ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.11.2015 00:24:58
གངས་དཀར་སེམས།

images/stories/0122opedguldig-popup.jpgརྒྱ་གཞུང་གིས་ད་དུང་ཡང་བུད་མེད་ཀྱི་གཟུགས་པོར་དབང་འཛིན་བྱེད་བཞིན་པ།
ལོ་ ༣༠ སྔོན་གྱི་རྣམ་པ་ཞིག་ངའི་བློ་ཡུལ་དུ་འཁོར་ཞིང་ཟུབ་ཐབས་མི་འདུག དེའང་སྐྱེས་པ་ཞིག་གིས་འཁོར་གཉིས་ཅན་གྱི་དྲུད་འཁོར་ཞིག་འཐེན་ནས་གྲོང་ཚོར་ཕྱིར་ལོག་སྐབས་ལམ་དུ་འཁོར་ལོ་འདམ་དུང་དུ་གཡོ་འགུལ་བྱེད་ཅིང༌། དེའི་ཐོག་སྐྱེ་སྒོ་བཀག་ཆེད་བཤག་བཅོད་བྱས་ཚར་བའི་ཁོའི་བཟའ་ཟླ་མོ་ཉལ་ཡོད། མེ་ཏོག་གི་མཚོན་ཁྲ་ཅན་གྱི་ཉལ་གོས་ཤིག་གིས་མོའི་ལུས་ཡོངས་རྫོགས་བཏུམས། གྲགས་འགུལ་མེད་པ་རོ་ཞིག་དང་འདྲ།


སྐབས་དེ་ནས་བཟུང་ང་ལ་ཕོ་མོའི་མཚན་མའི་དབྱེ་བ་ནས་བྱུང་བའི་འཇིགས་སྐྲག་ཅིག་སླེབས། ནམ་ཞིག་ལ་ངའང་མོ་དང་འདྲ་བ་གཟུགས་པོར་ཕྲུ་གུ་གཅིག་ལས་མི་སྐྱེ་བའི་སྲིད་ཇུས་དར་སྤེལ་ནན་ཏན་གཏོང་བའི་རྒྱ་ནག་གི་སྲིད་ཇུས་དེའི་ཡ་ང་སྙིང་རྗེ་མེད་པའི་རྡུང་རྡེག་ཕོག་བར་སྐྲག་ནས་ཡོད། དེའི་ཕྱིར་ངས་ལྐོག་ཏུ་ཕྲུ་གུ་མི་སྐྱེ་རྒྱུའི་དམ་བཅའ་ཞིག་བཞག ཕྲུ་གུ་མ་སྐྱེས་ན་དེ་འགོག་ཕྱིར་བཤག་བཅོས་ཀྱང་བྱེད་མི་དགོས།

ཟླ་ ༡༠ ཚེས་ ༢༩ ཉིན་དམར་ཤོག་གཞུང་གིས་ཕྲུ་གུ་གཅིག་ལས་མི་སྐྱེ་བའི་སྲིད་ཇུས་དེ་མཇུག་བསྒྲིལ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས། དེའི་ཚབ་དུ་ཆང་ས་བརྒྱབ་པའི་བཟའ་ཚོ་ནས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པར་བྱས། འོན་ཀྱང་ཕྲུ་གུ་གཅིག་ལས་མི་སྐྱེ་བའི་སྲིད་ཇུས་དེས་སྲིད་གཞུང་གིས་བུད་མེད་ཀྱི་གཟུགས་པོར་དབང་འཛིན་དེ་མཇུག་བསྒྲིལ་བའམ། ཡང་ན་བུད་མེད་ཀྱིས་སོ་སོའི་ཕྲུ་གུ་སྐྱེ་མིན་གྱི་དབང་ཆ་བདག་བཟུང་ཆོག་པ་མཚོན་མི་ཐུབ།

ངས་དེ་སྔོན་སྲིད་ཇུས་འདིའི་རིགས་ཀྱིས་བུད་མེད་ཀྱི་ཚེ་སྲོག་གི་དབང་ཆར་གདུག་རྩུབ་ཆེན་པོས་བཙན་གནོན་བྱེད་བཞིན་པར་མཐོང་མྱོང༌། དེ་བས་བཙན་གནོན་འདིའི་རིགས་ནི་འཆར་ལྡན་བུ་བཙའི་སྒྲོམ་གཞིའི་ཆ་ཤས་སུ་གྱུར་ཟིན། ༡༩༩༧ ལོར་ང་འཆར་ལྡན་བུ་བཙའི་ལྟེ་གནས་༼ མ་བུའི་འཕྲོད་བསྟེན་སྐོར་གྱི་སྨན་ཁང་ཞིག ༽ ཀྱི་དྲིལ་བསྒྲག་ཚན་པར་ལས་ཀ་ཞིག་རག་སྟེ་སྐྱེ་འཕེལ་བདེ་ཐང་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་སྐོར་འགན་འཁྱེར།

སྨན་ཁང་དུ་ཚ་ཚ་འུར་འུར་གྱི་རྣམ་པ་དེས་ང་ལ་ཧ་ལས་སུ་བཅུག ངས་དུས་ནམ་ཡང་རྣམ་པ་དེ་བརྗེད་མི་ཐུབ། དེའང་དམག་ཆས་གྱོན་པའི་སྐྱེས་པ་དར་གཞོན་བཞིས་ངུ་འབོད་ཆེན་པོས་འཕག་འཚག་རྒྱག་བཞིན་པའི་བུད་མེད་དེའི་རྐང་ལག་བཞི་བཟུང་ནས་སྨན་ཁང་དུ་འཁོར་ལོར་བཞག་སྟེ་བཤག་བཅོས་ཁང་དུ་དྲུད་སོང༌། ངའི་སེམས་གཏིང་ནང་ཧ་ཅང་ཆུང་ཞིང་གསལ་པོ་མེད་པའི་ཁོང་ཁྲོའི་མེ་ལྕེ་ཞིག་འབར། ངས་བསམ་བློ་ཙམ་གཏོང་ལོང་མེད་པར་སྐབས་དེའི་ལས་ཀར་བྲེལ་ཞིང༌། དེ་བཞིན་སོ་སོའི་འཚོ་གནས་ལའང་བྲེལ་ནས་ཡོད།

དེའི་ཚེ་དེའི་དུས་ངས་སོ་སོའི་མི་ཚེའི་ནང་ངོ་ཚ་དགོས་པའི་བྱ་བ་ཞིག་བྱས། སྨན་ཁང་དུ་ལས་བྱེད་དངོས་ཤིག་ཏུ་འགྱུར་བའི་ཆེད་དུ་ངས་རྫུན་བཟོའི་ལམ་དུ་འཆར་ལྡན་བུ་བཙའི་ལྟེ་གནས་དེ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་མཚུངས་པའི་སྐོར་གྱི་བསྟོད་བསྔགས་ཀྱི་རྩོམ་ཞིག་སྤེལ། རྩོམ་དེ་ཚགས་ཤོག་ཐོག་སྤེལ་ཐུབ་པ་བྱུང་བ་མ་ཟད༌། འཆར་ལྡན་བུ་བཙའི་ལྷན་ཁང་ནས་དེར་གཟེངས་རྟགས་ཤིག་ཀྱང་བསྩལ་གནང་བྱུང༌།

ངས་སྨན་ཁང་གི་ཕྱོགས་བསྡོམས་སྙན་ཞུའང་བྲིས་མྱོང༌། དེའི་ནང་སྨན་ཁང་གིས་ལོ་རེར་སྐྱེ་སྒོ་བཀག་པ། ཕྲུ་གུ་བཀོག་པ། ཕྲུ་གུ་ཤོར་བཅུག་པ་བཅས་ཀྱི་བཤག་བཅོས་ཐེངས་ག་ཚོད་བྱས་མིན་གྱི་གྲངས་ཀ་བཅས་ཚུད་ཡོད། དེང་བར་ངས་ཧ་ལས་དགོས་པའི་གྲངས་ཀ་ཅིག་དྲན་པ་སོས་པ་དེ་ནི་སྨན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཉིན་གཅིག་ཁོ་ནར་སྐྱེ་སྒོ་བཀག་པའི་བཤག་བཅོས་ཐེངས་ ༨༨ ཙམ་གྲུབ་པ་དེ་རེད།

སྐབས་དེར་ངས་རྩ་བ་ནས་ཤེས་ཀྱི་མེད། རྒྱལ་ཡོངས་གང་སར་བཙན་དབང་གིས་ཐོག་ནས་སྐྱེ་སྒོ་བཀག་པ། ལྕགས་བཞག་པ། ཕྲུ་གུ་བཀོག་པ། བཀག་ཉར་དང་ཁང་པ་བཤིག་པ། ཁྱིམ་ནང་གི་བ་ཕྱུགས་བཙན་འཁྲིད་བྱེད་པ། ས་ཁུལ་གང་སར་དེའི་སྐོར་གྱི་ཉེས་ཆད་ཀྱི་དམིགས་ཚད་བཟོས་པ། ངེས་པར་སྐྱེ་སྒོ་བཀག་དགོས་པ་དང༌། ཕྲུ་གུ་ཤོར་བཅུག་པའི་དམིགས་ཚད་བཟོས་པ། ད་དུང་སྦྲུམ་མ་བཙན་གྱིས་སྨན་ཁང་དུ་འཁྲིད་དེ་སྐྱེ་སྒོ་བཀག་པའི་བཤག་བཅོས་བྱེད་བཅུག་པའི་སྐོར་ཤེས་ཀྱི་མེད།

དེང་དྲ་ལམ་ཡོད་ཚད་ལ་ཕྲུ་གུ་གཉིས་སྐྱེ་ཆོག་པའི་དྲིལ་བསྒྲགས་ཡིག་ཆ་ཡིས་ཁེངས་འདུག འདིའི་གནས་སྟངས་འདི་སྔོན་གྱི་གཅིག་རང་སྐྱེས་ན་བཟང༌། ཞེས་པའི་སྲིད་ཇུས་ཀྱི་དྲིལ་བསྒྲིགས་གཉིས་དབར་ཟུར་ཟ་ཧ་ཅང་ཆེན་པོའི་རྣམ་པ་ཞིག་ཆགས་འདུག

ད་ལྟའི་ཆར་བུད་མེད་མང་པོར་ཤེས་ཡོན་སློབ་གསོ་གང་ལེགས་ཐོབ་མྱོང་ཞིང་གཏན་འཇགས་ཀྱི་ཡོང་བབས་ཀྱང་ཡོད། དོན་དངོས་ཐོག་ཚང་མ་ཕྲུ་གུ་མང་པོ་དགོས་པའི་ཁྱིམ་ཚང་ཤ་སྟག་ཡིན་པའང་ངེས་པ་མེད། ད་དུང་བཟའ་ཚོ་འགས་ཕྲུ་གུ་མང་པོ་སྐྱེ་འདོད་མེད། གང་ཡིན་ཟེར་ན་ཕྲུ་གུ་གསོ་སྐྱོང་བྱེད་པར་འགྲོ་སོང་ཧ་ལས་པ་ཆེན་པོ་རེད། འོན་ཀྱང་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དེས་སྲིད་གཞུང་གིས་བུད་མེད་ཀྱིས་སོ་སོའི་གཟུགས་ཕུང་དང་ཁྱིམ་ཚང་ལ་ཐག་བཅད་གང་བྱས་པའི་བྱ་བར་ཇུས་གཏོགས་ཆོག་པར་མངོན།

གལ་ཏེ་ཁྱིམ་ཚང་ཞིག་གིས་ངེས་པར་དུ་ཕྲུ་གུ་གསུམ་སྐྱེ་འདོད་ན་གང་འདྲ་དགོས་སམ། གལ་ཏེ་བུད་མེད་ཀྱི་བསམ་བློར་མེད་ཀྱང་གློ་བུར་དུ་ཕྲུ་གུ་འཁོར་ཞིང་དེ་བཙའ་འདོད་ན་གང་འདྲ་དགོས་སམ། རྒྱལ་ཁབ་འཆར་ལྡན་བུ་བཙའ་ལྷན་ཁང་གི་ཆེད་ལས་འཐུས་མི་ལཱེང་ཀྲོང་ཐང་གིས་ཉེ་དུས་ཤཱིས་ཅིང་ཚགས་པར་གྱིས་བཅའ་འདྲིར་དང་ལེན་སྐབས་འཆར་ལྡན་བུ་བཙའ་ནི་ད་དུང་ཡང་རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་ཤིག་ཡིན་སྐོར་བཤད་ཡོད། ཁོས་ཕྲུ་གུ་ཚད་བརྒལ་སྐྱེས་པའི་བྱ་བར་ངེས་པར་དུ་ནན་ཏན་ཆེན་པོས་དངུལ་གྱི་ཆད་པ་བཅད་པའི་ཐབས་ལམ་ཐོག་ནས་རྒྱལ་ཁབ་སྲིད་ཇུས་ཀྱི་ནན་ཏན་རང་བཞིན་ལ་སྲུང་སྐྱོར་བྱེད་དགོས། ཅེས་བཤད།

དངུལ་ཆད་བཅད་པའི་ཐབས་ལམ་ཟེར་བ་དེ་དག་གིས་མ་འོངས་པར་མུ་མཐུད་བུད་མེད་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དུས་མཚུངས་མུ་མཐུད་ཕྲུ་གུ་ཨང་གཉིས་པའམ་གསུམ་པར་ཤུགས་རྐྱེན་ཐེབས་སྲིད། གང་ཡིན་ཟེར་ན་ཁོ་ཚོའི་ཕ་མས་ཕྲུ་གུ་གཅིག་ལས་མི་སྐྱེ་བའི་སྲིད་ཇུས་དང་འགལ་བའི་དངུལ་ཆད་དེ་ནམ་ཡང་བསབ་ཐབས་མེད་པས་ཡིན། དེ་བཞིན་གནོད་སྐྱོན་ཐེབས་པའི་ཕྲུ་གུ་འདི་ཚོར་འཐེན་ཐོ་མེད་པའང་སྲིད། གནས་སྟངས་འདིས་ཕྲུ་གུ་འདི་ཚོ་མ་འོངས་པར་ལུགས་མཐུན་གྱིས་ཤེས་ཡོན་སློབ་གསོ་དང་བདེ་ཐང་གི་འཕྲོད་བསྟེན་བཅས་སྤྱི་ཚོགས་ཀྱི་འགན་སྲུང་དེ་དག་ལོངས་སུ་སྤྱོད་མི་ཐུབ་པ་ཡིན། དེང་ང་ཚོས་འཆར་ལྡན་བུ་བཙའི་སྲིད་ཇུས་འོག་ཕྲུ་གུ་འདི་ཚོར་ངོས་ལེན་ཡོད་པར་ཡིད་ཆས་པའི་རྒྱུ་མཚན་མཐོང་དཀའ། དེ་བཞིན་དངུལ་དངོས་ཀྱི་ཆད་པ་གཅོད་སྟངས་འདི་ཚོའང་གློ་བུར་དུ་མཚམས་བཞག་པར་ཡིད་ཆས་དགོས་པའི་རྒྱུ་མཚན་བགྲང་དུ་མེད།

འོན་ཀྱང་འཆར་ལྡན་བུ་བཙའི་སྲིད་ཇུས་ཀྱི་ཤུགས་རྐྱེན་དེ་ནི་མི་རྣམས་ཀྱི་ཁྱིམ་ཚང་གི་འཚོ་བའི་ཁྱབ་རྒྱ་ཙམ་མིན། རྒྱ་ནག་སྲིད་གཞུང་གིས་བུད་མེད་ཁེར་རྐྱང་བས་མི་བཟོས་ཕྲུ་གུའི་ས་བོན་་སྐྱེ་འཕེལ་གྱི་ལས་བྱ་བཅས་སྐྱེ་འཕེལ་གྱི་ལག་ཤེས་བཅོས་ཐབས་ཟེར་བར་ཞུགས་མི་ཆོག་པར་བཟོས། ལོ་འདིར་གྲགས་ཅན་གྱི་འཁྲབ་སྟོན་མ་ཞུའུ་ཅིང་ལིས་བཅའ་འདྲིར་དང་ལེན་སྐབས། མོ་རང་དེ་སྔོན་ཨ་རིར་སོང་ནས་ཕྲུ་གུའི་ཨ་མའི་ཕྱོགས་ཀྱི་ས་བོན་གློག་གི་འཁྱག་སྒམ་དུ་ཉར་ཡོད་སྐོར་བཤད་ཡོད། དེང་ང་ཚོས་བུད་མེད་ཁེར་རྐྱང་གི་གནས་ཚུལ་ལ་མཐོང་ཆུང་བྱེད་སྟངས་འདིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་རྗེས་སུ་འགྱུར་ལྡོག་བྱུང་ཐུབ་པར་ཡིད་ཆས་ཡོང་བའི་རྒྱུ་མཚན་མེད་པ་རེད།

གཞན་ཡང་འཆར་ལྡན་བུ་བཙའི་སྒྲོམ་གཞི་ཆེན་མོ་འདི་ལའང་སྲིད་གཞུང་གིས་ཐག་གཅོད་བྱེད་སྐབས་བསམ་བློ་གཏོང་དགོས་པའི་རྒྱུ་རྐྱེན་ཞིག་ཆགས་སྲིད། གསར་ལམ་ཁག་ནས་སྤེལ་བ་ལྟར་ན་རྒྱལ་ཡོངས་འཆར་ལྡན་བུ་བཙའི་སྒྲོམ་གཞིའི་ནང་གི་ལས་བྱེད་མི་གྲངས་ཁྲི་ ༥༠ ཡས་བརྒལ་ཞིང༌། དེ་བས་འཆར་ལྡན་བུ་བཙའི་སྐོར་གྱི་དངུལ་ཆད་བཏང་བ་དེ་ནི་སྲིད་གཞུང་གི་ཡོང་བབས་གལ་ཆེན་གྱི་འབྱུང་ཁུངས་ཤིག་ཡིན་པར་གསལ། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་འོག་འཆར་ལྡན་བུ་བཙའི་ལས་བྱེད་འདི་དག་གིས་གང་བྱས་ཀྱང་སོ་སོའི་ལས་གནས་འདི་སྲུང་སྐྱོར་བྱེད་ངེས་རེད།

སྲིད་ཇུས་འདིར་འགྱུར་ལྡོག་སོང་བ་ནི་རྒྱ་ནག་སྲིད་གཞུང་གིས་རྒྱལ་ཁོངས་སུ་ཕོ་མོའི་དབར་གྱི་གྲངས་འབོར་ལ་ཧེ་བག་སོང་བ་དང༌། མི་འབོར་རྒས་འཁོག་ཅན་མང་བའི་གནས་སྟངས་འདིར་འགྱུར་ལྡོག་ཅིག་མི་གཏོང་ཁག་མེད་གྱུར་བ་ཡིན། སྲིད་ཇུས་གསར་པའི་རྩ་བའི་ངོ་བོ་དང་དེ་སྔོན་དབར་ཁྱད་པར་གང་ཡང་མེད་པ་རེད། སྔར་བཞིན་མིའི་ལ་རྒྱ་ལ་བསམ་བློ་གཏོང་མྱོང་མེད་ལ། སྔར་བཞིན་སྲིད་དབང་གི་ཁེ་ཕན་ནས་འགོ་བརྩམས་པ་ཞིག་ཡིན། འགྱུར་ལྡོག་འདི་ནི་ཆེས་རྗེས་ལུས་ཐེབས་ཅིང་ཆེས་ཉུང་ཉུང་ཞིག་གི་ཕྱོགས་ཀྱང་རེད།

འབྲེལ་ཐག འདིར་བསྣུན།




  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -