ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

17.11.2015 05:24:10
གངས་དཀར་སེམས།

images/stories/22222222.jpgབཟའ་ཚང་གི་འཚོ་བ་ངོ་མ་འདི་འདྲ་རེད། མཉམ་དུ་ཉལ་རྒྱུ་ཙམ་མ་རེད།
མོ་རང་ཁོ་དང་མཉམ་དུ་གྲོགས་པོའི་ཆང་སའི་རྟེན་འབྲེལ་མཛད་སྒོར་ཞུགས། མཛད་སྒོའི་ཐོག་མག་པས་མནའ་མར་འོ་སྦྱར་བ་མཐོང་དུས། ཁོས་ཁོ་རང་གི་འཁྲིས་སུ་ཡོད་པའི་མོ་ལ། ངེད་གཉིས་ཀྱང་ཆང་ས་རྒྱག་ན། ཞེས་བཤད། འོན་ཀྱང་མོ་རང་ཁོའི་སྤང་ཁ་ནས་མགོ་ཕར་ཁ་ལོག་ནས། ང་ཁྱོད་ཀྱི་མནའ་མར་ཡོང་གི་མིན། ཞེས་བཤད། འོན་ཀྱང་དུས་མཚུངས་སུ་མོའི་གདོང་ལ་བདེ་སྐྱིད་ཀྱི་ཚོར་བ་ཞིག་མངོན་འདུག

རང་ལོ་ ༢༥ སྐབས་སུ་ཁོ་རང་གཉིས་ཆང་ས་བརྒྱབས། ཉལ་ཁང་དང་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་མིག་ཏུ་ཁོ་རང་གཉིས་ཆང་སའི་མཛད་སྒོའི་སྐབས་ཀྱི་གཉེན་སྟོན་པར་གང་སར་བཀལ་ནས་ཡོད། ཁོས་སོ་སོའི་བཟའ་ཟླར་འཐམ་ནས། ངའི་ཆུང་མ། ངའི་ཆུང་མ། ཞེས་འབོད། མོ་རང་ཡང་སོ་སོའི་ཟླ་བོར་བརྩེ་བའི་ཆུང་མ་ཡོངས་དང་འདྲ་བར་ཉིན་ལྟར་ཞོགས་པར་ཁོའི་ཆེད་དུ་ཞོགས་ཟས་གྲ་བསྒྲིག་དང༌། སོ་སྨན་བཙིར་རོགས་བྱེད་པ། ཉིན་དེའི་གྱོན་ཆས་ལ་འཚམ་པའི་སྐེ་རས་གདམ་པ་བཅས་བྱེད། ཁོ་རང་སྒོ་ཕྱིར་ཐོན་གྲབས་སྐབས་མོའི་དཔྲལ་བར་འོ་ཞིག་སྦྱོར་གྱི་ཡོད། ལས་ཀ་བྲོལ་རྗེས་ཀྱང་ཁོས་མོ་རང་དགའ་བའི་ཤིང་ཏོག་ཉུང་ཙམ་ཉོས་ནས་སླེབས་ཡོང༌། མོ་རང་དགའ་ཤོས་ཁམ་བུ་ཡིན་ཡང་དེའི་པགས་ཤུན་གྱི་སྤུ་དེར་སུན་སྣང་སྐྱེ་བར་བརྟེན། ཁོས་ག་དུས་ཡིན་ཡང་ཁམ་བུའི་པགས་ཤུན་གྱི་སྤུ་དེ་དག་འཁྲུས་རྗེས་གཞི་ནས་མོ་རང་ལ་སྟེར་གྱི་ཡོད། དགོང་ཟས་ཚར་ནས་ཀྱང་ཁོས་རྟག་པར་མོ་དང་བརྙན་འཕྲིན་ལེའུ་ལྟ་ཕྱོགས་སྐོར་འཚང་ཀ་རྒྱག་སྲིད། མོ་རང་ཆུ་ཚོད་བརྒྱད་པའི་སྐབས་ཀྱི་འཚོ་བའི་ལེའུ་ཚན་གྱི་གློག་བརྙན་ལ་ལྟ་བསམ་ཡང༌། ཁོས་རྐང་རྩེད་སྤོ་ལོ་ལྟ་དགོས་ཟེར། མོ་རང་ཁོ་དང་རྩོད་མི་ཐུབ་པས་མགོ་སྒུར་ནས་གྱོང་རྒུད་ཕོག་པའི་ཕྲུ་གུ་ཆུང་ཆུང་ཞིག་དང་མཚུངས་པའི་རྣམ་འགྱུར་ཞིག་བཏོན། དེར་མཐོང་སྐབས་ཁོས་དེ་མུར་བརྙན་འཁྲིན་སྣོན་བྱེད་འཁྲུལ་ཆས་དེ་མོ་རང་ལ་སྤྲོད་ཀྱི་ཡོད། ཐབས་ཤེས་དེ་ནི་ཇི་ཙམ་སྤྱོད་ཀྱང་དེ་ཙམ་ནུས་པ་ཐོན་ཐུབ་པ་ཞིག་རེད།

ལོ་ ༢༨ ཟིན་པའི་མོ་ལ་གཅེས་པར་འོས་པའི་ཕྲུ་གུ་བུ་ཞིག་བཙས། བུའང་མོ་རང་ལ་འདྲ་ཆེ་བ་ཡོད། ཁོས་རྒྱུན་དུ་བུ་ཁྱོད་རང་ལ་འདྲ་འདུག་ག མདོག་ཉེས་ལ། མ་འོངས་པར་བུ་ལ་མནའ་མ་མ་རག་ན་གང་འདྲ་བྱའམ། ང་འདྲ་ན་གང་འདྲ་ཡག་པོ་ཡོད། དེ་ནི་མི་སྟེར་བཟོ་དོད་པ་ཞིག་ཡིན་ངེས། ཅེས་བཤད། འོན་ཀྱང་ཁོས་བུ་སྤང་ཁར་ཉར་ནས་ས་ལ་བཞག་འདོད་མེད། མི་ཐུག་ཚད་ལ་ཁོས་ངའི་བུ་ང་འདྲ་སྟེ་སྤྱང་གྲུང་འཛོམས་པ་ཞིག་ཡོད། ཅེས་བཤད་ངེས། མཚན་མོར་བུ་ངུ་ཆེ་བས་མོས་ཁོ་རང་ངལ་གསོ་ཡག་པོ་ཡོང་ཆེད་མཚན་གང་གཉིད་གཏིང་ཆོད་མ་བྱས་པར་ཕྲུ་གུར་བལྟས་ནས་བསྡད་ཀྱི་ཡོད། ཕྲུ་གུ་འགུལ་བ་ཙམ་གྱིས་མོ་རང་གཉིད་ལས་སད་དེ་ཕྲུ་གུར་ལྟ་རྟོག་བྱེད། མོས་ཟེར་ན་བུ་ཆེན་པོར་ཆགས་རྗེས་འཇོན་ཐང་ཆེ་བའི་ཚན་རིག་མཁས་དབང་ཞིག་བྱེད་བཅུག་གི་ཡིན་ཟེར། ཁོས་བུ་གནམ་སྤྱོད་འཕུར་མདའ་གཏོང་མཁན་ཞིག་བྱ་བཅུག་ན་སྔར་བས་སྟེར་བཟོ་དོད་པ་འདུག ཅེས་བཤད། དེའི་ཆེད་དུ་ཁོ་རང་གཉིས་རྩོད་པའང་ཤོར། ཁོ་ཧ་ཅང་ཁོང་ཁྲོ་ཟོས། ལས་ཀ་གྲོལ་རྗེས་དམིགས་སུ་བསྐལ་ཏེ་གྲོགས་པོ་འགའ་དང་མཉམ་དུ་འཛོམས་སར་སོང་ཕྱི་པོ་བར་ནང་དུ་ལོག་མ་ཡོང༌། སྒོ་ཕྱེས་པ་ཙམ་གྱིས་འབོལ་གདན་དུ་གཉིད་ཤོར་བའི་ཆུང་མ་མཐོང༌། མདུན་ཅོག་ཐོག་བསྒྲིག་པའི་དགུང་ཟས་རྣམས་ད་དུང་ཡང་རླངས་པ་འཕྱུར་ནས་ཡོད། མོས་ཟས་དེ་ཚོ་ཚ་པོ་ཐེངས་ཅི་ཙམ་བཟོས་མེད་དམ། ཁོ་རང་གློ་བུར་དུ་ཁོང་ཁྲོ་ཟ་བཞིན་པའི་རྒྱུ་མཚན་སྐོར་བརྗེད་དེ་ག་ལེར་ཆུང་མ་སྤང་ཁར་བཀྱག་ནས་མོ་ཉལ་ཁང་དུ་བསྐྱེལ།

ལོ་༣༣ སྐབས་ཁོ་རང་ལས་ཀ་བྲོལ་ནས་ཁྱིམ་དུ་ལོག མོས་སྤང་གདན་བཅིང་ནས་ཐབ་ཚང་དུ་ཟས་བཟོ་བར་བྲེལ་ཞིང༌། ཡང་ན་ཐུག་པ་བསྐོལ་ནས་ཡོད། ཁོས་ལག་འཁྱེར་སྣོད་ཁུག་སར་གཡུག སྐེ་རས་བཅིང་བ་དེ་དཀྲོལ་ནས་ཐད་ཀར་སོང་ནས་མོའི་རྒྱབ་ནས་མོ་རང་ལ་འཐམ། མོས་ཁོ་ལ་སོང་སོང་སོང༌། གཟུགས་པོ་འཁྲུས་ཤིག ལུས་པོ་ཡོངས་ལ་རྔུལ་ནག་གིས་ཚོས་འདུག ཅེས་བཤད། དེ་ནས་ཁོས་བྱིས་བཅོལ་ཁང་ནས་ལོག་སླེབས་པའི་བུ་འཁྲིད་དེ་འཁྲུལ་ཁང་དུ་འཛུལ། མོ་རང་ཐབ་ཚང་ནས་ཕྱིར་དོན་སྐབས་ཁྱིམ་ནང་གི་ཕོ་ཆེ་ཆུང་གཉིས་ཀྱིས་གང་སར་གཡུག་བཞག་པའི་གྱོན་ཆས་དེ་དག་མཐོང༌། དེ་བཞིན་སྐྱེས་པ་ཆེ་ཆུང་འདི་གཉིས་ཀྱིས་འཁྲུས་ཁང་ཆུང་ཆུང་དེའང་བཙོག་པ་བསམ་གྱིས་མི་ཁྱབ་པར་བཟོས་པ་མཐོང་སྐབས་མོས་ཁོ་ལ་སླར་ཡང་མོས་དཀའ་ལས་མང་པོ་བརྒྱབ་ནས་གཙང་མ་བཟོས་པའི་ས་གདན་བཙོག་པ་བཟོས་འདུག་ཅེས་གཤེ་གཤེ་གཏོང་དགོས་སྙམ། སྐབས་དེར་ནང་ནས་ཕ་བུ་གཉིས་རྩེད་མོ་རྩེད་བཞིན་པའི་དགའ་སྤྲོའི་སྐད་སྒྲ་དེ་དག་ཐོས་སྐབས་མོ་རང་ཡང་བཟོད་མ་ཐུབ་པར་སྒྲ་དང་བཅས་གད་མོ་ཤོར། གཟའ་མཇུག་སླེབས་དུས་ཁོ་རང་གཉིས་ཀྱིས་བུ་འཁྲིད་དེ་བྱིས་པའི་རྩེད་རར་འཆམ་འཁྱམ་ལ་སོང༌། བུ་འགྲོ་མི་ཐུབ་དུས་ཨ་ཕས་འཁྱེར་དགོས་ཟེར། ཨ་ཕས་ལག་གཅིག་གིས་བུ་འཁྱེར། ལག་གཞན་དེས་མོ་རང་འཇུས་ནས་སོང༌། སྐབས་དེའི་དུས་སུ་ཁོས་སོ་སོ་ཧ་ཅང་རླབས་ཆེན་པོ་ཞིག་ཏུ་ཚོར་གྱི་ཡོད།

ལོ་ ༤༠ སྐབས་ཀྱི་ཆང་སའི་དྲན་རྟེན་ལོ་སར་ཉིན། ཁོས་རྒྱ་སེར་མེ་ཏོག་ཚོམ་ཞིག་ཉོས་ནས་མོ་ལ་སྟེར། མོས་ཁོ་རང་ལོ་ ༤༠ ཟིན་ཡང་ལུགས་མཐུན་མིན་པར་ད་དུང་གཞོན་ནུའི་བྱེད་སྟངས་དེ་འདྲ་སྦྱོང་བར་འཁང་ར་བྱེད། དུས་མཚུངས་སུ་མོ་རང་གིས་མེ་ཏོག་ཚོམ་དེ་དག་བླུགས་སའི་བུམ་པ་ཞིག་འཚོལ་ལ་བྲེལ། དེ་བཞིན་མེ་ཏོག་རྒྱ་སེར་དེ་གང་དུ་བཞག་ན་ལེགས་སམ་སྙམ་བཞིན་ལུས། ཁོ་རང་གློག་ཀླད་མདུན་དུ་ཡིག་ཆ་བཟོ་བཞིན་པ་མཐོང་དུས་མོས་ཁོ་ལ་ཚིག་ཇ་ཕོར་གང་བསྐོལ་ནས་སྟེར། ཁོས་མོ་རང་ཉལ་སར་རྒྱུག་ཅེས་བཤད་དུས་མོས་ད་ལྟ་ཉལ་འདོད་མི་འདུག་ཁོ་དང་མཉམ་དུ་ཏོག་ཙམ་བསྡད་ན་བསམ་ཞེས་བཤད།

ལོ་ ༤༦ སྐབས་མཚན་མོར་མོ་གྲོད་ཁོག་ན་ནས་ཨར་མ་བརྟེན་པར་ཁོ་རང་ཞེད་ཐག་ཆོད། ཐོགས་རྩེགས་དྲུག་ཐོག་ནས་ཁོས་མོ་རང་རྒྱབ་ཏུ་འཁྱེར་ནས་ངལ་གསོ་སྐར་ཆ་ཙམ་མེད་པར་ཐོག་རྩེགས་དྲུག་ཐོག་ནས་གཤམ་ལ་སོང༌། དོན་དངོས་ཐོག་ཁོས་མོ་རང་རྒྱབ་ལ་མ་འཁྱེར་ནས་རྒྱུན་རིང་སོང་ཡོད། མོས་གློ་བུར་དུ་ཁོའི་རྒྱབ་ངོས་དེ་སྔར་ལྟར་རྒྱ་ཆེ་ཞིང་སྲ་མཁྲིགས་དེ་ཙམ་མེད་པར་ཚོར། དེ་ནས་མོ་རང་ཡང་སེམས་པ་ཏོག་ཙམ་ན་ཞིང་སོ་སོ་རྐང་པ་བཙུགས་ནས་འགྲོ་གི་ཡིན་ལུགས་བཤད་ཀྱང་ཁོས་དེར་མ་ཉན། མོས་ཁོ་ལ་དཀའ་ལས་ཁག་མིན་དྲིས་སྐབས། ཁོས་ཅི་སྟེ་ལོ་རྒན་ ༨༠ སླེབས་ཀྱང་ངས་ད་དུང་ཡང་ཁྱོད་རང་རྒྱབ་ལ་འཁྱེར་ཐུབ་ཀྱི་ཡོད། ཅེས་བཤད། དེ་ནི་གཤག་བཅོས་ཆུང་ངུ་ཞིག་ལས་མིན་ཡང་ཁོ་རང་མོ་ལ་སེམས་འཁུར་ཧ་ཅང་ཆེན་པོ་བྱུང༌། མོའི་ཆེད་དུ་རུས་ཐང་སྐོལ་ཞིང་ཟས་བཟོས། དུས་ཡུན་རིང་པོའི་ནང་མོ་ལ་ཁྱིམ་ལས་བྱེད་མ་བཅུག དེ་ནས་མོས་ཁྱིམ་ནང་ཟ་ཟིང་ལང་ལོང་བཟོ་བཞིན་པའི་ཁོ་པར་བལྟས་ནས་འདས་ཟིན་པའི་ལོ་མང་དེའི་རིང་ལ་ཁོ་རང་གཉིས་ཁྱོན་ནས་འགྱུར་ལྡོག་སོང་མེད་པ་གཞི་ནས་ཤེས།

ལོ་ ༥༣ སྐབས་བུའང་ཆང་ས་རྒྱབ་ཚར་བ་མ་ཟད། བུའི་མནའ་མའང་ཤིན་ཏུ་མཛངས་སྤྱོད་ལྡན་པ་ཞིག་ཡོད། དེ་བས་བུ་དང་མནའ་མ་གཉིས་ཕྱི་ལ་ལས་ཀ་ཡོད་སྟབས་འཁྲིས་སུ་བསྡད་མེད་པ་ཙམ་ཡིན། མོས་རྒྱུན་ལྟར་བུ་དྲན་ཚུལ་བཤད་པ་དང༌། བུས་ལས་ཀ་ཁོ་ནར་མགོ་འཁོར་ཏེ་སོ་སོའི་བདེ་ཐང་ལ་ལྷོད་གཡེང་ཤོར་མིན་སྐོར་སེམས་འཁུར་བྱེད། ཁོས་མོ་རང་སེམས་འཁུར་མང་དྲག་པར་བཤད་ཀྱང་ལྐོག་ནས་བུ་ལ་ཁ་པར་གཏོང་ནས་དུས་ཚོད་ཡོད་ན་ཕྱིར་ཁྱིམ་དུ་ལྟ་ཙམ་ཡོང་དགོས་སྐོར་གཏམ། ཁོ་རང་གཞོན་ནུའི་སྐབས་སུ་ན་ཚ་ཕོག་སྟེ་གནམ་གཤིས་གྲང་བའི་སྐབས་རྒྱུན་དུ་ཚིག་ཐོ་ན་ཡི་ཡོད། གནམ་གཤིས་གྲང་དུ་སོང་བ་ཙམ་གྱིས་མོས་ཁོ་རང་ལ་གྱོས་གོས་ཐུག་པོ་དེ་དག་གྲ་བསྒྲིག་སྔར་ནས་བྱས་ཚར། ཁོ་རང་ཕྱིར་སོང་ཐེངས་རེར་མོས་གྱོན་གས་ཐུག་ཙམ་གོན་དགོས་པའི་གཏམ་པོ་རྒྱུན་དུ་བྱེད་ཀྱི་ཡོད། ཁོའི་ཁ་ནས་མོས་ཚང་མར་སེམས་འཁུར་མི་དགོས་སྐོར་བཤད་ཀྱང་དོན་དངོས་ཁོས་ཚང་མ་མོའི་བཤད་པ་ལྟར་བྱེད་ཀྱི་ཡོད།

ལོ་ ༦༠ དུས་ཚ་བོའང་སློབ་ཆུང་དུ་འགྲོ་བཞིན་སྐབས་ཁོ་རང་རྒས་ཡོལ་ཞུས། མོ་རང་ཡང་རྒས་མོ་ཆགས། མགོ་ཐོག་གི་སྐྲ་དཀར་པོ་དེ་དག་ཀྱང་བཀབ་ཐབས་མེད་པར་གྱུར། ཁོ་རང་ཞོགས་པར་དལ་བའི་ལུས་སྦྱོང་བྱེད་རྒྱུར་དགའ། མཚམས་རེར་མོ་རང་དང་མཉམ་དུ་ཁྲོམ་དུ་སྔོ་ཚལ་ཉོ་བའང་འགྲོ ཡང་ན་གྲོང་ཁྱེར་དབུས་ཀྱི་ཐང་ཆེན་དུ་སྲོལ་རྒྱུན་གཞས་སྣའང་འཁྲབ་སར་འགྲོ གཞུང་ལམ་བརྒལ་དུས་ཀྱང་ད་དུང་མོའི་ལག་ནས་འཇུས་ཏེ་འགྲོ་རྒྱུའི་གོམ་གཤིས་ཡོད། དེའང་མོ་རང་ལ་མཚོན་ན་ཏོག་ཙམ་མི་བདེ་བ་ཡིན། མོས་ལོ་འདི་འདྲར་སླེབས་ཚར་དུས་གཞན་གྱི་འཕྱ་བར་ཞེད་སྣང་མི་འདུག་གམ་ཟེར།

ལོ་ ༧༠ ཁོ་རང་རྩ་ལོའི་ལྐུབ་སྟེགས་ཐོག་བསྡད་དེ་ཚགས་པར་ལྟ། ཁོའི་མིག་གིས་ད་ནས་གསལ་པོ་མི་མཐོང་བ་གྱུར་ཏེ་རྒས་ཤེལ་ངེས་པར་དུ་གྱོན་དགོས་ཀྱི་ཡོད། མོ་རང་ཁོའི་འཁྲིས་སུ་བསྡད་དེ་སེར་སྐྱར་གྱུར་ཟིན་པའི་པར་དེབ་ལ་བལྟས། ད་ལྟ་ཁོ་རང་གཉིས་ཀྱིས་རྒྱུན་དུ་འདས་སོང་ལ་ཕྱི་དྲན་བྱེད་ཀྱི་ཡོད། ཁོ་གཉིས་ངོ་ཤེས་ནས་ཕན་ཚུན་རྒྱུས་ལོན་པ། ཁོ་གཉིས་ཆང་ས་བརྒྱབས་ནས་ཕྲུ་གུ་བྱུང་བ་སོགས་ལ་དྲན་གསོ་བྱས། ཁོས་མོ་ལ་ཐོག་མར་ཁྱོད་རང་ངོ་ཤེས་དུས་ཁྱོད་རང་ལྐུག་འཚུབ་འཚུབ་ཀྱིས་ནམ་ཡང་འཚར་ལོང་མི་ཐུབ་པའི་ཕྲུ་གུ་ཞིག་དང་འདྲ། ཁྱོད་ཀྱིས་ལྟོས་དང༌། ད་ཁྱོད་ཀྱི་གདོང་ལ་གཉེར་མ་མ་གཏོགས་མི་འདུག སྐེད་པ་འགུག་ཅིང་སོའང་ལྷུག་ཏུ་སོང༌། ད་ཡིན་ན་རྒས་མོ་ཆགས་ཚར་འདུག ཅེས་བཤད། མོས་ངེད་གཉིས་དགའ་རོགས་བསྒྲིག་དུས་མོའི་གྲོགས་པོ་ཚོས་ཁོ་ནི་དེ་འདྲ་སྟེར་བཟོ་དོད་ཅིང་གཤིས་རྒྱུད་བཟང་པོར་རྒྱུན་དུ་བསྟོད་བསྔགས་བཏང་བ་མ་ཟད་ཁོ་ལ་ཧ་ཅང་ཡིད་སྨོན་ཤོར་གྱི་ཡོད། འོན་ཀྱང་མོ་རང་མ་གཏོགས་ཁོའི་སྐྱོན་ཆང་མང་པོ་དེ་དག་ཤེས་རྟོགས་མེད། ཅེས་བཤད་པར་ཐོས་དུས་ཁོ་རང་ཧ་ཧ་ཧ་ཧ་ཞེས་གད་མོ་ཤོར། ཁོས་ཁྱོད་ཀྱིས་ཤོད་དང༌། ལོ་མང་པོ་དེའི་རིང་ཁྱོད་ཀྱང་འདི་ལྟར་བཟོད་པ་སྒོམ་ནས་ཡོང་བ་མ་ཡིན་ནམ། ཞེས་བཤད། ཁོ་རང་གཉིས་ལོ་གཞོན་དུས་རྒྱུན་དུ་རྒས་འཁོག་ཆགས་སོང་ན་གང་འདྲ་གང་འདྲ་ཡོང་མིན་སྐོར་བསམ་བློར་འཁོར་གྱི་ཡོད། འོན་ཀྱང་འདི་ལྟར་ཕྱིར་མིག་བལྟས་པ་ཙམ་གྱིས་མི་ཚེ་གཅིག་ནི་འདི་ལྟར་སོང་བ་ནི་བསམ་ཡུལ་ལས་འདས་པ་རེད། གློ་བུར་དུ་གནས་ཚུལ་ག་རེ་ཡིན་ཡང་ཤེས་པར་གྱུར་ཡོང༌།

ལོ་༨༠ སྐབས་ཁོའི་གཟུགས་པོ་ཇེ་ལོད་དུ་སོང༌། རིག་པའང་རབ་རུབ་ཏུ་ཆགས། སྐད་ཆ་ཚིག་ཅིག་ལ་ཐེངས་འགར་བསྐྱར་ཟློས་བྱེད་དགོས་ཀྱི་ཡོད། ཁོས་དུས་ཡུན་ཙམ་མོ་རང་མ་མཐོང་ན་ཁོ་ཕྲུ་གུ་ལྟར་བྲེལ་འཚུབ་ལང་གི་ཡོད། དེ་རྗེས་ཁོ་རང་མལ་ཁྲིར་ལུས་པའི་སྐབས་མོ་ལ། ཁོའི་མི་ཚེ་གཅིག་ཏུ་ཆེས་བདེ་སྐྱིད་ཀྱི་གནས་ཚུལ་དེ་ནི་ཁོས་མོ་རང་མནའ་མར་ལེན་ཐུབ་པ་དེ་ཡིན་ཞེས་བཤད། མོས་མོ་རང་གི་མི་ཚེ་གཅིག་ནང་ཁོ་རང་གི་མནའ་མར་སོང་བ་དེ་ནི་ཆེས་བསོད་ནམས་ཀྱི་བྱ་བ་ཞིག་ཡིན་ཞེས་བཤད།

གལ་ཏེ་བཟའ་ཚང་འདི་ལྟ་བུ་ཞིག་བྱུང་ན་མི་ཚེ་གཅིག་ནང་འགྱོད་པ་ཅི་ཞིག་ཡོད་དམ།

འབྲེལ་ཐག  འདིར་བསྣུན།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -