྒྱུར་གྱི་སྤུས་ཚད་ཀྱང་ཅུང་ཞན་པ། ཕྲུ་གུ་ཚོ་འཁྲིད་དེ་འགྲེམས་སྟོན་ཁང་དང་། ཡང་ན་སློབ་གྲྭའི་ལས་འགུལ་དུ་ཞུགས་ཐུབ་ཀྱི་མེད། སློབ་ཚན་ཕྱིའི་བྱ་འགུལ་དེས་པཱེ་ཡུའི་ཞིབ་འཇུག་གིས་བཏོན་པའི་སློབ་གསོའི་ཐབས་ལམ་གྱི་བར་ཁྱད་དེ་མངོན་ཞིང་། ཞིབ་འཇུག་དེའི་ནང་ཞིབ་ཡུལ་ཕ་མ་གྲངས་ ༡༨༠༧ ཚུད་པ་དེ་ནི་རྒྱལ་ཡོངས་ཀྱི་འཐུས་མི་རང་བཞིན་ཅན་ཡིན། ཞིབ་འཇུག་གིས་ལེ་རེའི་ཡོང་འབབ་ཨ་སྒོར་ཁྲི་ ༧་༥ ཅན་གྱི་ཁྱིམ་ཚང་ནང་བརྒྱ་ཆ་ ༨༤ ཡིས་དེ་དག་གི་བུ་རྒྱུད་དེ་སྔོན་ལོ་གཅིག་རིང་སྒྲིག་འཛུགས་དང་ལྡན་པའི་ལུས་རྩལ་སྦྱོང་བརྡར་བྱ་འགུལ་དུ་ཞུགས་པ་དང་། བརྒྱ་ཆ་ ༦༤ ཡིས་དང་བླངས་ཀྱི་ལས་ཀ་བྱས་པ། བརྒྱ་ཆ་ ༦༢ རོལ་དབྱངས་དང་ཞབས་བྲོ། ཡང་ན་སྒྱུ་རྩལ་རིགས་ཀྱི་སློབ་སྦྱོང་འཛིན་གྲྭར་བཞུགས། ལོ་རེར་ཡོང་འབབ་ཨ་སྒོར་ཁྲི་ ༣ ལས་ཉུང་བའི་ཁྱིམ་ཚང་དུ་བརྒྱ་ཆ་ ༥༩ ཡི་ཁྱིམ་ཚང་གི་བུ་རྒྱུད་ལུས་རྩལ་དང་བརྒྱ་ཆ་ ༣༧ གྱིས་དང་བླངས་པ། བརྒྱ་ཆ་ ༤༡ སྒྱུ་རྩལ་སློབ་སྦྱོང་གི་འཛིན་གྲྭར་ཞུགས་མྱོང་། དམིགས་བསལ་དུ་ཕྱུག་པོའི་ཁྱིམ་ཚང་དུ་ཕྲུ་གུ་ཚོ་ཆུང་དུས་ནས་བཟུང་བྱ་འགུལ་སྣ་ཚོགས་སུ་ཞུགས་འགོ་བརྩམས་ཀྱི་ཡོད། སློབ་ཆེན་ཐོན་པའི་ཡོང་འབབ་མཐོ་བའི་ཕ་མའི་ནང་ཕྱེད་ལྷག་ཙམ་བུ་རྒྱུད་ལོ་ལྔའི་སྡོན་དུ་དེ་དག་གི་ཆེད་དུ་སྒྱུ་རྩལ་འཛིན་གྲྭར་ཞུགས་རྒྱུའི་ཐོ་འགོད་བྱས་ཟིན། སློབ་གསོ་ཅུང་ཞན་ཅིང་ཡོང་འབབ་ཅུང་ཉུང་བའི་རིགས་ཀྱིས་གོང་ལྟར་བྱེད་མཁན་དབར་གྱི་བསྡུར་ཚད་ནི་ལྔ་ཆ་གཅིག་ཙམ་རེད། དེ་ལྟར་ཡང་ཕྱུག་པོའི་ཁྱིམ་ཚང་གི་ཁྱིམ་བདག་བརྒྱ་ཆ་ ༢༠ ཡིས་ཁོ་ཚོའི་བུ་རྒྱུད་ཚོའི་ཉིན་རེའི་འཆར་གཞི་དེ་ཧ་ཅང་དོ་དམ་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་དབུལ་ཕོངས་ཁྱིམ་ཚང་གི་ཕ་མ་དེའི་སྐོར་གྱི་བསྡུར་ཚད་ནི་བརྒྱ་ཆ་ ༨ རེད་འདུག

 

དཔེ་མཚོན་གཞན་ཞིག་ནི་ངག་སྐྱོར་སྐོར་རེད། ཞིབ་འཇུག་གི་གྲུབ་དོན་ལྟར་ན་ངག་སྐྱོར་བྱེད་ན་ཕྲུ་གུ་ཚོར་སློབ་འཇུག་རྗེས་མིང་ཚིག་མང་ཙམ་རག་ཐུབ་ཅིང་། དཔེ་དེབ་ཀློག་ཅིང་དོན་རྟོགས་པའི་ནུས་ཤུགས་སྔར་བའི་ལེགས་པར་གསོ་སྐྱོང་ཐུབ་པར་གསལ། པཱེ་ཡུའི་ཞིབ་འཇུག་གིས། སློབ་ཆེན་གྱི་ཡོན་ཚད་ལྡན་པའི་ཕ་མའི་ནང་བརྒྱ་ཆ་ ༧༡ གིས་དེ་ལྟར་བྱེད་ཀྱི་ཡོད་ལུགས་བཤད། དེ་བས་མཐོ་འབྲིང་དང་ཡང་ན་དེའི་ཡོན་ཚན་ལས་དམའ་བའི་ལག་འཁྱེར་ཡོད་མཁན་གྱི་ཕ་མས་དེ་ལྟར་བྱེད་པའི་བསྡུར་ཚད་ནི་བརྒྱ་ཆ་ ༣༣ ཙམ་ཡིན། ཆང་ས་ཟིན་པའི་ཕ་མ་གཉིས་འཛོམས་ཀྱི་ཁྱིམ་གཞིའི་ནང་གཞན་དང་བསྡུར་ན་མི་རིགས་དཀར་པོའི་ཕ་མ་ཚོས་ཉིན་ལྟར་ཕྲུ་གུར་ངག་སྐྱོར་བྱེད་བཅུག་པའི་བསྡུར་ཚད་མཐོ་བར་མངོན།

 

ཕྱུག་པོའི་ཁྱིམ་ཚང་གི་ཕ་མ་མང་ཆེར་གྱིས་བུ་རྒྱུད་ཚོར་སློབ་ལོ་མ་ལོན་སྔོན་གྱི་འཛིན་གྲྭ་དང་བུ་བཅོལ་ཁང་དུ་ཐོ་འགོད་བྱས་པ་དང་། དེ་མིན་གྱི་ཕ་མས་སོ་སོའི་བུ་རྒྱུད་ཁྱིམ་མི་གཞན་ལ་བཅོལ་མཁན་མང་བ་ཡོད་སྲིད་པ་རེད་འདུག ཕྲུ་གུར་ཉེས་ཆད་གཅོད་སྟངས་དེའང་སློབ་གསོའི་སྤུ་ཚད་མི་འདྲ་བའི་སྒོ་ནས་ཧེ་བག་ཤོར་གྱི་ཡོད། ཞིབ་འཇུག་སློབ་མའི་ཡོན་ཚད་ཀྱི་ཕ་མའི་ནང་བརྒྱ་ཆ་ ༨ ཀྱིས་སོ་སོའི་ཕྲུ་གུའི་རྐུབ་ལ་རྡུང་གི་ཡོད་ལུགས་དང་། སློབ་གསོའི་སྤུས་ཚད་ཞན་པའི་མཐོ་འབྲིང་དང་དེའི་འོག་གི་ཡོན་ཚད་ལྡན་པའི་ཕ་མས་དེ་འདྲ་བྱེད་པའི་བསྡུར་ཚད་ནི་བརྒྱ་ཆ་ ༢༢ རེད། ཞིབ་འཇུག་དེས་ད་དུང་ཁྱིམ་བདག་གི་རྣམ་འགྱུར་དང་སེམས་འཚབ་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱས། ཁྱད་མཚར་བ་ཞིག་ལ། ཁྱིམ་བདག་གིས་སློབ་གསོའི་རྣམ་འགྱུར་དེ་ཁྱིམ་བདག་ཚོའི་སློབ་གསོ་ཐོབ་མྱོང་བའི་རྒྱབ་ལྗོངས་དང་འབྲེལ་བ་དེ་ཙམ་མེད་པར་སློབ་གསོས་མཐོ་སར་བསྙེག་མིན་ལ་གལ་འགངས་ཆེ་མིན་གྱི་ལྟ་བའི་འབྲེལ་བ་ཆེ་བ་ཡོད།

 

རྒྱལ་ཁབ་མང་པོའི་ཁྱིམ་བདག་གིས་ཕྲུ་གུས་ཧུར་བརྩོན་གྱིས་སློབ་སྦྱོང་བྱེད་པ་ཙམ་གྱིས་དེའི་ཡིག་རྒྱུགས་ཀྱི་ཨང་གྲངས་མཐོ་དམན་ལ་སེམས་འཁུར་མེད་ལུགས་མཚོན་ཡོད། འོན་ཀྱང་དབུལ་ཕོངས་ཁྱིམ་བདག་གི་ནང་མི་ཕྱེད་ལྷག་ཙམ་གྱིས་ཁོ་ཚོས་ཕྲུ་གུར་མཐོ་སློབ་གྱི་ལག་འཁྱེར་རག་མིན་དེ་ཧ་ཅང་གལ་ཆེར་འཛིན་ཞིང་། དེ་གཉིས་དབར་ཕྱུག་པོའི་ཁྱིམ་བདག་ནི་བསྡུར་ཚད་དེའི་བརྒྱ་ཆ་ ༣༩ ཙམ་ཟིན་ཡོད། སློབ་གསོའི་ཡོན་ཚད་ཅུང་དམའ་བའི་ཁྱིམ་བདག་གམ་ཅུང་དབུལ་བའི་ཁྱིམ་བདག དེ་བཞིན་མི་ནག་དང་ལཱ་ཏིང་རིགས་བརྒྱུད་ཀྱི་ཁྱིམ་བདག་ཚོས་ཕྲུ་གུའི་སློབ་གསོར་ཐེབས་ཇུས་མང་པོར་བྱས་པ་དེ་ནི་གནད་དོན་ཞིག་མིན་པར་ངོས་འཛིན་བྱེད། འོན་ཀྱང་མི་རིགས་དཀར་པོའི་ཁྱིམ་བདག་དང་ཕྱུག་པོའི་ཁྱིམ་བདག དེ་བཞིན་སློབ་ཆེན་གྱི་ཤེས་ཚད་ལྡན་པའི་ཁྱིམ་བདག་གིས་བུ་རྒྱུད་ཀྱི་སློབ་སྦྱོང་སྐོར་ཐད་ཇུས་མང་པོ་བྱས་པ་དེས་ཤུགས་རྐྱེན་སྡུག་ཆགས་ཐེབས་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད།

 

ཕ་མའི་སེམས་འཚབ་དེས་ཁོ་ཚོའི་ཁྱིམ་ཚང་གི་ཆ་རྐྱེན་མི་འདྲ་བ་མཚོན། ཡོང་འབབ་མཐོ་བའི་ཁྱིམ་བདག་གིས་ཁོ་ཚོའི་འཚོ་བཞིན་པའི་ས་ཁུལ་དེ་ནི་བུ་རྒྱུད་གསོ་སྐྱོང་ལ་འཚམ་པར་ངོས་འཛིན་བྱེད་ཀྱི་ཡོད། མདོར་བསྡུས་ནས་བཤད་ན་ཕྲུ་གུར་གཉའ་བཅོས་ཐེབས་མིན་དེ་ནི་ཕ་མའི་སེམས་འཚབ་ཆེ་ཤོས་དེ་ཡིན་ཡང་། ཡོང་འབབ་ཉུང་བའི་ཁྱིམ་བདག་ཕྱེད་ལྷག་གིས་སོ་སོའི་ཕྲུ་གུར་གཞན་གྱིས་བསད་རྨས་ཕོགས་མི་ཡོང་ངམ་སྙམ་མཁན་མང་། ཡོང་འབབ་མཐོ་བའི་ཕ་མའི་ནང་དེ་ལྟར་སེམས་འཚབ་ཡོད་མཁན་ནི་ལྔ་ཆ་གཅིག་ཙམ་རེད། དེ་བས་ཁོ་ཚོས་ཕྲུ་གུར་སུན་སྣང་དང་བློ་འཚབ་སྐྱེ་མི་ཡོང་ངམ་བམས་མཁན་མང་།

 

པཱེ་ཡུའི་ཞིབ་འཇུག་ཏུ་ལོ་རེར་ཨ་སྒོར་ཁྲི་ ༣ ནས་ ༧་༥ བར་ཡོད་མཁན་འབྲིང་རིམ་ཁྱིམ་ཚང་དུ་གྲོང་གསེབ་ཏུ་གནས་སྡོད་བྱས་ན་ཕྲུ་གུ་གསོ་སྐྱོང་དང་། སློབ་ཞོར་གྱི་བྱ་འགུལ་དུ་ཞུགས་ཐུབ་མིན། ཕྲུ་གུའི་སློབ་གསོའི་གནས་སྟངས་ཐོག་ཐད་ཇུས་ཕོག་མིན་བཅས་ནི་ཡོང་འབབ་ཆེ་ཆུང་གྲལ་རིམ་གྱི་ཁྱིམ་བདག་གཉིས་ཀྱི་དཀྱིལ་དུ་གནས་ཡོད།

 

ཕྲུ་གུ་གསོ་སྐྱོང་གི་ཐབས་ལམ་དེ་ནི་ཐོག་མཐའ་བར་དུ་ཁྱད་པར་ཆེན་པོ་དེ་འདྲ་ཡིན་པར་ངེས་པ་མེད། པཱེ་ཡུའི་ཞིབ་འཇུག་གིས་ཡོང་འབབ་མཐོ་དམན་གྱི་ཁྱིམ་ཚང་དབར་ ༢༠༠༡ ལོར་བཙས་པའི་ཕྲུ་གུའི་ནང་གི་སློབ་འབྲས་ཀྱི་ཁྱད་པར་དེ་ལོ་ ༢༥ སྔོན་དུ་སྐྱེས་པའི་ཕྲུ་གུ་དང་བསྡུར་ན་བརྒྱ་ཆ་༣༠ ནས་༤༠ བར་རྒྱ་བསྐྱེད་སོང་བར་གསལ།། འདས་པའི་ལོའི་ནང་ང་ཚོའི་ཉེ་འཁོར་དུ་ཡོང་འབབ་མཐོ་དམན་སྣ་ཚོགས་ཀྱི་ཁྱིམ་མཚེས་ཡོད། འོན་ཀྱང་ད་ལྟའི་ཆར་ཡོང་འབབ་མཐོ་དམན་ལ་གཞིགས་ནས་ཕན་ཚུན་དབར་གྱི་འབྲེལ་ལམ་ཧ་ཅང་རིང་དུ་སོང་ཡོད། བཞི་ཆ་གཅིག་གི་ཕྲུ་གུ་ཚོ་ཕ་མ་ཡ་གཅིག་ལས་མེད་པའི་ཁྱིམ་ཚང་དུ་འཚོ་བཞིན་ཡོད། པཱེ་ཡུའི་ཞིབ་འཇུག་གི་གྲངས་ཀ་ལྟར་ན་དེ་ནི་ཟིན་ཐོར་བཀོད་མྱོང་བའི་ཆུ་ཚད་མཐོ་ཤོས་དེ་ཡིན། དེ་བས་ཕྲུ་གུ་འདི་ཚོ་དབུལ་ཕོངས་སུ་འཚོ་སྲིད་པའི་གནས་སྟངས་དེ་ནི་ཕ་མ་གཉིས་འཛོམས་ཀྱི་ཁྱིམ་ཚང་ལས་ལྡབ་གསུམ་ཙམ་ཡིན། དུས་མཚུངས་ཡོང་འབབ་འདྲ་མཉམ་མེད་པ་སོགས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་འབྲིང་རིམ་གྲལ་རིམ་ཁྱིམ་ཚང་གི་ཡོང་འབབ་བསགས་བསམ་ན་སློབ་ཆེན་གྱི་ཡོན་ཚད་དེའི་གལ་འགངས་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

 

ཡིན་ཡང་གནས་སྟངས་འགའ་ཡིས་དེའི་ཁྱད་པ་དེ་ཆུང་དུ་འགྲོ་བཞིན་པའང་མངོན། རཱི་ཨར་ཏིང་དང་མཁས་པ་གཞན་གྱིས་འདས་སོང་གི་ལོ་བཅུའི་རིང་ཡོང་འབབ་ལ་ཧེ་བག་ཇེ་ཆེར་སོང་ཡོད་ཀྱང་ཕྲུ་གུ་ལ་དཔེ་དེབ་ཀློག་པ་དང་། དཔེ་མཛོད་ཁང་དུ་འགྲོ་བ་བཅས་ཕྲུ་གུ་གསོ་སྐྱོང་གི་ཐབས་ལམ་ཐོག་སྤྱི་ཚོགས་ཀྱི་དཔལ་འབྱོར་བར་ཁྱད་དེ་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཁོས་བྱིས་པའི་སྤྱི་ཁྱབ་ཀྱི་སྲིད་ཇུས་ཐོག་ནས་རོགས་ཕན་ཐོབ་ཡོད་པ་དེའི་ནང་གཞུང་བཙུགས་སློབ་གྲྭའི་སློབ་ལོ་སྔོན་གྱི་སློབ་གསོའི་ལས་འཆར་དང་དཔེ་དེབ་ཀློག་པའི་བྱ་འགུལ་བཅས་ཡོད། བྱིས་པའི་ཐོག་མའི་དུས་ནས་ཧེ་བག་ལ་ཁ་གཏད་པ་དེས་མི་རབས་རྗེས་མའི་འདྲ་མཉམ་མེད་པའི་གནས་སྟངས་དེ་ཉུང་དུ་འགྲོ་སྲིད་པ་རེད། ཅེས་བཤད་ཡོད།

 

ཡིག་སྒྱུར། ཝང་ཐོང་ཧེའེ།

 

མ་རྩོམ་འབྲེལ་ཐག

 

http://m.cn.nytimes.com/education/20151220/t20up-parents/

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -