ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.11.2015 02:22:02
མེ་ལྗང་།

དྲིན་ཆེན་ཕ་མ་རྒྱང་རིང་ཡུལ་ནས་བཞག།
གངས་ཀྱི་རི་བོ་བརྒལ་ནས་ས་མཐར་སླེབས།།
སྐྱབས་མགོན་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱིས།།
སློབ་གྲྭར་འགྲོ་བའི་སྐལ་བཟང་འདི་ལྟར་ཐོབ།།

བདག་གི་བརྩེ་བ།

ཤེས་བྱའི་སྐྱེད་ཚལ་སློབ་གླིང་གྲུ་བཞི་འདིར།།
ཕུགས་བསམ་སྟོང་གིས་ལོ་གཉིས་སྦྱང་བརྩོན་བྱས།།
བུ་མོ་ཁྱེད་ལ་ཐུག་པའི་ཉིན་མོ་ནས།།
བརྩེ་པའི་མྱུ་གུ་རིམ་བཞིན་གསར་ཏུ་འབུས།།

བརྩེ་སེམས།

བགྲང་བྱ་དག་ལ་མཉམ་འགྲོགས་ཉིན་གཅིག་སྣང༌།།
སྐར་ཆ་འགའ་ལ་མ་མཐོང་སེམས་མི་བདེ།།
ཁྱེད་ལ་འཕྲད་ཚེ་ཁ་ལག་ཟ་མི་དགོས།།
བརྩེ་སེམས་གཙང་མའི་ཚོར་སྣང་འདི་ལྟར་ཉིད།།

གྱེས་གཏམ།

མཚན་གུང་ཁ་པར་བཏང་བའི་སྙིང་གཏམ་ཁྲོད།།
སང་ཉིན་ལྷོ་རུ་འགྲོ་བའི་བཀའ་ཐོན་ཟེར།།
ཡ་ཆུང་སེམས་ཀྱི་སྟེང་འོག་ལན་གསུམ་བརྗེས།།
སྐྱོ་བའི་རླབས་སྒྲའི་ན་ཟུག་འཇགས་མེད་བཞག།

སྐྱེལ་མ།

བོད་གཞུང་སྣེ་ལེན་ཁང་གི་སྒོ་འགྲམ་ནས།།
རླངས་འཁོར་དཀར་པོའི་རྐུབ་སྟེགས་མདུན་ཕྱོགས་བསྡད།།
སེམས་ཀྱིས་སྐྱོ་ངལ་ཁུར་པའི་ཁེར་རྐྱང་ངས།།
བདེ་མོ་ལག་འཇུ་ཞིག་གིས་སྐྱེལ་མ་བྱས།།

ཁེར་རྐྱང༌།

ལྩགས་སྨྱུག་ཕྲ་མོ་སྙིང་གི་གྲོགས་སུ་བརྟེན།།
སྙིང་གཏམ་བཤད་སའི་ཤོག་དཀར་གྲུ་བཞིའི་ངོས།།
ཁྱེད་ཉིད་དྲན་པའི་གདུང་བ་སེམས་ན་མཐུག།
ཤ་སྐམ་རུས་པར་ཐུག་པའི་ལས་དབང་ཉིད།།

དྲན་སྣང།

ལྷན་འཛོམས་ཉིན་མ་ལས་ཀྱིས་སོ་སོར་བགོས།།
བརྩེ་སེམས་གཙང་མ་ཡ་ཆུང་སྙིང་ལ་སྒོམ།།
ཕྱིར་དྲན་སྟོང་གི་སྙིང་དམར་ཁོང་གསེང་ལ།།
དྲན་པའི་མེ་ཡིས་བསྲེགས་པ་ཐེངས་གཅིག་མིན།།

རེ་སྨོན།

སྐྱབས་མགོན་བླ་མ་སྙིང་ལ་སྒོམ་བཞིན་ཏུ།།
ཤཱཀྱཱའི་གསུངས་ལ་རྐྱང་ཕྱག་གྲངས་མེད་འཚལ།།
ལས་ཀྱིས་བྲལ་བའི་སྙིང་སྡུག་མཛའ་མོ་ལ།།
སླར་ཡང་མཇལ་བའི་རེ་སྨོན་ལན་མང་ཞུས།།

མཇུག

མཚན་མོར་རྨི་ལམ་ཞིང་ལ་མ་རྨིས་ཀྱང༌།།
གྲོགས་མཆོག་དམ་པའི་རྣ་བར་གསུངས་པ་མིན།།
འགོག་མེད་སེམས་ཀྱི་ཚོར་སྣང་བརྩེགས་མ་འདི།།
བདག་གིས་མྱངས་པའི་གཏམ་རྒྱུད་དངོས་མ་ཡིན།།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
 

07.11.2015 03:51:02

གང་མགྱོགས་ཚུར་ཐུག་པ་ཤོག

 
 
07.11.2015 12:18:39

ཐུགས་རྗེ་ཆེ་ཞུ། ཨ་ཅ་གངས་ལྷ་མོ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -