ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.12.2015 03:39:21
གསར་འཕྲིན།

ཉེ་དུས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཉིན་གསུམ་རིང་བསྐོང་འཚོགས་གནང་བའི་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠པའི་ཐོག་བསྐྱངས་པའི་མཛད་འཕྲིན་གནད་བསྡུས་ཤིག་གཤམ་དུ་བཀོད་ཡོད་པའི་དྲ་གྲོགས་རྣམ་པས་གཟིགས་ཞིབ་འཚལ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༤ ཉིན་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིར་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༠ པའི་ཉིན་དང་པོའི་ནང་དོན་དཀར་ཆག་གཤམ་གསལ།།

སྔ་དྲོའི་མཛད་འཆར།
ཕྱག་ཚོད་ ༨ དང་སྐར་མ་ ༥༠ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་གནང་མཛད་མ་ཐག་ཚོགས་འདུ་དབུ་འཛུགས་ཀྱིས་གསུང་བཤད་གནང༌།
ཕྱག་ཚོད་ ༨ དང་སྐར་མ་ ༥༨ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་འདུའི་དབུ་འབྱེད་ཀྱི་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད། དེ་ཡང་ཐོག་མར་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང༌། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཚན་རིག་གི་མཁས་དབང་རྣམ་པ་བཅས་ལ་འཚམས་འདྲི་དང༌། མགོན་པོ་གང་ཉིད་ནས་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཐད་ཐོག་མར་མགོན་པོ་གང་ཉིད་སྐུ་ན་གཞོན་ནུའི་སྐབས་ནས་ཚན་རིག་ལ་ཐུགས་སྣང་མཛད་ཚུལ་གྱི་སྔ་ཕྱིའི་བྱུང་རིམ་དང༌། ལྷག་པར་ཕྱི་ལོ་ ༡༩༨༧ ལོ་ནས་ནང་ཆོས་ནས་གསུངས་པའི་ཚན་རིག་དང༌། དེང་དུས་ཚན་རིག་པའི་བར་གོ་བསྡུར་བགྲོ་གླེང་ཐོག་མ་དེ་ཉིད་གནང་ཚུལ། ཡང་སྒོས་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱི་གཞུང་ལུགས་ནས་གསུངས་པའི་ནང་གི་སེམས་ཁམས་རིག་པའི་རྣམ་གཞག་གི་ཐད་ནང་ཆོས་ཀྱི་ཚན་རིག་ནས་དེང་རབས་ཚན་རིག་པར་ལེགས་སྐྱེས་འབུལ་ཐུབ་པ་དང༌། ཕྱི་ཡི་དངོས་ཁམས་རིག་པའི་ཐོག་དེང་དུས་ཚན་རིག་པས་གསུངས་པ་རྣམས་ནས་ང་ཚོས་ལེགས་ཆ་བླངས་ཏེ་སློབ་སྦྱོང་བྱེད་དགོས་ཚུལ། མགོན་པོ་གང་ཉིད་ཀྱིས་ཐུགས་སྣང་མཛད་པ་ཙམ་མིན་པར་ཆོས་ཚན་བར་གྱི་བགྲོ་གླེང་འདི་ཉིད་དགོན་སྡེ་ཁག་གི་དགེ་འདུན་པར་གཟབ་སྦྱོང་དང༌། ལྷག་པར་གདན་ས་ཁག་ཏུ་ཚན་རིག་སློབ་ཚན་གསར་འཛུགས་གནང་ཚུལ། ཡང་སྒོས་ཚན་རིག་ཚོགས་འདུ་ཐེངས་ ༢༦ པ་འབྲས་སྤུངས་དང༌། ཐེངས་ ༣༠ སེ་ར་ཐེག་ཆེན་གླིང་བཅས་སུ་གོ་སྒྲིག་གནང་བའི་དགོས་དམིགས་དང༌། དགེ་མཚན་སྐོར་བཀའ་སློབ་ཕེབས།
གཞན་ཡང་རིག་ཚན་གཞན་དང་གཞན་གྱི་སློབ་ཁྲིད་སྐབས་ཚད་མ་རིག་པའམ་རིགས་ལམ་གྱི་ཐོག་ནས་སློབ་ཁྲིད་གནང་སྟེ་སློབ་ཁྲིད་ཀྱི་ཐབས་ལམ་གསར་གཏོད་མཛད་བཞེད་དང༌། རིགས་ལམ་གྱི་ཐོག་ནས་ཧི་མ་ལའི་རི་རྒྱུད་དང་བཅས་པར་སློབ་ཁྲིད་དབུ་འཛུགས་དར་འཕེལ་བྱུང་ཚུལ། སློབ་ཁྲིད་ཐབས་ལམ་འདི་ཉིད་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་ཅིང་སྐྱེ་འགྲོ་སྤྱི་ལ་ཕན་ཐོགས་ཡོད་པའི་སྐོར། ཡང་སྒོས་ནང་ཆོས་དང་ཚན་རིག་བར་བགྲོ་གླེང་བྱེད་པ་ཙམ་མིན་པར་ནང་ཆོས་ནས་གསུངས་པའི་ཚན་རིག་དང༌། དེང་དུས་ཚན་རིག་པའི་བར་ལ་བགྲོ་གླེང་བྱེད་བཞིན་པའི་མིང་ཚིག་བེད་སྤྱོད་ཀྱི་བར་ཁྱད་དང་མགོན་པོ་གང་ཉིད་ནས་ལམ་སྟོན་ཇི་ལྟར་མཛད་ཚུལ།
དེ་བཞིན་འཛམ་གླིང་ཐོག་གི་སྐྱེ་འགྲོ་རྣམས་ལ་ཕན་ཐོགས་སྒྲུབ་ཐབས་ཇི་ཡོད་དང༌། ངག་ནས་སེམས་ཅན་ཐམས་ཅད་ཅེས་བརྗོད་པ་ཙམ་མིན་པར་ལག་ལེན་དངོས་ཀྱི་ཐོག་ནས་ལག་བསྟར་ཇི་ལྟར་བྱེད་དགོས་མིན། འཛམ་གླིང་འདིའི་ཐོག་གི་དཀའ་སྡུག་རྣམས་འགྲོ་བ་མིས་བཟོས་པ་ཞིག་ཡིན་པས་དེ་ཡང་མི་རང་ཉིད་ཀྱིས་སེལ་དགོས་ཚུལ། སེམས་ཅན་ཐམས་ཅད་ཅེས་བརྗོད་པ་ལྟར་ཐོག་མར་རང་ཉིད་དང་འབྲེལ་ཡོད་རྣམས་ལ་ཕན་ཐོགས་སྒྲུབ་དགོས་ཚུལ། རྒྱ་གར་གྱི་སེམས་ཁམས་རིག་པའི་རྣམ་གཞག་ཟབ་ཅིང་རྒྱ་ཆེ་བ་འདི་དག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་བོད་མི་ལྟ་བུ་འཛམ་གླིང་ཐོག་མེད་ཚུལ། དེ་ཡང་བོད་མིས་འཕགས་བོད་ཀྱི་གཞུང་ལུགས་རྣམས་ཀྱི་རྩ་བ་བློ་ངོར་འཛིན་ཅིང༌། འགྲེལ་པའི་ཡིག་འབྲུ་རེ་རེ་བཞིན་འགྲེལ་བཤད་ཉན། འཆད་རྩོད་རྩོམ་གསུམ་དང་བཅས་པའི་ཐོག་ནས་སློབ་གཉེར་འདི་ལྟར་བྱེད་མཁན་བོད་མི་ཁོ་ན་ཡིན་ཚུལ།
ལྷག་པར་ཆོས་ཚན་གྱི་བགྲོ་གླེང་འདི་ཉིད་རྣམ་དཔྱོད་ཅན་གྱི་མི་རྣམས་ནས་མུ་མཐུད་ནས་འཛིན་སྐྱོང་བྱེད་དགོས་པ་དང༌། དུས་རབས་ཉི་ཤུ་པར་དབུ་འཛུགས་གནང་ཞིང༌། དུས་རབས་ཉེར་གཅིག་པ་དང༌། ཉེར་གཉིས་པར་མུ་མཐུད་གནས་ངེས་ཡིན་པ། དེ་ཡང་ཐོག་མར་ཨ་རི་ནས་དབུ་བཙུགས་གནང་ཞིང༌། བར་དུ་ཡོ་རོབ་ཏུ་དར་འཕེལ་བྱུང་བ་དང༌། ད་ལྟའི་ལྷན་ཚོགས་ཨེ་ཤ་ཡའི་ནང་གནང་བཞིན་ཡོད་ཚུལ། འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ལ་བྱམས་བརྩེའི་རང་བཞིན་ཅན་ཡིན་ཚུལ།
ཡང་སྒོས་དེང་གི་འཛམ་གླིང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཉེར་བའི་སློབ་དེབ་ཁག་ཏུ་བྱམས་བརྩེའི་སྐོར་མེད་ལ། བྱམས་བརྩེའི་སྐོར་ཤེས་རྟོགས་བྱེད་དགོས་ན་ནང་ཆོས་སོགས་ཆོས་ལུགས་ཁག་གི་གཞུང་ལུགས་ལ་ལྟ་ཀློག་སློབ་གཉེར་བྱེད་དགོས་པ་ལྟ་བུ་ཆགས་ཡོད་པས་མ་འོངས་པར་བྱམས་བརྩེའི་སྐོར་སློབ་དེབ་ནང་འཇུག་གལ་ཆེ་སྐོར།
གཞན་ཡང་ང་ཚོ་ད་ལྟ་ཞི་བདེ་བག་ཕེབས་ངང་འཚོ་བཞིན་ཡོད་ཀྱང༌། འཛམ་གླིང་འདིའི་ཐོག་གི་ཡུལ་ལུང་ལ་ལར་ད་ལྟའི་གནས་སྐབས་འདིར་མི་གསོད་ཁྲག་སྦྱོར་དང༌། དམག་འཁྲུག་སོགས་ཀྱིས་དཀའ་སྡུག་གི་གནས་སུ་ལྷུང་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་ལ་ང་ཚོ་ཚང་མས་བསམ་གཞིག་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་སྩལ་ཏེ་ཕྱག་ཚོད་ ༩ དང་སྐར་མ་ ༢༠ ཐོག་བཀའ་སློབ་སྩལ་གྲུབ་མཚམས་ཚན་རིག་པ་མཁས་དབང་རྣམ་པས་རང་རང་གི་བརྟག་ཞིབ་མཛད་པའི་བརྗོད་གཞི་ལྟར་གསུང་བཤད་གནང་སྟེ་ཕྱག་ཚོད་ ༡༡ དང་སྐར་མ་ ༣༠ སྔ་དྲོའི་བགྲོ་གླེང་ལེགས་པར་གྲུབ་པའོ།།

ཕྱི་དྲོའི་མཛད་འཆར།
ཕྱི་དྲོ་ཕྱག་ཚོད་ ༡ པོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་སྟེ། འགྲོ་བ་མིའི་བདེ་རྩའི་དགོས་མཁོ་དང༌། ཚན་རིག་གི་འཚོལ་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང༌།
ཕྱག་ཚོད་ ༢ དང་སྐར་མ་ ༤༢ ཐོག་གོང་གསལ་གསུང་བཤད་གནང་མཁན་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པ་ལྟར་ལམ་སྟོན་གྱི་བཀའ་སློབ་དབྱིན་བོད་གཉིས་ཟུང་འབྲེལ་ཐོག་སྩལ། དེ་ཡང་བྱམས་བརྩེའི་དབང་གིས་ང་ཚོ་འཇིག་རྟེན་འདིའི་ཐོག་འཚོ་གནས་ཐུབ་ཚུལ་དང༌། བྱམས་བརྩེ་དང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་ཏེ་ཕྱག་ཚོད་ ༣ དང་སྐར་མ་ ༥ ཐོག་ལེགས་པར་གྲུབ།

ཚན་རིག་གི་རྟགས་གསལ།
ཕྱག་ཚོད་ ༣ དང་སྐར་མ་ ༡༥ ཐོག་བླ་སྤྱིའི་མདུན་ངོས་སུ་ཚན་རིག་དམ་བཅའི་རྟགས་གསལ་གཟིགས་འབུལ་ཞུས་ཤིང༌། དེ་ཡང་ཚན་རིག་པའི་འོད་དང་ཁ་དོག་གི་འདོད་ཚུལ་སྐོར་དང༌། ཕྱག་ཚོད་ ༣ དང་སྐར་མ་ ༤༥ ཐོག་འཕེལ་འགྱུར་རིག་པའི་རྣམ་གཞག་གི་སྐོར་སོགས་ལ་དམ་གཟིགས་མཛད་དེ་ལེགས་པར་གྲུབ་པ་བཅས་སོ།།


༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༦ ཉིན་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིར་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༠ པའི་ཉིན་གཉིས་པའི་ནང་དོན་དཀར་ཆག་གཤམ་གསལ།།

སྔ་དྲོའི་བགྲོ་གླེང་གི་ནང་དོན།

3. ཕྱག་ཚོད་ ༩ དང་སྐར་མ་ ༡༠ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ། མངོན་སུམ་དང༌། རྟོག་པ། བདག་བཅས་ལས་བདག་གི་རྣམ་གཞག་གི་འདོད་ཚུལ་ལ་ནང་ཆོས་དང༌། ནུབ་ཕྱོགས་པའི་འདོད་ཚུལ་གཉིས་ཀྱི་ཐོག་ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ནས་ནང་པས་བདག་ལ་ལྟ་ཚུལ་སྐོར་གསུང་བཤད་རྒྱས་པར་གནང༌།
4. ྋགོང་ས་མཆོག་ནས་སྔར་དཔལ་ནཱེ་ལེནྡྲའི་པཎ་གྲུབ་དང་ཕྱི་རོལ་པའི་པཎྜི་ཏའི་དབར་རྩོད་པའི་སྐོར་ཏེ། ཕྱི་རོལ་མུ་སྟེགས་པའི་སློབ་དཔོན་རྟ་དབྱངས་དང༌། ཀླུ་སྒྲུབ་ཡབ་སྲས་བཅས་ཀྱི་བར་རྩོད་ཚུལ་དང༌། སྔར་གྱི་མཁས་དབང་ཞིག་ཡོད་པ་ཁོང་ནམ་རྒྱུན་ཉམ་ཆུང་ཡིན་པ་ལ་རྟགས་གསལ་གཏོང་སྐབས་ཉམས་དང་ལྡན་པའི་ཐོག་ནས་གཏོང་གི་ཡོད་ཚུལ་ལོ་རྒྱུས་སྐོར་བཅས་དབྱིན་བོད་སྐད་ཀྱི་ཐོག་ནས་གསུངས།
5. ཕྱག་ཚོད་ ༩ དང་སྐར་མ་ ༢༠ ཐོག་དགེ་བཤེས་ལགས་ནས་དངོས་གཞིའི་ཐོག་འཇུག་སྟེ་དགེ་སྐྱོན་ཐམས་ཅད་བདག་ལས་བྱུང་ཚུལ་དང༌། བདག་ལ་ནང་པའི་གྲུབ་མཐའ་བཞིས་འདོད་ཚུལ་སྐོར་ལུང་རིགས་ཀྱིས་བརྒྱན་ཏེ་རྒྱས་པར་གསུངས།
6. ཕྱག་ཚོད་ ༡༠ དང་སྐར་མ་ ༡༠ ཐོག་ྋགོང་ས་མཆོག་ནས་སེམས་ཅན་ཐམས་ཅད་ང་དང་ང་ཞེས་པ་རང་ཤུགས་ཀྱིས་ཡོད་ལ། ལྷག་པར་མི་ལ་ང་ཞེས་པ་གང་ཡིན་སོགས་དཔྱད་པའི་རྣམ་དཔྱོད་མི་བསལ་ཅན་ཞིག་ཡོད་པ་དང༌། རང་ཉིད་ཀྱིས་སེལ་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་སྐབས་རང་ཉིད་ལས་ནུས་མཐུ་ཆེ་ཞིང༌། དཀའ་ངལ་སེལ་ཐུབ་མཁན་གྱི་ལྷ་ཀླུ་དང་འཇིག་རྟེན་བཀོད་པ་པོ་སོགས་རིམ་བཞིན་བྱུང་ཚུལ། འཇིག་རྟེན་སྤྱི་ཡོངས་ནས་བདག་གམ་ང་ངོས་འཛིན་སྟངས་དང༌། དངོས་པོའི་ཡིན་ལུགས་འཇོག་སྟངས་ཀྱི་ཆ་ནས་རང་བཞིན་ཡོད་མེད་སྨྲ་བའི་ཆ་ནས་བདག་ལ་འདོད་ཚུལ་ཡང་མི་འདྲ་བ་བྱུང་ཚུལ། ཚད་རྡུལ་དངོས་ཁམས་རིག་པའི་ཆ་ནས་འདོད་ཚུལ། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་དེ་དག་ལ་བརྟག་ཞིབ་གནང་ཟིན་ཚུལ། མིང་བརྡས་བཞག་ཙམ་དང༌། ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དེས་དོན་སྟེང་ནས་མེད་པ་ལྟར་སེམས་ལ་ཡིད་ཆེས་ངེས་རྙེད་བྱུང་ན་སེམས་ལ་ཆགས་སྡང་ཉུང་བ་ཡོད་ངེས་ལ་བརྟག་དཔྱད་ཞིབ་འཇུག་གནང་གལ་ཆེ་བའི་སྐོར་དང༌། ནང་དོན་རིག་པའི་གཞུང་ལུགས་ཁག་ནས་ལྟ་བའི་རྣམ་གཞག་དང་ལྷག་པར་བདག་གི་སྐོར་ལ་མང་དུ་གསུངས་པ་རྣམས་ཁ་བདེ་པོའི་ཆེད་དུ་མིན་པར་སེམས་མ་དུལ་བ་འདུལ་བའི་ཆེད་དུ་ཡིན་ཚུལ་བཅས་ཕྱག་ཚོད་ ༡༠ དང་སྐར་མ་ ༢༣ བར་གསུངས།
7. ཕྱག་ཚོད་ ༡༠ དང་སྐར་མ་ ༢༥ ལ་ཇཱེ་གཱར་ཕིལ་ཌ་མཆོག་ནས་བདག་དེ་གང་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང༌།
8. ཕྱག་ཚོད་ ༡༡ དང་སྐར་མ་ ༥ ཐོག་ྋགོང་ས་མཆོག་ནས་བདག་མེད་ཀྱི་ལྟ་བ་སྟོན་པས་ཐོག་མར་གསུངས་ཤིང་ཤེར་ཕྱིན་ནང་རྒྱས་པར་བསྟན་ལ། ལྷག་པར་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱི་བརྟགས་ཤིང་དཔྱད་ནས་ཉམས་བཞེས་མཛད་ཚུལ། གོང་གསལ་གསུང་བཤད་གནང་མཁན་གྱིས་སྔོན་གྱི་ལྟ་གྲུབ་ཙམ་མིན་པར་དེང་རབས་ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བའི་འདོད་ཚུལ་གསར་པའི་རིགས་རྣམས་གསུངས་པར་ལེགས་སོ་བསྔགས་བརྗོད་མཛད།
9. ཕྱག་ཚོད་ ༡༠ དང་སྐར་མ་ ༡༣ ཐོག་བྱམས་བརྩེ་དང༌། ཚུལ་མིན་ཡིད་བྱེད་ཀྱི་བློའི་རིགས་བཅས་ལ་བླང་དོར་བྱ་ཚུལ། ཡེ་ཤུའི་ཆོས་པ་གྲོགས་པོ་ཞིག་ཡོད་པ་ཁོང་དང་བྱམས་བརྩེ་དང༌། བཟོད་སྲན་སོགས་ཀྱི་ཐད་བཀའ་བསྡུར་བགྲོ་གླེང་གནང་བའི་སྐོར་བཅས་བཀའ་སློབ་སྩལ།
10. ཕྱག་ཚོད་ ༡༡ དང་སྐར་མ་ ༢༠ ཐོག་ྋགོང་ས་མཆོག་ནས། བློ་ཡི་རྣམ་གཞག་ཤེས་པ་མིན་པར་ནང་ཆོས་ནས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་གོ་རིམ་ལྟར་བགྲོད་ནས་ཉམས་མྱོང་ཐོབ་དགོས་པ་དང༌། ལག་བསྟར་གྱིས་རང་རྒྱུད་ཀྱི་ཉོན་མོངས་ཆུང་དུ་གཏོང་ཐབས་བྱ་གལ་ཆེ་བའི་སྐོར་གྱི་ནང་པའི་འདོད་ཚུལ་སྐོར་གསུངས་ཤིང༌། མི་འབོར་དུང་ཕྱུར་ ༧༠ ཚང་མ་བདེ་བ་འདོད་པ་དང༌། འཛམ་གླིང་སྤྱི་ལ་ཞི་བདེ་སྐྲུན་ཐབས་ལ་ལེགས་བཤད་རྣམས་ཚང་མས་ཉམས་ལེན་དང༌། ཆོས་ལུགས་ཚང་མས་གསུངས་པའི་བཟང་པོའི་བསླབ་བྱ་རྣམས་ཆོས་དད་པ་རང་ཉིད་ཀྱིས་ཉམས་ལེན་བྱ་རྒྱུ་གལ་གནད་ཆེ་བའི་སྐོར་བཀའ་ལན་ཡང་སྩལ་ཏེ་ཕྱག་ཚོད་ ༡༡ དང་སྐར་མ་ ༣༠ སྔ་དྲོའི་ཚོགས་ཐུན་ལེགས་པར་གྲུབ་པའོ།།
ཉིན་རྒྱབ་བགྲོ་གླེང་གི་ནང་དོན།
11. ཉིན་རྒྱབ་ཕྱག་ཚོད་ ༡ དང་སྐར་མ་ ༥ ཐོག་ཆིབས་སྒྱུར་བཀའ་དྲིན་ཆེ་གནང་གིས་འཇུག་པའི་བདག་དང༌། འཚར་འཕེལ་དང་འབྲེལ་བའི་སེམས་ཁམས་ཀྱི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ལྕམ་སྐུ་ཝ་སུ་དཱེ་ཝི་རེཌ་ཌི་མཆོག་ནས་གསུང་བཤད་གནང་སྟེ་བདག་གི་ཐོག་མ་དང༌། བདག་ཅེས་པ་གང་ཡིན་ནམ། དེ་ཐོག་མར་ནམ་འགྲུབ་འགོ་ཚུགས་པ་ཡིན་ནམ། དེ་ཇི་ལྟར་མངོན་ཐོན་བྱེད་དམ་ཞེས་པའི་དྲི་བ་གསུམ་གྱི་ཐོག་ནས་རྒྱས་བཤད་གནང༌། དེ་རྗེས་མགོན་པོ་གང་ཉིད་ནས་བཀའ་སློབ་སྩལ་དོན། མགོན་པོ་གང་ཉིད་ཐོག་མར་འཁྲུངས་སྐབས་གཅེན་མོ་མཆོག་ནས་ཤིང་མངར་གྱི་ཆབ་གནང་བ་སོགས་འཁྲུངས་མ་ཐག་གི་ཆུང་སྲིད་ཀྱི་རྣམ་ཐར་སྐོར་དང༌། ལྷག་པར་རྒྱལ་ཡུམ་ཆེན་མོ་དེ་ཉིད་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་ཚུལ་དང༌། ཕ་མས་བུ་ཕྲུག་གསོ་སྐྱོང་གནང་སྐབས་ལུས་ལ་སྦྱར་བ་དང༌། བྱམས་བརྩེའི་ཐོག་ནས་གསོ་སྐྱོང་བྱ་རྒྱུའི་གལ་གནད། ཡང་སྒོས་མགོན་པོ་གང་ཉིད་སྐུ་ན་ཕྲ་བའི་སྐབས་ཡོངས་འཛིན་རྣམ་པའི་དྲུང་ནས་གསན་བཞེས་མཛད་ཚུལ་སྐོར་བཅས་བཀའ་སློབ་སྩལ།
12. ནུབ་ཕྱོགས་པའི་མི་རིགས་དང་སྤྱི་ཚོགས་ནང༌། ང་དང་ང་ཞེས་པ་མང་དུ་བརྗོད་པ་དང༌། བོད་པས་ང་ཚོ་ལས་ང་དང་ང་ཞེས་བརྗོད་པ་ཉུང་བའི་སྐོར་ང་ཕོད་ངག་དབང་འཇིགས་མེད་ཀྱི་བཀའ་མོལ་དཔེ་མཚོན་དུ་དྲངས་ནས་གསུངས་ཏེ་ལེགས་པར་གྲུབ་པ་བཅས་སོ།།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༧ ཉིན་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིར་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༠ པའི་ཉིན་གསུམ་པའི་ནང་དོན་དཀར་ཆག་གཤམ་གསལ།།

སྔ་དྲོའི་བགྲོ་གླེང་གི་ནང་དོན།

1. ཕྱག་ཚོད་ ༩ དང་སྐར་མ་ ༡༥ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་སྟེ། མཱོ་ཐཱི་རི་ཁཱར་ཌེ་ལགས་ནས་བདག་དང་ཚུལ་ཁྲིམས་ཏེ། གཞན་གཅེས་འཛིན་གྱི་ཚན་རིག་ཅེས་པའི་བརྗོད་གཞིའི་ཐད་གསུང་བཤད་གནང་ཞིང༌། དབང་རྩའི་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་པའི་བདེ་ཐབས་ལས་བཟོད་ཐུབ་པ་དང༌། བཟང་ཕྱོགས་ཀྱི་ལྟ་སྟངས། གཏོང་ཕོད། བཏང་སྙོམས་སྙིང་སྟོབས་བཅས་གནས་ཚུལ་བཞིའི་ཐོག་ནས་གསུང་བཤད་གནང༌།
2. ཕྱག་ཚོད་ ༡༡ ཐོག་གོང་གསལ་བརྗོད་གཞི་ཁག་གི་ཐོག་ནས་དྲི་བ་དྲིས་ལན་གནང་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གྲོང་གསེབ་དང་གྲོང་ཁྱེར་ཆེ་ཁག་ཕན་ཚུན་གཤིབ་བསྡུར་བྱས་ན་གྲོང་ཁྱེར་ཆེ་ཁག་ཏུ་མི་ཚོགས་ཆེ་ཞིང༌། མཐུན་རྐྱེན་ལེགས་པ་ཡོད་ཀྱང༌། དཀའ་ངལ་འཕྲད་སྐབས་རེ་བཅོལ་བྱ་ཡུལ་མེད་པར་རང་ཉིད་ཁེར་རྐྱང་ལྟ་བུའི་ཚོར་སྣང་གིས་རང་ཤི་རྒྱག་མཁན་མང་བ་དང༌། གྲོང་གསེབ་ཁག་ཏུ་མི་ཚོགས་ཉུང་ལ། མཐུན་རྐྱེན་ཞན་ནའང་དཀའ་སྡུག་འཕྲད་སྐབས་ཕན་ཚུན་གཅིག་ཕན་གཉིས་རོགས་དང༌། ཞི་བདེ་བག་ཕེབས་ཆེ་བས་རང་ཤི་རྒྱག་མཁན་ཉུང་བ་ཡོད་པས་དེ་དག་གི་བར་ཁྱད་དང༌། རིག་གཞུང་གི་ཤུགས་རྐྱེན་ཡོད་མེད་སོགས་ལ་བརྟག་ཞིབ་བྱ་རྒྱུ་བྱུང་ཡོད་མེད་བཀའ་འདྲི་མཛད།
3. ཕྱག་ཚོད་ ༡༡ དང་སྐར་མ་ ༡༥ ཐོག་མགོན་པོ་གང་ཉིད་ནས་གང་ཟག་འགའ་ཞིག་གིས་ཕན་སེམས་ཀྱི་བསམ་པ་སྡུག་ཅག་ཡིན་པའི་ལྟ་ཚུལ་དེ་མ་འགྲིག་པ་ཞིག་དང༌། མི་རྣམས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པས་མཉམ་རུབ་དང༌། གཞན་ཕན་གྱི་ཐོག་ནས་འཚོ་གནས་བྱེད་དགོས་པ་དང༌། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །ཞེས་དང༌། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པའི་ཚིག་བཅད་གཉིས་ནི་རྨད་དུ་བྱུང་བའི་གདམས་ངག་དང༌། རང་ཉིད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་འགྲོ་ཀུན་དེ་དང་མཚུངས་པས། གཞན་ཕན་བྱ་གལ་ཆེ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་དཔྱོད་ལྡན་པའི་རང་གཞན་གྱི་དོན་འགྲུབ་ཚུལ་སྐོར་ལམ་སྟོན་བཀའ་སློབ་སྩལ།

ཕྱི་དྲོའི་བགྲོ་གླེང་གི་ནང་དོན།
4. ཕྱི་དྲོ་ཕྱག་ཚོད་ ༡ དང་སྐར་མ་ ༡༥ ཐོག་ཆིབས་སྒྱུར་གནང་སྟེ། ལྷན་ཚོགས་མཐའ་མའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་རྒན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ཚན་རིག་དང་ནང་ཆོས་ཀྱི་ཚན་རིག་དབར་གྱི་འབྲེལ་བའི་སྐོར་ལ་གསུང་བཤད་གནང༌།
5. ཕྱག་ཚོད་ ༡ དང་སྐར་མ་ ༢༠ ཐོག་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཞེས་པའི་དམིགས་འདུན་དང་ལག་ལེན་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང༌།
6. ཕྱག་ཚོད་ ༡ དང་སྐར་མ་ ༤༠ ཐོག་ཆོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཀྱི་ཐོག་ནས་སྔར་གྱི་ལམ་དང་ལུགས་སྲོལ་གྱི་ཐོག་ཏུ་འགྲོ་བ་ལྟ་བུ་མིན་པར་རྒྱུ་མཚན་མཐོང་བའི་ཐོག་ནས་འགྲོ་དགོས་པ་དང༌། ནང་གི་སེམས་ཁམས་རིག་པའི་ཐོག་ནང་ཆོས་ནས་ཧ་ཅང་རྒྱ་ཆེ་གཏིང་ཟབ་གསུངས་ཡོད་ཚུལ། རི་རབ་ཡོད་མེད་ཀྱི་དབང་ལས་ཆོས་དད་ལ་གཏན་ལ་མི་གནོད་ཚུལ། ལྷག་པར་ཚན་རིག་གིས་ནང་དོན་རིག་པ་ལ་ཕན་པ་ལས་གནོད་པ་གཏན་ནས་མེད་ཚུལ། དགེ་རྒན་རྣམ་པས་སློབ་ཁྲིད་གནང་ལུགས་ལམ་སྟོན་ཡོད་པ་བོད་པས་ལོ་ངོ་སྟོང་ཕྲག་རིང་འཛིན་སྐྱོང་སྤེལ་གསུམ་གནང་བའི་སེམས་ཁམས་རིག་པའི་རྣམ་གཞག་ནི་དེང་གི་ཚན་རིག་ནས་བཤད་པའི་སེམས་ཁམས་རིག་པ་དང་བསྡུར་ན་བྱིས་པའི་ཤེས་ཚད་ལྟ་བུ་ཡིན་ཚུལ། དགོན་སྡེ་ཁག་ནས་རྒྱ་ཆེ་ས་ནས་དགོངས་བཞེས་གནང་དགོས་ཚུལ། ནང་དོན་རིག་པའི་རྨད་དུ་བྱུང་བའི་ལེགས་བཤད་དེ་དག་གིས་འཛམ་གླིང་སྤྱི་ལ་ལེགས་སྐྱེས་དང༌། ཞབས་ཞུ་སྒྲུབ་དགོས་ཚུལ། བཀའ་བསྟན་ལ་བརྗོད་བྱ་ནང་ཆོས་ཀྱི་ཚན་རིག་དང༌། ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་བཅས་སྡེ་ཚན་གསུམ་དུ་འབྱེད་ཚུལ་དང༌། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་སློབ་དེབ་ཕྱོགས་སྒྲིག་གནང་བའི་སྐོར། འཛམ་གླིང་གི་དཀའ་ངལ་རྣམས་དངོས་ཡོད་གནས་ཚུལ་དང་བསྟུན་ནས་སེལ་ཐབས་བྱེད་དགོས་ལུགས། གདན་ས་ཁག་ཏུ་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་གྱི་སྐྱོར་སྦྱང་ཉམས་དམས་སུ་སོང་བ་དང༌། དེ་དག་གི་སྐོར་དང༌། རྩོད་པའི་སྐོར་སོགས་ཞར་ཞོར་དུ་གླེང་སློང་ཉུང་དུ་ཕྱིན་ཚུལ་ལ་འགོ་བྱེད་དག་གིས་བཏང་འཛིན་ལྟ་རྟོག་དང༌། དེང་གི་འཕྲུལ་ཆས་ལས་མགོ་མ་འཁོར་བ་ནི་སྙིང་པོ་ཤེས་གལ་ཆེ་བ། ནང་ཆོས་ཤེས་ན་སྐྱ་བོ་ཞིག་ཡིན་ནའང་རང་ཉིད་ཀྱི་མི་ཚེའི་ནང་དཀའ་སྡུག་འཕྲད་སྐབས་སེམས་ལ་ཕན་ཐོག་རླབས་ཆེན་ཡོད་ཚུལ། གདན་སར་ཚན་རིག་སློབ་ཁྲིད་བྱས་པར་བརྟེན་ནང་དོན་རིག་པའི་གཞུང་ཆེན་སློབ་གཉེར་ཉམས་ཆག་ཏུ་མི་འགྲོ་བ་བྱ་རྒྱུ་དཔེ་ཁྲིད་དགེ་རྒན་རྣམ་པའི་ལས་འགན་ཡིན་པས་དགོངས་བཞེད་གནང་དགོས་ཚུལ། དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་སེམས་ཁམས་རིག་པ་སོགས་ཀྱི་ཐོག་ལ་བརྟག་ཞིབ་གཏིང་ཟབ་མཛད་ཅིང༌། སྟོན་པའི་བྱིན་རླབས་སོགས་ལ་བརྟེན་ནས་རྣམ་གཞག་གཏན་ལ་ཕབ་པ་རྣམས་ནི་ཧ་དགོས་པ་ཞིག་ཡིན་ཚུལ་སྐོར་བཀའ་སློབ་སྩལ།
7. ཕྱག་ཚོད་ ༢ དང་སྐར་མ་ ༡ ཐོག་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ནས་ནང་པའི་ཚན་རིག་དང༌། ནུབ་ཕྱོགས་པའི་ཚན་རིག་དབར་ཤེས་རིག་བརྗེ་ལེན་ལས་དཀའ་ཁག་དང་གོ་སྐབས་སྐོར་གསུང་བཤད་གནང༌།
8. ཕྱག་ཚོད་ ༢ དང་སྐར་མ་ ༨ ཐོག་ཡང་སྲིད་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཆེས་མཐོ་སློབ་མའི་སློབ་གསོ་ལ་གཙུག་ལག་མཁས་པའམ་གཙུག་ལག་སློབ་རིག་ནས་སློབ་ཁྲིད་སོགས་ཀྱི་ཐད་གསུང་བཤད་གནང༌།
9. ཕྱག་ཚོད་ ༢ དང་སྐར་མ་ ༡༨ ཐོག་ཚན་རིག་ཚོགས་འདུ་ཐེངས་ ༣༠ པའི་མཇུག་བསྡོམས་མཛད་སྒོའི་གསུང་བཤད་དང༌། དེ་རྗེས་ལྷན་ཚོགས་འདིའི་ཉིན་བཞིའི་རིང་གི་བགྲོ་གླེང་གསུང་བཤད་གནང་མཁན་རྣམས་ནས་ལྷན་ཚོགས་འདི་ཉིད་ཀྱི་སྐབས་སུ་ཚོར་སྣང་དང༌། དགེ་མཚན། བློ་བསྐྱེད་ཇི་བྱུང་སོགས་ཀྱི་སྐོར་གསུང་བཤད་རིམ་བཞིན་གནང༌།
10. ཕྱག་ཚོད་ ༣ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། ཐོག་མར་མགོན་པོ་གང་ཉིད་ནས་ཚན་རིག་ལ་ཐུགས་སྣང་མཛད་པ་དང༌། དེ་རྗེས་རིམ་བཞིན་གདན་ས་ཁག་ཏུ་ཚན་རིག་སློབ་གཉེར་དང༌། ཚན་རིག་པས་བརྟག་ཞིབ་བྱ་རྒྱུ་གཞི་རྒྱ་ཇེ་ཆེར་ཕྱིན་པས་ཚང་མར་དགེ་མཚན་དང་ཕན་ཐོགས་བྱུང་བ་ཙམ་མིན་པར། ཤེས་ཡོན་གྱི་གཞི་རྒྱ་ཆེ་རུ་བཏང་བའི་གསར་གཏོད་ཀྱི་རང་བཞིན་དང༌། འཛམ་གླིང་གི་དཀའ་ངལ་ཕལ་མོ་ཆེ་མིས་བཟོས་པ་དང༌། དེ་དག་སེལ་རྒྱུའི་འོས་འགན་དང་མི་རང་ཉིད་ལ་ཡོད་ཚུལ། དཀའ་སྡུག་སེལ་སླད་ང་ཚོར་ཆ་རྐྱེན་ཕྲན་ཚེགས་ལས་མེད་ཀྱང་བསྐྲུན་དགོས་ཚུལ། མིའི་ཚེ་ལ་ཚད་ཡོད་པས། མིའི་རྣམ་དཔྱོད་ཀྱིས་ཐབས་ལམ་གསར་གཏོད་བྱས་པའི་ཐོག་ནས་སྐྱེ་འགྲོ་སྤྱི་ལ་ཕན་བདེ་སྐྲུན་ཐབས་བྱེད་དགོས་པ་ལས། ཆོས་ལུགས་སྤེལ་རྒྱུའི་ཆེད་མིན་ཚུལ། བསམ་བློ་གཞི་རྒྱ་ཆེ་ནས་གཏོང་དགོས་པ་དང༌། ཕྱོགས་མཚམས་སྡེ་ཁག་ཚང་མས་དེ་དག་ཐད་ཐུགས་འཁུར་ཆེ་བཞེས་དགོས་ཚུལ། མི་རབས་རྒན་པ་རྣམས་དུས་རབས་ཉི་ཤུ་པའི་མི་རབས་དང༌། གཞོན་པ་རྣམས་དུས་རབས་ཉེར་གཅིག་པའི་མི་རབས་ཡིན་པས་བོད་དང་བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་རབས་གཞོན་པས་རིམ་བཞིན་རྒྱུན་འཛིན་བྱེད་དགོས་པའི་སྐོར་དང༌། ལྷག་པར་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང༌། ལྟ་གྲུབ་ཀྱི་རྣམ་གཞག་རྣམས་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཡིན་ཚུལ། དེང་སྐབས་རྒྱ་གར་བས་ནུབ་ཕྱོགས་པའི་ལྟ་གྲུབ་ལ་དོ་སྣང་བྱེད་པ་ལས། རྒྱ་གར་བ་རང་ཉིད་ཀྱི་གནའ་བོའི་ལྟ་གྲུབ་སོགས་ལ་དོ་སྣང་དེ་ཙམ་མེད་པས་དེ་ཚོའི་ཐོག་ཐུགས་སྣང་ཆེར་བསྐྱེད་བྱ་གལ་ཆེ་ཚུལ་དང་ཚན་རིག་གི་བགྲོ་གླེང་འདིར་རྒྱ་གར་བའི་མཁས་དབང་གཉིས་ཆེད་ཕེབས་གནང་བར་ལེགས་སོ་བསྔགས་བརྗོད་གནང༌། དེ་རྗེས་བགྲོ་གླེང་གཏམ་བཤད་པ་རྣམས་དང་ལྷན་དུ་དྲན་རྟེན་སྐུ་པར་བསྒྲོན་མཛད་དེ་ཚན་རིག་གི་ཚོགས་འདུ་ཐེངས་ ༣༠ པ་དེ་ཉིད་ཐུགས་གྲ་ལེགས་འགྲིག་ཐོག་མཇུག་སྒྲིལ་མཛད་པ་བཅས་སོ།

ཟིན་བྲིས་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལོ།།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -