ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.12.2015 12:22:27
རྨོངས་རྟུལ་ནག་པོ།

འཇིག་རྟེན་གདུང་གི་མུན་ནག་སྤྲིན་རུམ་ན།།
མཚར་སྣང་འཛིན་པའི་ཤེད་བུ་ཅི་མི་མཚར།།
ངན་བསམ་རྨུ་ཐག་ནག་པོས་གཟེབ་ལ་ཁེན།།
གཞན་སྐྱོན་རྔམས་ཀ་བརྟོལ་བའི་ཨ་ཙ་མ།།


ཡོན་ཏན་ཡན་ལག་ནོགས་མའི་གནས་འདི་ནས།།
མི་ཚེ་གཅོང་རོང་འུར་སྒྲའི་རླུང་དང་འགྲོགས།།
སྨྲ་མེད་ལྐོག་ཤལ་ནོག་ཅན་ལྐུགས་པའི་མདོག།
ངེས་མེད་ལྡོམ་པོའི་རྣམ་ཐར་མི་སྐྱོ་འམ།།

 

ཁ་སང་ཤེས་བྱའི་དགུང་སྔོན་འགྲིམས་མོད་ཀྱང་།།
གྱ་གྱུའི་འགྲོས་ཀྱིས་བརྩོན་པའི་སྙེམ་པ་བྲལ།།
དེ་རིང་སྨྲ་མེད་ལྐུགས་པའི་རང་མཚང་ཞིག།
གདོང་གི་མིག་ཆུ་བར་ནས་བསྟན་པ་མཚར།།

 

ཕྱི་ཚུལ་ཆོས་པའི་གཟུགས་ཀྱི་ཆོས་མིན་ཟོལ་།།
ཆོས་ཀྱི་གདན་སའི་བསྟི་གནས་ཞུགས་མོད་ཀྱང་།།
སེམས་རྒྱུད་ཆོས་ཀྱིས་བཅོས་པའི་རྒྱང་ཐག་བཀྱེད།།
མཚན་སྙན་སྐོམ་པའི་རྡུང་འདེད་བྱེད་དོན་ཅི།།

 

རྩོད་ངག་དབྱངས་ཀྱི་རིགས་པའི་གསར་འཕྲུལ་དང་།།
རྩོམ་རྩལ་ལམ་གྱི་སྨྱུ་གུ་འཁྱུག་སྟངས་ཤིག།
ཅུང་ཙམ་བསྟར་བའི་སྡིགས་པའི་གཤོག་འགྱུར་དེ།།
ཝ་སྐྱེས་ཤིག་གི་དན་རྟགས་མ་ཡིན་ནམ།།

 

ཕུགས་བསམ་ཐར་ལམ་འཚོལ་བའི་ཡང་རྩེ་ནས།།
མིང་སྐོམ་བརྒྱ་ཆ་ཐོབ་འདོད་བསམ་བཞིན་དུ།།།
གཞུང་ལུགས་རྒྱ་མཚོའི་ཕ་རོལ་བརྒལ་ཡང་རུང་།།
ཆོས་བརྒྱད་དངོས་མའི་སྟོང་བསམ་མ་ཡིན་ནམ།།

 

ངལ་བའི་ལས་ཀྱི་ཕྲེང་ཐག་འདི་ཟད་ནས།།
ཀྱེ་ཧུད་ཞིག་གིས་འཆོལ་རྩེན་རྒོད་པའི་ཁྲོད།།
ཟོལ་པོའི་སྟངས་ཀ་ཁྲི་ཚོའི་སྐྱེལ་མའི་ངང་།།
དྭ་ཕྲུག་ཁེར་རྐྱང་གནས་མལ་གང་དུ་བཙལ།།

 

_______རྨོངས་རྟུལ་ནག་པོས་བྲིས།


  རྡོག་རྩ་ཆིག་སྒྲིལ
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -