ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.12.2015 00:50:18
རྨོངས་རྟུལ་ནག་པོ།

-------ཆོས་པ་སྐམ་པོའི་གཟུགས་བརྙན་དང---- -----སློབ་གཉེར་སྐམ་པོའི་བརྩོན་འགྲུས།----
ཆོས་བརྒྱད་གདོན་གྱི་རློམ་པའི་ཁེངས་དྲེགས་ཀྱིས་བསྐུལ་བས།།
དོན་གྱི་ཉམས་ལེན་ཞིག་གིས་རྒྱང་ཐག་དེ་བཀྱེད་པས།།
མ་དཔྱད་ཆོས་པའི་གཟུགས་ཀྱི་འཛུམ་རིས་ཀྱིས་གང་ཡང༌།།
བརྟག་ན་བདག་སེམས་དམར་པོ་གཤིན་འདྲེ་ཡི་རང་བཞིན།།


ཉིན་རེ་ངན་སེམས་བརྡོལ་བའི་ཁ་སྟོང་གིས་བསུས་ཤིང༌།།
ཤེར་ཕྱིན་གཞུང་དང་མ་འདྲེས་སྒྲོབ་ཆེན་ཞིག་ཁྱེར་བ།།
བདག་ནི་ཆོས་པ་སྐམ་པོའི་ལང་ཚོ་ཞིག་རྙེད་ཀྱང༌།།
ཞལ་གདམས་གསོན་པོ་འགལ་བའི་ཉེས་ཅན་གྱི་བྱེད་པོ།།


ཁ་ནས་གཞན་དོན་ཚིག་ཀྱལ་དགུ་བརྩེགས་ཤིག་སྤུངས་ཀྱང༌།།
ཁོག་ནས་རང་དོན་ཡིད་བྱེད་ཟླ་གྲོགས་སུ་སྦྲན་པའི།།
དོན་གྱི་ལག་ལེན་བྲལ་བའི་འཁོས་ཆུང་གི་བུ་ང༌།།
དོན་དམ་རབ་བྱུང་ཁྲོད་ཀྱི་གད་སྙིགས་ཤིག་གྱུར་འདུག།།


མཚམས་རེ་འདོད་པའི་མེ་ལྕེ་སྔ་གཞུག་ནས་མཆེད་བཞིན།།
རྟ་རྒོད་ལྟ་བུའི་སེམས་འདིར་སྲབ་སྐྱོགས་ཀྱིས་མ་ཁོག།
ཞི་བདེ་སེམས་ཀྱི་ལྷིང་འཇགས་ན་ཟུག་གིས་དཀྲོགས་པའི།།
སུ་ཡིས་བདག་ལ་བསྐུལ་བའི་ངན་སེམས་ཤིག་ཡིན་བསམ།།


ཕྱི་ཡི་འབྱོར་བའི་གནས་ལ་ཆགས་ཞེན་གྱིས་བསྡོམས་པའི།།
ནང་གི་སྲེད་པའི་འདོད་རྔམ་ཇེ་འཕེལ་ནས་ཇེ་འཕེལ།།
བདག་སེམས་དམར་པོ་ཚེ་འདི་ལྷ་ཆོས་དང་གཤིབས་ཀྱང༌།།
ཚུལ་མཐུན་ཆོས་པའི་བཞུགས་བྲལ་ཕྲན་ཆུང་གིས་མ་ཆོད།།


འདས་པའི་བགྲང་བྱའི་ལོ་ཟླ་ཆོས་རྩོད་ཀྱིས་རྫོགས་པའི།།
ཆོས་རྣམས་བདེན་པར་མེད་པའི་བསམ་ཤེས་ཤིག་རྙེད་མོད།།
ཆོས་བརྒྱད་ལས་ལ་བྱང་པའི་བྱང་ཆ་དེ་དོད་པས།།
དབང་མེད་བདག་འཛིན་དགྲ་བོའི་མངའ་འོག་ཏུ་ཚུད་སོང༌།།


ཚིག་སྐམ་ངག་སྐྱོར་བྱེད་ནས་བགྲང་བྱ་བཅུ་རྫོགས་ཀྱང༌།།
བདག་འཛིན་དགྲ་བོའི་ལེན་ཡ་འཁོས་ཆུང་གིས་མ་ནུས།།
གཉིས་མེད་མི་ཚེ་འཛད་དུས་འགྱོད་སེམས་ཀྱིས་མནར་ཀྱང༌།།
ད་དུང་ལག་ལེན་མ་སྦྱར་སྐྱོ་སྣང་གིས་བཟི་བྱུང༌།།

 

ཆོས་ཀྱི་མཆེད་གྲོཊ་དག་ནི་མཁས་བཙུན་གྱིས་མཛེས་ཀྱང།།
བདག་ནི་སྨྲ་མེད་ལྐུགས་པའི་གནག་ཕྱུགས་ལས་དུད་པ།།
བརྩོན་འགྲུས་སྟོབས་བསྐྱེད་ཅིག་གིས་གཤོག་རྩལ་ཞིག་བགྲོད་ཀྱང༌།།
དལ་འབྱོར་སྙིང་པོ་ལེན་པའི་ལམ་ཆེན་དེ་མ་གཤགས།།

 

ཀུན་རྟོག་དུག་དང་འདྲེས་པའི་ཉེས་བྱས་ཀྱིས་བསླད་ནས།།
ཟུག་རྔུའི་རང་མཚང་བརྡོལ་བཞིན་མི་ཚེ་དེ་རྫོགས་ཤོར།།
ད་ནི་རང་སེམས་འདུལ་བའི་སྟ་གོན་ཞིག་མེད་ན།།
རང་སྲོག་འོབས་སུ་ལྕེབ་བཞིན་མི་ཚེ་དེ་རྫོགས་ཉེ།།


  རྡོག་རྩ་ཆིག་སྒྲིལ།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -