ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.12.2015 10:26:07
རྨོངས་རྟུལ་ནག་པོ།

ཁེངས་པའི་བཟི་བའི་དྲེགས་ཚིག་གསོན་པོ་དེ་བློ་ལྡན་སུ་ཞིག་གི་རྣ་ལམ་དུ་བཞུར་བ་ན་རུས་རྐང་དང་སྙིང་དམར་གཟེར་བའི་གྲང་འདར་གྱི་བསམ་གཞིག་ཀློང་ནས་ཁྱེད་ལ་ཤ་ཚ་བའི་སྙིང་རྗེ་དུ་མ་ཞིག་ཆར་དུ་བསྙིལ་ངེས།     རེད།    ཁྱེད་ཀྱིས་གདན་སའི་གྲྭ་རྐྱང་རྣམས་སྐྱ་སིང་ངེར་ཐལ་བའི་མདོག་སྟེ་གོས་ལྭ་ཧྲུལ་པོའི་ནང་གི་དབུལ་ཕོངས་ཤིག་གི་འདུ་ཤེས་འཛིན་བཞིན་འཕྱ་སྨོད་དང་མཐོང་ཆུང་བྱེད་པར་ཁྱེད་རང་འདོད་པ་རེད།  
འོན་ཀྱང་ཁྱེད་ཀྱི་ཕྲ་ཕྲ་ཟིང་ཟིང་གི་རྒྱས་སྤྲོས་ལ་བལྟས་ན་གདན་སའི་གྲྭ་རྐྱང་འདི་དག་ཐལ་མདོག་ཅིག་གི་རྣམ་པ་ལས་མ་འདས་ཀྱང་ནང་གི་ཡོན་ཏན་རྒྱ་མཚོའི་འོད་གོར་ཏེ།    སྟོང་དང་རྟེན་འབྱུང་ཟབ་མོའི་རོ་མཆོག་ལ་ཟབ་གསལ་ཐུགས་ཀྱི་མཆུ་ལྟོས་འཇིབས་པའི་བླ་མེད་ཀྱི་འབྱོར་དཔལ་དང་།  དུང་ལྟར་དཀར་བའི་བྱམས་བརྩེ།    གྲངས་མེད་འགྲོ་བ་ལ་འཁྱུད་པའི་སྙིང་རྗེ་སྟེ་མདོར་ན་གསང་གསུམ་རྣམ་དཀར་གྱི་ཆོས་ཀྱི་བང་མཛོད་དག་བྱིས་པ་ཁྱེད་ཀྱི་བློ་ཡུལ་ལས་རིང་དུ་གྱེས་པ།   མ་དག་ལས་སྣང་འགའི་འཁྲུལ་སྣང་གི་རྩེ་ལ་འཕྱ་སྨོད་དང་མཐོང་ཆུང་ཞིག་གི་གཤོག་འགྱུར་ལྡེབ་པ་ནི་ཝ་མོའི་རང་མཚང་ངན་པ་ཕྱི་ལ་བསྟན་པའི་རང་མདངས་སོ།

རེད་ཡ། ཁྱེད་ཀྱི་འབྱོར་དཔལ་ལ་བལྟས་ན་གདན་སའི་གྲྭ་རྐྱང་རྣམས་ལྡབ་འགྱུར་ལས་ཞན་ཚོད་འདུག་སྟེ།   འདིར་ཡོད་པའི་གཞན་ཕན་གྱི་བསམ་པ་དེ་ཁྱེད་ཀྱི་ཕྱག་ལ་ཡོད་པའི་སྒོར་མོ་དང་ཡེ་ནས་མི་མཚུངས་ཏེ།   ཁོང་ཚོའི་ཆོས་ཁྲིམས་གསེར་གྱི་ཞིང་ས་ནས་ཐོས་བསམ་སྒོམ་གསུམ་གྱིས་རྙེད་པའི་གཞན་ཕན་གྱི་བསམ་པ་དེས་འཛིན་མའི་ཁྱོན་འདིར་ཡིད་ཅན་ཀུན་ལ་ཕན་བདེའི་འབྲས་བུ་ཆར་དུ་བསྙིལ་ཏེ་རིན་ཆེན་སྨན་མཆོག་གི་བཟང་དྲུག་བཞིན་འགྲོ་བ་མང་པོ་རྨོངས་མུན་གྱི་ནད་ཡམས་ལས་ཐར་བ་གྲངས་མེད་ཅིག་བྱས་ཟིན་པའི་རྗེས་སུ་ཡང་ཁྱེད་ཀྱི་ཤོག་དངུལ་དེ་ད་དུང་སེར་སྣའི་ལྕགས་སྒྲོག་གི་དབང་འོག་ཏུ་ཤིན་ཏུ་རྙོག་འཛིང་ཅན་ཞིག་གི་གཞི་མ་རུ་གྱུར་ཡོད།

གདན་སའི་གྲྭ་རྐྱང་འདི་དག་གི་བཞུགས་གནས་དག་ཁྱེད་ཀྱི་ཡིད་འོང་བཀོད་ལེགས་ཕྱུག་མོའི་ཁང་བཟང་དང་བསྡུར་ན་བྲག་ཁུག་སྟོང་པའི་རང་བཞིན་ཞིག་ལས་ཅི་ཡང་མེད་ཀྱང་འདི་དག་གི་ནང་ན་ལེགས་བཤད་མཛེས་སྡུག་འབུམ་གྱིས་དཔལ་ཡོན་རྫོགས་པའི་ནང་བསྟན་རིག་པའི་གླེགས་བམ་བརྩིགས་ཡོད་པས་བླ་མེད་ཀྱི་རིན་ཐང་དེ་གསེར་མདོག་གི་འོད་ཆེན་བཞིན་ཁང་པའི་ཀློང་ཡངས་སུ་ལྷང་ངེར་འབར་བཞིན་ཡོད།

ཁྱེད་ཀྱི་འཁོར་ཕྱོགས་ཤིག་གི་མདུན་ངོས་ན་དཀར་ངོགས་ཡོད་ཚད་མུན་པས་བསྒྲིབས་ཏེ་དྭངས་གསལ་དྲི་མ་མེད་པའི་ཐར་པའི་མཛེས་སྡུག་རྣམས་ཉོག་སྣང་བན་བུན་གྱིས་ཀུན་ནས་བཏུམས་འདུག   འདི་ལྟར་ཁྱེད་ཀྱིས་རང་གི་མིག་ཟུང་ལག་པས་བཀབ་པའི་རྨི་ལམ་གྱི་སྨྱོ་གཏམ་དེ་འདྲ་ཤོད་པ་ངོ་མ་ཡ་མཚན་རེད།   འདི་ལྟར་ཁེངས་དྲེགས་ཀྱིས་བཟི་བའི་རྨི་ལམ་དེའི་ལམ་ནས་ཁྱེད་ཀྱི་དྲན་པ་སྦྲིད་དུ་སོང་བ་དེ་ངོ་མ་སྙིང་རྗེའི་ཡུལ་རེད།      རྒོད་ལ་ཤོར་བའི་རྣོ་ལྕགས་ཀྱི་སེམས་པ་དེ་ཞི་འཇམ་གྱི་སྔ་གཞུག་ཏུ་གནས་མ་ཐུབ་ཀྱང་སུ་ལའང་མཐོང་ཆུང་དང་འཕྱ་སྨོད་མི་བྱེད་པའི་རེ་བ་ཞུ་་་་་་་་་།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | རྡོག་རྩ་ཆིག་སྒྲིལ
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -