ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.12.2015 11:29:20
རྨོངས་རྟུལ་ནག་པོ།

འཇིག་རྟེན་གྱི་དཀྱོགས་མཚམས་ཤིག་ནས།
གངས་རིའི་ས་ཆེན་དེ་སེར་ག་གས་ཤིང་།
ས་ཡ་དྲུག་གི་རྣམ་ཤེས་ཡོད་ཚད་མེ་སྒྱོགས་ཀྱི་གདུག་རྩུབ་ཁྲོད་འགྱེལ།
རོ་དང་རུས་པ་རི་བོ་བརྩིགས་པའི་མག་མོག་གི་ལོ་ཟླ་ནག་པོ་དེར།
སེམས་ཀྱི་རྩིག་ངོས་སུ་ན་ཟུག་གི་རྨ་ཁ་བཟོས།


དྲན་ཞིང་དྲན་ན་འཕར་སྤྱང་སྟོང་ཕྲག་གི་དཔུང་ཤུགས་གངས་འདབས་སུ་འཁྱོར་བའི་དུས་ཚིགས་ཡིན་པས།
ང་ཚོ་ནམ་ཡང་སེམས་པ་འདར་བའི་མྱ་ངམ་གྱི་ཐང་ཆེན་ཡིན།
འགྱུར་འགྲོས་ཀྱི་སྒལ་ཚིགས་ཤིག་ནས་གངས་རིའི་ས་ཆེན་དེར་ཁྲ་ཟིང་གིས་མཛེས་རིས་བྲིས་ཀྱང་།
དེ་ནི་མེ་ཏོག་གི་འཛུམ་མདངས་ཟོལ་སྦྱོར་གྱི་འཇའ་རིས་ལ་བྲིས་པའི་རི་མོ་དེ་ཡིན་པས་བསླུ་བྲིད་ཀྱི་རང་བཞིན་དུ་མཐོང་དགོས།
ཕྱི་ནང་གི་སྤུ་ཟླ་ཚོ།  ང་ཚོའི་གཅིག་སྒྲིལ་གྱི་ཞིང་ས་ནས་སྙིང་སྟོབས་ཀྱི་རྡོ་རིང་བསླངས་ཏེ་ཕུགས་བསམ་གྱི་དྲོད་ཁོལ་ལ་དམིགས་བཞིན།
ས་ཆེན་གྱི་སྲ་འཁྲེགས་ངོས་ལ།   ན་ཟུག་གི་འཁུན་སྒྲ་བསླངས་པའི་ཀི་རྒྱངས་སྒྲོག་དགོས།   སང་ཉིན་གྱི་འོད་སྣང་ལ་རེག་པའི་ལག་རིང་བསྲིང་དགོས།
ད་ནས་བཟུང་།   དྲག་འཚུབ་དང་སྨུག་ལོང་ཡོད་ཚད་ལ་བྱི་དོར་བྱ་སྟེ་ང་ཚོས་ཞི་བདེའི་དཔལ་ཡོན་ལ་རང་དབང་གི་གླུ་གཞས་བླང་དགོས་ལ།  ང་ཚོས་ཡོད་ཚད་བདེ་སྐྱིད་ཀྱི་འཚོ་བ་ལ་འབད་བཞིན་རྟག་ཏུ་ཆིག་སྒྲིལ་གྱི་ལག་ཟུང་སྦྲེལ་དགོས།
ད་དུང་ཡང་ད་དུང་།    དཀྱེལ་ཡངས་ཀྱི་བློ་ཁོག་ཆེན་པོ་ཞིག་མདུན་དུ་བསུ་སྟེ།
རང་ཉིད་ལ་སྨིག་སྤྲིན་བཞིན་གཏིབས་འོངས་པའི་ཉེས་ཁ་ལ་མ་འཛེམ་པ།
ནག་ནོག་དང་ལྗན་ལྗིན་གྱིས་བསླད་པའི་ཕ་ས་དེའི་ཆེད་དུ།
སྡུག་རུས་དང་དཀའ་སྤྱད།   འབད་འབུངས་གྲངས་མེད་ཇི་ལྟར་སྐྱོན་པས་སྙིང་ཁམས་མེ་རུ་བསྲེག་ནའང་།
ས་ཡ་དྲུག་གི་ཞི་བདེར་རེག་པའི་མིད་པ་འགག་མི་རུང་།   དེར་བརྟེན།
མི་ཕོ་ཞིག་གི་ལམ་སྟོན་ལ་མིག་ཟུང་བཀལ་ནས།
སུ་ཞིག་ལ་རྒོལ་བའི་འཁྲེང་ཞེན་གྱི་ཟབ་ས་འཛུལ་བ་ན།
མཐའ་མཇུག་གི་རྒྱལ་ཁ་ང་ཚོའི་ཐོབ་ངེས།

 

_____རྨོངས་རྟུལ་ནག་པོས་སེ་ར་ཐེག་ཆེན་གླིང་དུ་བྲིས།


  
 

25.12.2015 02:04:59


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -