ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.11.2015 23:14:30
གངས་དཀར་སེམས།

images/stories/blog_images/Ganglha/cn-c01iht-.jpg

ནེ་ཙོས་ཆོས་འདོན་ལྟ་བུའི་རྒྱ་ནག་གི་སློབ་གསོ།
པཱེ་ཅིང་། ༡༩༩༩ ལོར་དཔྱིད་ཀ དེ་སྔོན་ང་རང་པེ་ཅིང་གི་སློབ་ཆུང་ཞིག་ཏུ་འཛིན་རིམ་ལྔ་པར་སློབ་སྦྱོང་བྱེད་ཀྱི་ཡོད། ཉིན་ག་གེ་མོར་སློབ་གྲྭ་གྲོལ་རྗེས་རྒན་ལགས་ཀྱིས་ང་ལ་སྦྱོང་ཚན་ཞིག་བཞག་གནང་། གཟའ་འཁོར་གཅིག་གི་སྔོན་ནཱེ་ཋོས་ NATO ཁཱི་སོ་ཨོའི་ Kosovo གཡུལ་འཐབ་སྐབས་སུ་པཱེལ་གྷིར་ཏིར་ Belgrade ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལ་གཏོར་རྒོལ་བྱས་པར་བརྟེན། རྒྱ་ནག་གི་གསར་འགོད་པ་གསུམ་གྱི་ཚེ་སྲོག་ཤོར།
ཨ་རིའི་ཝ་ཤིང་ཊོན་གྱིས་འཐབ་འཛིང་དེ་ནི་སྣང་མེད་ཀྱིས་ཤོར་བ་ཞིག་ཡིན་ལུགས་བརྗོད། ཡིན་ཡང་རྒྱ་ནག་མི་མང་ངོས་ནས་དེ་ནི་ཨ་རིས་རྐང་བཙུགས་ནས་བྱས་པ་ཞིག་ལ་ཡིད་ཆས་བྱས། ངའི་ལས་འགན་ནི་སློབ་གྲྭའི་སང་ཉིན་གྱི་ཚོགས་འདུའི་ཐོག་གཏམ་བཤད་ཡིག་ཆ་ཞིག་བཟོ་རྒྱུ་དེ་རེད། ངའི་རྒན་ལགས་ཀྱིས་ང་ལ། ནུབ་ཕྱོགས་བཙན་རྒྱལ་གྱིས་དུས་རབས་འགའི་རིང་རྒྱ་ནག་ལ་གཉའ་གནོན་བྱས་པའི་གདུག་རྩུབ་ཀྱི་བྱ་ངན་དེ་དག་ལ་ཐད་འདོན་བྱོས། ཅེས་གསུངས།

མཚན་མོ་དེར་ང་རང་ཚགས་ཤོག་ཕུང་བསགས་བྱས་པའི་ནང་ཐིམ། ངས་ཚགས་ཤོག་ཏུ་བརྗོད་གཞི་སྣ་ཚོགས་ཕྱོགས་བསྒྲིགས་ཀྱིས་གཏམ་བཤད་ཀྱི་མ་ཡིག་ཅིག་གྲུབ། ཕྱི་ཉིན་རྒན་ལགས་ཀྱིས་ངའི་མ་ཟིན་དེར་གཟིགས་ཙམ་གྱིས་བསྟོད་བསྔགས་ཚུལ་གྱིས་དབུ་ཅོག་ལྡེམ་ཙམ་གནང་སྐབས། ང་རང་གིས་ཧུར་བརྩོན་བྱས་པར་གྲུབ་འབྲས་ཤིག་ཐོབ་པའི་ཚོར་བ་བྱུང་། གཏམ་བཤད་དེའི་ནང་དཔེར་ན་ལོ་བརྒྱའི་རིང་རྒྱལ་ཁབ་ཀྱི་ངོ་ཚ་དགོས་པའི་སྐོར་དང་བཙན་རྒྱལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཅེས་པའི་བརྗོད་པས་ཁེངས། བརྗོད་པ་དེ་དག་གིས་ངའི་སྙིང་གི་འཕགས་ཚད་ཀྱང་མགྱོགས་སུ་སོང་། འོན་ཀྱང་ངས་དེ་ཚོའི་དོན་དག་དེ་ཙམ་ཤེས་རྟོགས་མི་ཐུབ། མཐོ་འབྲིང་སྐབས་སུ་མིང་ཚིག་དེ་དག་སླར་ཡང་ངའི་ལོ་རྒྱུས་དེབ་ནང་མངོན་ཞིང་དེའང་ང་ཚོས་ངེས་པར་དུ་ཡིད་ལ་འཇགས་དགོས་པའི་རྩ་དོན་ཞིག་ཏུ་གྱུར། རྒྱ་ནག་གིས་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་པ་ཞེས་པ་དེ་བསྐྱར་ཟློ་བྱེད་བཞིན་སོ་སོར་དེ་ནི་ལོ་རྒྱུས་འཕེལ་རིམ་ནང་ངེས་པར་དུ་ཡོང་དགོས་པའི་བྱུང་འབྲས་ཤིག་རེད། ཅེས་བཤད།

ཡིན་ཡང་སྐབས་དེར་ཚིག་བརྗོད་དེ་འདྲས་ང་དང་སློབ་གྲོགས་ཚོའི་དོ་དབྱིངས་སླེབས་པར་གང་ཡང་མི་ཕན། བརྗོད་པ་དེ་དག་གི་ནང་དོན་ཡང་སེམས་གཏིང་དུ་ཟུག་ཆོག་པ་དེ་འདྲ་མེད། རྒྱ་ནག་གི་ལོ་རྒྱུས་ནི་བསམ་བློའི་འདུ་ཤེས་ཀྱི་རྣམ་པའི་བསྐྱར་བརྗོད་དེ་དག་གིས་སྒྲིག་སྲོལ་དང་ལས་འགུལ་ཁྱུ་ཞིག་གསལ་བཏོན་གྱིས་དེར་ཚོད་དཔག་དཀའ་ཞིང་དོན་དངོས་ཀྱིས་ཕོངས་པ་ཞིག་ཏུ་གྲུབ། འོན་ཀྱང་སློབ་ཚན་སྟབས་བདེར་སོང་བ་དེ་ནི་དགའ་འོས་པ་ཞིག་ཡིན། དེའང་བརྗོད་གཞི་གཏིང་ཟབ་ཅིང་ཡང་ན་བཀའ་བཀོད་ཀྱིས་རྟོགས་པར་དཀའ་བའི་འགལ་ཟླ་དེ་དག་འགྲེལ་བརྗོད་ཡོང་ཐབས་མི་དགོས་པར་ང་ཚོས་མིང་དང་ཚིག་གཅིག་མ་ལྷག་པར་སློབ་ཚན་བསྐྱར་ཟློས་བྱས་པ་དང་། ལོ་ཚིགས་དེ་དག་གསལ་པོ་དྲན་ཐུབ་པ་བྱུང་བ་ཙམ་གྱིས་ཡིག་ཚད་སྐབས་སྐར་གྲངས་ལེན་ཆོག་པ་ཡིན།

འདི་འདྲ་ཤེས་རྟོག་བྱེད་སྟངས་དེ་ང་རང་ཨ་རིར་སློབ་ཆེན་འཛུལ་རྗེས་འགྱུར་ལྡོག་འགྲོ་འགོ་བརྩམས། ནུབ་ཕྱོགས་པས་རྒྱ་ནག་གི་ལོ་རྒྱུས་འགྲེལ་བརྗོད་དུ་ལྟོགས་ཤི་ཆེན་མོ་དང་རིག་གནས་གསར་བརྗེ་ཆེན་མོ་ལྟ་བུའི་དོན་རྐྱེན་འགྲེལ་བརྗོད་ཐོག་ལ་ཤུགས་ཆེ་བ་འདུག དེ་དག་གིས་ངས་རྒྱལ་ནང་གི་བཤད་གླེང་དུ་ནན་ཏན་གྱིས་རྟོག་དཔྱོད་བྱས་པའི་རྒྱལ་ཁབ་ཀྱི་དཀའ་ཚེགས་ཀྱི་བརྗོད་གཞི་འདི་དག་ལ་སྔར་བས་ཞིབ་ཚགས་ཀྱི་ངོས་འཛིན་ཞིག་བྱུང་། ཡིན་ཡང་ངས་ཞིབ་འཇུག་སློབ་མར་སྦྱོང་བའི་བར་དང་། ནུབ་ཕྱོགས་པས་རྒྱ་ནག་གི་ཤེས་རིག་གྲུབ་འབྲས་སྐོར་ཤེས་རྟོགས་འགོ་བརྩམས་དུས་ངས་གཞི་ནས་རིམ་གྱིས་རྒྱ་ནག་གི་སློབ་གསོ་ནི་དེ་བས་ཁྱད་མཚར་བའི་ཐབས་ལམ་ཐོག་ནས་ང་ཚོའི་མི་རབས་འདིའི་བསམ་བློ་བསྐྲུན་ཡོད་པར་ཤེས་བྱུང་།

རྒྱ་ནག་གི་སློབ་ཚན་དུ་ལོ་རྒྱུས་ཀྱི་འགྲེལ་བརྗོད་དེ་འཐུས་ཚང་མེད་པའི་རྒྱབ་ལྗོངས་སུ་འཇོག དེ་རྗེས་བཙན་གྱིས་གཏན་ཚིག་རིག་པས་ཁྱབ་ཅིང་། གཞན་ཕྱོགས་ནས་བཤད་སྟངས་གནས་པའི་ཁོར་ཡུག་ཅིག་བཙན་འཁྲོག་བྱས། རྒྱ་ནག་ཏུ་གནའ་བོའི་ལོ་རྒྱུས་ནི་རྒྱལ་རབས་དབར་གསང་བ་ལྐོགས་འགྱུར་གྱི་རྒྱ་ནག་གི་ཤེས་རིག ཅེས་པས་རིམ་བརྒྱུད་ཀྱིས་སྤེལ་ཞིང་། རབ་རུབ་མི་གསལ་བའི་རྒྱ་ནག་གི་ཤེས་རིག ཅེས་པས་དབང་བསྒྱུར་བྱས། དེའང་སོག་པོ་མི་རིགས་དང་མཱན་ཇུའི་རིགས་བཅས་ཀྱིས་དབང་སྒྱུར་པའི་གོ་སར་གནས་པའི་གྲངས་ཉུང་མི་རིགས་ཀྱི་ལྟ་ཕྱོགས་དེའི་རིགས་ནས་མཐོང་ལམ་དུ་འཚོལ་ཐབས་མེད་པའི་གནས་སུ་གྱར།

ནུབ་ཕྱོགས་པས་ཞིབ་འཇུག་བྱས་པ་ལྟར་ན་གནས་སྟངས་འདི་དག་གིས་སྔར་བའི་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཐེར་འདོན་བྱས་ཡོད། ༡༩༡༩ ལོའི་མི་མང་གི་རྔམ་སྟོན་ལས་འགུལ་ལ་ལྔ་བཞི་ལས་འགུལ་ཞེས་འབོད། དེ་ནི་རྒྱ་ནག་གི་དེང་རབས་ལོ་རྒྱུས་འགོ་བརྩམས་པའི་གལ་ཆེན་གྱི་གྱོད་དོན་ཞིག་ཡིན། ང་རང་མཐོ་འབྲིང་སློབ་གྲྭར་ཡོད་སྐབས་སུ་དེ་ནི་བཙན་རྒྱལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་གྱི་རྒྱལ་གཅེས་ལས་འགུལ། ཞེས་པར་འགྲེལ་བརྗོད་བྱས་ཡོད། དེ་མིན་ལས་འགུལ་དེ་ནི་ནུབ་ཕྱོགས་པའི་བསམ་བློའི་བསྐུལ་སློང་གི་ནུས་པ་ཐོན་པའི་སྐོར་བཤད་པ་ཧ་ཅང་ཉུང་།

སྒྲོམ་གཞི་འདིའི་སྐྱོན་ཆ་གཞན་ཞིག་ནི་ངག་སྐྱོར་ཁོ་ནར་འབད་པའི་སློབ་སྦྱོང་གི་ཐབས་ལམ་ཞིག་རེད། ཇུས་དེའི་ནང་ཚུད་པའི་རྒྱ་ནག་གི་སློབ་མས་དགག་ལན་དང་དོགས་སློང་སྐོར་སྦྱོང་ཐབས་ཧ་ཅང་དཀའ་བར་གྱུར། ཅི་ཏེ་ཁོ་ཚོས་རྒྱ་ནག་གི་ལོ་རྒྱུས་སློབ་ཚན་དུ་ལོག་ལྟ་ཡོད་པར་ཚོར་ཤེས་ཡོད་ཀྱང་། ནེ་ཙོས་ཆོས་འདོན་ལྟར་ཡང་ནས་བསྐྱར་དུ་གོམས་གཤིས་དེས་ཁོ་ཚོར་བསམ་བློའི་འགུལ་ཤུགས་མེད་ཅིང་། གནད་དོན་དབྱེ་ཞིབ་ཀྱི་ཐབས་ལམ་ཐོག་ལོག་ལྟ་འདི་དག་ལ་ཞིབ་དཔྱོད་བྱ་བའི་རྩལ་ཡང་དཀོན།

དེར་བརྟེན། སློབ་མ་མང་པོས་རྒྱ་ནག་གི་ལོ་རྒྱུས་སློབ་གསོའི་རྒྱབ་ཏུ་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ཡོད་པར་ངོས་འཛིན་ཐུབ་ཀྱང་། རྒྱུས་མེད་ཀྱི་བརྗོད་གཞིའི་ལྡོག་ཕྱོགས་འཕྲད་སྐབས་ཁོ་ཚོས་རང་འགུལ་གྱི་ཐོག་ནས་སོ་སོའི་བྱིས་པའི་དུས་ནས་བཟུང་སེམས་སུ་ཉར་བའི་རྒྱུན་སྲོལ་གྱི་ནང་དོན་དེ་དག་ལ་བརྟེན་དགོས་ཆགས་ཀྱི་ཡོད། དེ་བས་ཕྱི་རྒྱལ་ནས་ཁ་གཏད་ལང་བའི་སྐབས་སུ་མི་རིགས་ཀྱི་སྤོབས་པའི་ཚོར་ཤུགས་དེས་ཕྱོགས་འདིར་ཤུགས་རྐྱེན་ཆེ་རུ་གཏོང་གི་ཡོད།

ཉེ་དུས་ང་རང་ཧཱང་ཁོང་དང་ཐེ་ཝན་ནས་སློབ་སྦྱོང་ཆེད་འགྲོ་མྱོང་བའི་གྲོགས་པོ་དང་མཉམ་དུ་དགུང་ཟས་ཟོས། ཁོས་ཕྱི་ཕྱོགས་སུ་སྤྱོད་དེ་སློབ་གཉེར་བྱེད་པ་དེ་ནི་རྒྱ་ནག་ལ་ཁྱོན་ཡོངས་ཀྱི་ངོས་འཛིན་གསར་པ་ཞིག་ཡོང་ཆེད་ཡིན་ཟེར། ཡིན་ཡང་ཁོས་ཕྱིར་སློབ་གཉེར་བྱས་པ་དེས་ཁོ་རང་གིས་ཧཱང་ཁོང་དང་ཐེ་ཝན་ལ་རྣམ་འགྱུར་དེ་སྲ་བརྟེན་དུ་སོང་བར་ངོས་འཛིན་ཡང་བྱེད་ཀྱི་འདུག ཁོས་ཧཱང་ཁོང་དམངས་གཙོའི་ལས་འགུལ་ནང་ངོ་རྒོལ་བྱེད་མཁན་མང་ཆེར་ནི་ཕྱི་རྒྱལ་གྱི་ནུས་ཤུགས་ཀྱིས་བསླུ་བྲིད་ཕོག་པར་ངོས་འཛིན་དང་། དེ་མིན་ཁོས་ཁོ་ཚོས་སོ་སོས་ལྷིང་འཇགས་དང་ནུས་པ་ཆེ་བའི་ཆབ་སྲིད་སྒྲིམ་གཞི་ནས་བྱུང་བའི་ལེགས་ཆ་དེ་དག་མཐོང་མི་ཐུབ་པ་གང་ཡིན་ནམ། ཞེས་ཀྱང་དྲིས་བྱུང་།

དེ་མིན་སློབ་མ་ཚོས་ཡིག་རྒྱུགས་ཆེད་དུ་ཧུར་བརྩོན་ངང་སློབ་གཞིའི་དེབ་ཐོག་སྒེར་ནས་ཀྱང་ཡིད་ཆེས་མེད་པའི་མིང་ཚིག་དེ་དག་བློ་འཛིན་བྱེད་སྐབས་སློབ་སྦྱོང་ནི་ཁོ་ཚོའི་མིག་ནང་སྒེར་གྱི་དམིགས་ཡུལ་འགྲུབ་ཐབས་ཀྱི་ཐབས་ལམ་ཞིག་ཏུ་འགྱུར་བཞིན་ཡོད། བདེན་པར་བརྩོན་ལེན་དེ་དམིགས་ཚད་ལ་འཛིན་པའི་ནུབ་ཕྱོགས་པའི་སློབ་གསོའི་རིག་པ་དེ་དག་རྒྱ་ནག་ལ་ལེགས་ཆ་གང་ཡང་འདྲེན་མི་ཐུབ། ཡིད་ཆས་བློ་འགེབས་ཀྱི་ལྟ་བ་དང་མིའི་རང་བཞིན་གྱི་གསར་སྐྲུན་ནུས་ཤུགས་ལ་མཐོང་ཆུང་བྱེད་བཞིན་པའི་ཁོར་ཡུག་ཏུ། སློབ་མ་རྣམས་རྒྱལ་ཁར་ཕྱོགས་པའི་གནོན་ཤུགས་དེ་དག་འཁྱེར་ནས་ཁོ་ཚོའི་བདེན་པ་མིན་པའི་བསམ་བློ་དང་། ཡང་ན་བློ་རིག་གི་རྩོལ་བ་ལས་བྱུང་བའི་བརྩམས་ཆོས་དེ་དག་བེད་སྤྱོད་མི་གཏོང་རྒྱུ་ཤེས་པ་མ་ཟད། དེ་ནི་ལུགས་མཐུན་གྱི་བྱ་འགུལ་དང་ཐབས་ལམ་ཞིག་ཏུ་ལྟ་བཞིན་ཡོད།

ང་རང་ཨ་རིར་སློབ་ཆེན་དུ་ཡོད་སྐབས་སློབ་གྲྭ་ནས་གློ་བུར་དུ་རྒྱ་ནག་གི་ཚད་མཐོ་ཤོས་ཀྱི་མཐོ་སློབ་པེ་ཅིང་སློབ་ཆེན་གྱི་ཤེས་རིག་འབྲེལ་མཐུད་ཀྱི་ལས་འཆར་ཞིག་བརྩིས་མེད་བཏང་སོང་། རྩོད་གླེང་གི་སྐད་སྒྲ་སྣ་ཚོགས་སུ་པེ་ཅིང་དུ་ཡོད་པའི་ཨ་རིའི་སྐྱེ་དངོས་རིག་པའི་སློབ་དཔོན་ཞིག་གིས་པེ་ཅིང་སློབ་ཆེན་གྱི་སློབ་མའི་ནང་ཕན་ཚུན་བཤུ་འབྲི་བྱེད་པའི་རྣམ་པ་ཧ་ཅང་མང་བའི་སྐོར་འཁང་ར་བྱས། ང་རང་པེ་ཅིང་སློབ་ཆེན་དུ་སློབ་སྦྱོང་བྱེད་དུས་ཀྱི་གྲོགས་པོ་ཚོས་གནས་སྟངས་འདི་འདྲར་སྦ་གསང་ཙམ་ཡང་མེད་པར་བཤད་ཀྱི་ཡོད། འོན་ཀྱང་དེ་ནི་སློབ་མ་ཚོའི་དོན་དངོས་ལ་འབད་ཐབས་ཤིག་མིན་པའང་བཤད་ཀྱིན་འདུག དེའི་ནང་གི་གྲོགས་པོ་ཞིག་གིས་ང་ལ། མཱ་ཁེ་ཟི་རིང་ལུགས་ཀྱི་ཆབ་སྲིད་ཚན་ཉིད་རིག་པ་སོགས་ཀྱི་སློབ་ཚན་སྐོར་ང་ཚོས་ཚོད་ལྟའི་དྲི་བའི་ལན་འདེབས་བརྗེ་རས་དང་དཔྱད་རྩོམ་མཉམ་དུ་ལྟ་བ་དེ་ནི་དོན་དངོས་ཐོག་གལ་ཆེ་བའི་སློབ་ཚན་དེ་དག་སྦྱོང་བའི་དུས་ཚོད་རག་ཐབས་ཆེད་དུ་ཡིན། ཞེས་བཤད་བྱུང་།

ན་ནིང་དགུན་ཁར་ང་རང་པེ་ཅིང་གི་ཁྱིམ་དུ་གློག་བརྙན་བལྟས་ནས་སྡོད་དུས་རྒྱལ་ཁབ་གློག་བརྙན་ཁང་གིས་གཙོ་སྐྱོང་བྱས་པའི་ཅུང་དགའ་བསུ་ཐོབ་པའི་གཏམ་བཤད་ཀྱི་འགྲན་བསྡུར་ལེའུ་ཚན་ཞིག་ལ་བལྟས། ངའི་མཐོ་འབྲིང་སྐབས་ཀྱི་གྲོགས་པོ་ཞིག་གླེང་སྟེགས་ཐོག་ནས་རྣམ་འགྱུར་ནན་ཏན་ཆེན་པོས་གཏམ་བཤད་དུ་ནུབ་ཕྱོགས་གསར་ལམ་ཁག་གིས་རྒྱ་ནག་ལ་ཤེས་རིག་གི་གཡུལ་འཐབ་དཔྱེ་འགོ་བརྩམས་པའི་སྐོར་ཐད་འདོན་བྱེད་བཞིན་རྒྱ་ནག་མིའི་སྤོབས་པ་དང་ལ་རྒྱར་རྡོག་རོལ་གཏོང་ཡོད་པའི་སྐོར་བཤད་སོང་། རྗེས་མའི་ལེའུ་ཡི་འགྲན་རྩོད་ནང་ཁོའི་ལུས་ལ་སོག་ཆས་ཤིག་གྱོན་ནས་རྒྱ་ནག་གི་ས་ཁོངས་རྟག་ཏུ་འཐུས་ཚང་གིས་བདག་སྐྱོང་ཡོང་བའི་སེམས་གཏིང་གི་སྨོན་ལམ་ཡང་འདེབས་སོང་།

མཐའ་མཇུག་དེར་ངའི་གྲོགས་པོར་འགྲན་བསྡུར་དེའི་ནང་གི་རྒྱལ་ཁ་ཐོབ། སྤྱི་ཚོགས་གསར་ལམ་དུ་སློབ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོ་ལ་བཀྲིས་བདེ་ལེགས་ཀྱི་སྨོན་ཚིག་བགྲང་སོང་། ངས་མཐོ་སློབ་སྐབས་ལ་ཕྱི་དྲན་བྱས། ང་ཚོས་སློབ་ཚན་གྲོལ་རྗེས་མཉམ་དུ་སློབ་ཚན་ནི་དེ་འདྲ་བྲོ་བ་མེད་ཅིང་སློབ་མ་ཚོའི་དོ་དབྱིངས་སླེབས་མི་ཐུབ་པའི་སྐོར་འཁང་ར་དང་། དྲི་བར་དོན་སྙིང་གང་ཡང་མེད་པའི་དུས་སྐབས་དེ་དག་ལ་ཟུར་ཟའང་བྱས། དྲན་གསོ་དེ་དག་དང་ཁོས་གློག་བརྙན་ཐོག་གི་གཏམ་བཤད་འཁྲབ་སྟོན་དབར་དོན་དངོས་ཐོག་ཁྱོན་ནས་འཚམ་པོ་མི་འདུག

གཟའ་འཁོར་འགའི་སྔོན་དུ་ང་རང་སློབ་མའི་འདུ་འཛོམས་ཤིག་ཏུ་གྲོགས་པོ་ཁོ་དང་ཐུག ང་ཁོ་རང་ཉེ་སར་སོང་ནས་དེ་སྔོན་གྱི་འགྲན་བསྡུར་དེའི་སྐོར་གླེང་ཞིང་། ཁོའི་ཆབ་སྲིད་སྐོར་གྱི་བསམ་ཚུལ་ངོ་མ་གང་ཡིན་མིན་སྐོར་དྲིས། དུས་མཚུངས་སུ་ཁོ་རང་སོ་སོའི་གློག་བརྙན་ཐོག་ནས་བཤད་པའི་སྐད་ཆ་དེ་དག་ལ་ཡིད་ཆེས་ཡོད་དམ། ཞེས་ཀྱང་འདྲི་དགོས་སྙམ། འོན་ཀྱང་ངས་འདྲི་མཚམས་དེར་བཞག་པ་ཡིན། གང་ཡིན་མི་ཤེས། ངས་གློ་བུར་དུ་ང་རང་སློབ་ཆུང་འཛིན་རིམ་ལྔ་པའི་སྐབས་སུ་ནཱེ་ཋོས་ཁཱི་སོ་ཨོའི་གཡུལ་འཐབ་སྐབས་སུ་པཱེ་ཨར་གྷི་ལེ་ཏིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལ་གཏོར་རྒོལ་བྱས་པའི་སྐབས་སུ་ངས་བྲིས་པའི་གཏམ་བཤད་ཀྱི་ཡིག་ཆ་དེ་སེམས་ལ་འཁོར་བྱུང་། དེ་ནས་ངས་བཤད་བསམ་པའི་སྐད་ཆ་དེ་དག་མར་མིད་བཞག་པ་ཡིན།

ཀཱོ་ཡུ་ཧྲིང་པེ་ཅིང་ལ་སྐྱེས། ཧཱ་ཝ་ཊི་སློབ་ཆེན་ཤར་གླིང་ཞིབ་འཇུག་ཚན་པའི་སློབ་དཔོན་གྱི་ཞིབ་འཇུག་སློབ་མ་ཞིག་རེད།

རྒྱ་སྒྱུར་། ཚོད་ལྟ་སློབ་མ། ཝུན་ར་ཆན། Vera Chen ཀྲཱང་ཞིང་།

མ་རྩོམ་འབྲེལ་ཐག

http://cn.nytimes.com/opinion/20150901/c01iht-edgao29/


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -