ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།
ངས་བཅར་འདྲི་ཞིག་ལ་ལན་རྒྱབ་པ།
08.09.2015 04:59:08

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་སྤེལ་བའི་༼སྤྱི་ཚོགས་མེ་ལོང་།༽ཚགས་པར་སྤྱིའི་འདོན་ཐེངས་༡༦༩བའི་ནང་དུ། རྒྱུན་ལས་ཨ་རིག་དགེ་མཐོང་ལགས་ཀྱིས་ང་ལ་༼དབྱངས་ཞུགས་པའི་ང་རོ་༽ཞེས་པའི་སྙན་དེབ་སྐོར་ལ་བཅར་འདྲི་བྱས་པ་དེ་ཚགས་ཤོག་སྟེང་བཀོད་པ་གཤམ་གསལ་དུ།
༡༽དབྱངས་ཞུགས་པའི་ང་རོ་ཡི་དེབ་དེའི་སྐོར་ནས་བཅར་འདྲི་དང་ལེན་གནང་བར་དགའ་བསུ་དང་འབྲེལ་འདྲི་ཡ་ལ། དེབ་འདིའི་ཐོག་མའི་འཆར་གཞི་དང་མཐའ་མའི་ལེགས་གྲུབ་ཀྱི་བར་གྱི་བརྒྱུད་རིམ་ཞིག་ཤོད།
ལན། ཐོག་མར་འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་ལས་བྱེད་ཡོངས་ཀྱི་ཚབ་བྱས་ཏེ་བཅར་འདྲིའི་གོ་སྐབས་སྤྲད་པར་བཀའ་དྲིན་ཆེ་ཞུ་བ་དང་མཉམ་དུ་འཚམས་འདྲི་ཞུ་རྒྱུ་ཡིན། 

དབྱངས་ཞུགས་པའི་ང་རོའི་དེབ་ཀྱི་མ་གདན་མ་བཏང་བའི་སྔོན་ལ། ང་ཚོའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་ལས་ཁུངས་ངོས་ནས་གསར་བཟོ་བྱས་པའི་ཤར་སྟོང་བྱས་ཏེ་ལོ་གཉིས་ཟིན་ལ་ཉེ་ཞིང་། དྲ་བ་འདི་ནི་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རྣམས་སུ་ཆབ་སྲིད་དང་མ་འདྲེས་པའི་བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་དང་། འདོན་སྤེལ་བྱེད་སའི་སྡིང་ཆ་ཞིག་ཏུ་བསྐྲུན་པ་རེད། རྒྱུ་མཚན་ནི། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་གཙོས་སྤྱི་ཚོགས་བརྒྱུད་ལམ་མང་པོ་ཞིག་ཧ་ཅང་དར་ཁྱབ་འགྲོ་བཞིན་ཡོད་ནའང་། དེ་རིགས་གཏན་འཇགས་ཡུན་གནས་མ་ཐུབ་པར་ལོ་རེ་བཞིན་ཤི་བ་མང་བས་ན། ང་ཚོས་དྲ་རྒྱ་བརྟན་པོ་ཞིག་ཉར་ནས་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཉར་ཚགས་གཙོར་བཟུང་གིས་དྲ་འཇུག་བྱེད་ཀྱིན་ཡོད།

དེ་ཡང་༢༠༡༥ལོའི་ཟླ་༡ནང་དུ། ཉིས་སྟོང་བཅུ་བཞི་ལོའི་སྙན་ངག་བཅུ་ལྷག་རེ་བོད་ཀྱི་སྙན་ངག་པ་རྣམས་སུ་རེ་སྐུལ་བྱས་ཏེ་བསྡུ་རུབ་བྱེད་པར་གསལ་བསྒྲགས་ཤིག་བཀྲམས་པ་ཡིན། དེ་བཞིན་སྙན་ངག་སྐུར་མཁན་མང་རུ་འགྲོ་སོང་བ་དང་མཉམ་དུ། རྩོམ་རིག་མེ་ལོང་དྲ་ངོས་སུ་སྙན་ཚོམ་ཞེས་པའི་སྡེ་ཚན་ཞིག་བཟོས་པ་ཡིན་ལ། ཟླ་དྲུག་རིང་བོད་ཕྱི་ནང་གི་སྙན་ངག་པ་བརྒྱ་ལས་བརྒལ་བ་ཞིག་གི་སྙན་ངག་ལག་སོན་དྲ་འགོད་བྱེད་ཐུབ་སོང་། སྐབས་འདིར་གསལ་བཤད་ཅིག་ལ། སྙན་ངག་པ་ཁ་ཤས་སུ་ཉིས་སྟོང་ལོ་བཅོ་ལྔ་ལོའི་སྙན་ངག་མ་གཏོགས་མི་འདུག་པས་ན་དེ་བཞིན་བཏང་བ་རྣམས་ཡང་དྲ་འགོད་བྱས་པ་ཡིན། ཉིས་སྟོང་བཅུ་བཞི་ལོའི་སྙན་ངག་བསྡུ་སྒྲིག་གི་སྒྲིག་གཞི་ལ་འགལ་བ་ཅུང་ཙམ་བྱུང་ཡོད་པ་རེད་མོད། མང་ཆེ་ཤོས་ཉིས་སྟོང་བཅུ་བཞི་ལོར་བྲིས་པ་རྐྱང་རྐྱང་ཡིན།

སྙན་ངག་པར་འབྲེལ་བ་བྱེད་སྟངས་སྐོར་ནས། ངོ་དེབ་དང་སྐད་འཕྲིན། ཡིག་ཟམ་བརྒྱུད་དེ་འབྲེལ་འདྲེས་དང་བརྩམས་ཆོས་ལག་སོན་བྱུང་བ་ཡིན། ཡིན་ཡང་། བོད་ཀྱི་སྙན་ངག་པ་རྒན་པ་ཁ་ཤས་སུ་འབྲེལ་བ་བྱེད་མ་ཐུབ་པ་དང་འབྲེལ་བ་བྱས་ཀྱང་ཡ་ལན་མ་གནང་བ་སོགས་ཀྱི་དཀའ་རབ་དང་རིམ་པ་བྱུང་སོང་།

ད་ལོ་ནི་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་ལོ་དམིགས་གསལ་བ་ཞིག་ཏུ་ཁེལ་ཡོད་དུས། དྲ་བཀོད་བྱས་པའི་སྙན་ངག་པ་རྣམས་ཀྱི་བརྩམས་ཆོས་ལས་ལེགས་བདམས་བྱས་ཏེ། དེབ་གཟུགས་ཞེས་པའི་སྙན་དེབ་འདི་བཏོན་པ་དང་། དེབ་འདི་ནི་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་དག་དང་སློབ་གྲྭ་ཁག་ཏུ་བཀྲམས་བརྩིས་ཀྱིས་འགྲེམས་སྤེལ་བྱས་པ་ཡིན། ལྷག་པར་དུ་བོད་ཀྱི་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཕྱོགས་བསྡུས་བྱས་ཏེ་ཡིག་ཚགས་སུ་བཀོད་ན། འདི་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་དུས་སྐབས་གཅིག་རིང་གི་བོད་ཀྱི་སྙན་ངག་གི་ཁྱད་ཆོས་དང་དེའི་འབྲི་སྟངས་སུ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཆུང་ཆུང་ཞིག་ཆགས་པའི་བསམ་འདུན་བཅངས་པ་ཡིན།

དེབ་འདིའི་ནང་གི་སྙན་ངག་པའི་བརྩམས་ཆོས་སྤྱི་སྡོམས་ཀྱི་ཚུལ་དུ་བཀོད་ན། གཞིས་ནས་༥༤དང་བྱེས་ནས་༦༥གཉིས་མཉམ་སྡོམས་ཀྱིས་སྙན་ངག་པ་༡༡༩ཡོད་ཅིང་། དེ་ལས་གྲྭ་བ་༣༨ ། སྐྱ་བོ་༨༡ ། བུད་མེད་༡༦་བཅས་ཀྱི་སྙན་ངག་གཅིག་རེ་ལེགས་བདམས་བྱས་ཤིང་། ཁོང་རྣམ་པའི་རང་རིགས་ཀྱི་ཡུལ་གོམས་སུ་འཐིམ་པའི་ཚོར་སྣེ་གསོན་པོ་དྲོད་མ་ཡལ་བ་དག་གིས་ཞེས་པའི་སྙན་དེབ་འདི་མི་ཡུལ་ལ་ལེགས་སྐྱེས་སུ་བཏེགས་པ་ཞིག་ཡིན།

༢༽
བོད་ཕྱི་ནང་གཉིས་དང་རྒྱལ་ཁབ་འདྲ་མིན་མང་བོ་ཞིག་གི་ནང་གི་རྩོམ་པ་པོ་བརྒྱ་ལྷག་གི་སྙན་ངག་མཉམ་བྲིས་འདི་ཧ་ཅང་ཡག་པོར་མཐོང་བྱུང་། སྤྱི་ཚོགས་ཀྱིས་འདི་ལ་ལྟ་སྟངས་ག་འདྲ་འདུག  ཁྱེད་རང་ཚོའི་ངོས་ནས་མ་འདང་བའི་ཆ་དང་ལེགས་ཕྱོགས་གང་མཐོང་བྱུང་།

ལན། སྤྱི་ཚོགས་ཀྱི་ངོས་ནས་ལྟ་སྟངས་ག་འདྲ་ཞིག་ཡོད་མེད་དེ་ནི། ད་ལྟའི་སྤྱི་ཚོགས་དྲ་བརྒྱའི་བརྒྱུད་ལམ་རྣམས་སུ་ཧ་ཅང་ཡག་པོ་རེད་ཟེར་མཁན་མང་པོ་འདུག བོད་ནང་དང་ཕྱི་ལོག་གང་ས་ནས་དེབ་དེ་ཉོ་ས་ག་བར་ཡོད་པའི་དྲི་བ་ཡང་མང་པོ་བྱུང་སོང་། དེ་མིན་སྐད་འཕྲིན་ཚོགས་པ་བཟོས་ཏེ་དེབ་འདིའི་ནང་བརྩམས་ཆོས་ཡོད་པའི་སྙན་ངག་པ་༨༦ལྷག་ལ་གློག་རྡུལ་དེབ་དུ་བཟོས་ནས་སྐད་ཚོགས་འདིར་དབུ་འབྱེད་དང་བསྐྱར་ཞིབ་ཡང་བྱས་པ་ཡིན། སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ་ཧ་ཅང་མོད་པོ་འདུག རྩོམ་པ་པོ་ཁ་ཤས་ཀྱིས་ཧ་ཅང་ཡག་པོ་ཡིན་སྐོར་གྱི་བསམ་ཚུལ་སྐད་འཕྲིན་ཚོགས་པའི་ནང་གསུངས་སོང་བ་དང་། ཁ་ཤས་ཀྱིས་སྒེར་དུ་ཧ་ཅང་ཡག་པོ་འདུག ཁོམ་པ་ཡོད་ན་འདིའི་སྒང་ལ་དབྱེ་ཞིབ་ཀྱི་ཚུལ་གཏམ་བཤད་གནང་གི་ཡིན་ཟེར་མཁན་ཡང་བྱུང་སོང་།
ང་ཚོའི་ངོས་ནས་མ་འདང་བ་གང་ཡིན་པ་དེ་ནི་དེབ་ནང་སྙན་ངག་པ་རྒན་པ་ཁ་ཤས་ཀྱི་བརྩམས་ཆོས་རག་མ་སོང་བ་དང་མདོ་དབུས་ཁམས་གསུམ་ནས་ལྷ་སའི་ཕྱོགས་ཀྱི་སྙན་ངག་པ་ཉུང་ཤོས་ཤིག་ལ་མ་གཏོགས་འབྲེལ་བ་བྱེད་མ་ཐུབ་པ་དེ་ཡིན། ལེགས་ཕྱོགས་ཀྱི་ཆ་ནས་བཤད་ན། བོད་ཕྱི་ནང་གཉིས་དང་རྒྱལ་ཁབ་འདྲ་མིན་མང་བོ་ཞིག་གི་ནང་གི་བོད་ཀྱི་རྩོམ་པ་པོ་བརྒྱ་ལྷག་གི་བརྩམས་ཆོས་བདམས་བཀོད་བྱས་ཡོད་པས་ན། འཛམ་གླིང་རང་བཞིན་གྱི་བོད་ཀྱི་སྙན་ངག་གི་དེབ་ཞིག་ཡིན་པར་བཤད་ཀྱང་ཆོག བོད་ནང་གི་བརྩམས་ཆོས་མང་ཤོས་ན་གཞོན་སྙན་ངག་པ་གསར་བའི་རིགས་ཡིན་པ། བོད་ཆོལ་ཁ་གསུམ་གྱི་སྙན་ངག་པ་རྣམས་ཀྱི་བརྩམས་ཆོས་ཕྱོགས་བཏུས་བྱས་པ་ནི་བོད་ཀྱི་བརྩམས་ཆོས་ཁྲོད་སྔོན་ཆད་བྱུང་མ་མྱོང་བའི་ལས་ཀ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

༣༽ཁྱེད་རང་རྩོམ་པ་པོ་དང་གསར་འགོད་པ་ཞིག་ཡིན་པས། དེབ་འདི་དང་འབྲེལ་ནས་རྩོམ་རིགས་སྐོར་གྱི་སྤྱི་ཚོགས་སུ་འབོད་སྐུལ་འདྲ་ཡོད་དམ།
ལན། ང་ལ་དམིགས་བསལ་གྱི་འབོད་སྐུལ་ཞུ་རྒྱུ་མེད། མི་སུ་ཞིག་ཡིན་ཡང་འབོད་སྐུལ་གཅིག་པུར་བསྟེན་ནས་མ་བསྡད་པར། རང་གི་ནུས་ཚོད་ཀྱི་ལས་ཀ་ཞིག་བྱེད་པ་རྒྱལ་ཁབ་ཀྱི་འོས་འགན་དང་མི་རིགས་ཀྱི་འོས་འགན། མི་སྒེར་གྱི་འོས་འགན་ཡིན་རྒྱུ་རེད་བསམ་ཡོད། མི་རེ་རེ་ངོས་ནས་རྒྱལ་ཁབ་ཞིག་གི་རིག་ཚན་བྱེ་བྲག་རེ་ལ་ཞབས་འདེགས་ཅི་ཐུབ་ཞུ་ཡ་ནི་རྒྱལ་ཁབ་ཞིག་གི་མི་སྒེར་གྱི་འགན་འཁྲི་ཡིན་རྒྱུ་རེད་བསམ་ཡོད།

བོད་ཀྱི་རྒན་རབས་ཞིབ་མཇུག་པ་རྣམས་ཀྱིས་(རྩོམ་རིག་ལ་འགྲོ་བ་མིའི་རིག་པ་ཞེས་བརྗོད་ཅིང་། རྩོམ་རིག་སྒྱུ་རྩལ་གྱི་བ་སྤུའི་ཁུང་བུ་རེ་རེ་ལས་མི་གཤིས་ཀྱི་གཟིངས་མངོན་ཡོང་བ་ཡིན།)གསུངས་པ་ལྟར། ང་ཚོ་ལ་ཆུང་ནས་ལོབ་པའི་ངག་ཅིག་དང་དེ་བརྒྱུད་ནས་རིག་གཞུང་ཞིག་གི་གཤིས་ཀ་ཆགས་ཡོད་པ་ནི། ནམ་ཡང་ང་ཚོས་དོར་མི་ཐུབ་པའི་རིག་གནས་དེ་ཡིན་པས། ང་ཚོའི་ཚོར་བའི་ངོས་ཀྱི་དགའ་སྐྱོ་ཆགས་སྡང་གི་ལས་ཀ་བྱེད་སྟངས་ནི། མི་རིགས་གཞན་དང་མ་འདྲ་བའི་རྣམ་འགྱུར་ཞིག་ཚོར་བའི་གཏིང་ཟབ་ཏུ་ལྷུང་ཡོད་པ་རེད། དེ་བས་ངས་བོད་སྐད་ཡིག་སྒང་དུ་སྙན་ངག་པ་ག་ཚོད་མང་ན་དེ་བཞིན་དུ་བོད་ཀྱི་ཡུལ་གོམས་དང་འབྲེལ་བའི་ཚོར་བ་འབྲི་ཐུབ་ཀྱི་ཡོད་ལ། མི་རིགས་དེའི་ཡུལ་གོམས་ཀྱི་གནད་འགག་ནི་སྙན་ངག་པའི་ཚོར་བའི་ནང་ན་ཡོད་རེད་བསམ་ཀྱི་ཡོད། དེ་བས་བོད་ཀྱི་སྙན་ངག་པའི་བརྩམས་ཆོས་ལ་གདེང་འཇོག་ཆེན་པོ་བྱས་ཏེ་ཉར་ཚག་སྤེལ་གསུམ་བྱེད་རྒྱུ་ཧ་ཅང་གིས་གལ་ཆེན་རེད་བསམ་གྱི་ཡོད།

མཇུག་མཐར། སྤྱི་ཚོགས་མེ་ལོང་གི་རྩོམ་སྒྲིག་པ་རྣམ་པར་ང་ཚོའི་གསར་ཁང་གི་ལས་མི་ཡོངས་ཀྱི་ཚབ་བྱས་ཏེ་བཅར་འདྲའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབ་གཅིག ལྷ་ས་རྩོམ་རིག་མེ་ལོང་དྲ་ངོས་སུ་ཆབ་སྲིད་དང་མ་འདྲེས་པའི་བརྩམས་ཆོས་ག་རེ་ཡོད་ན་གཤམ་གྱི་ཡིག་ཟམ་སྐུར་བ་ཡིན་ན། ང་ཚོས་དེ་བཞིན་དྲ་འགོད་བྱེད་པར་ཞབས་ཞུ་སྒྲུབ་ངེས་ཡིན།
ཡིག་ཟམ། editor@lhasapost.com
སྐད་འཕྲིན། lhasamelong

གཞན་བོད་ཀྱི་སྙན་ངག་པ་བརྒྱ་ལྷག་གི་བརྩམས་ཆོས་བསྡུས་བཀོད་ཀྱི་དྲ་བྱང་འདི་ལ་སྣུན།

༢༠༡༥ཟླ་༨ཚེས་༡༣ཉིན།



བརྗོད་གཞིའི་རིགས་བཀར་བ།:


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -