ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.09.2015 10:54:28
དྲང་སྲོང་དཀར་པོ།

དབྱར་གྱི་དྲོ་སྐྱིད་དགུང་དུ་ཡལ་ཀྱང་སྟོན་ཀའི་མཛེས་ཆོས་ལྷག་པར་མངོན།།
ནམ་ཟླའི་ལྷག་རླུང་བསིལ་བུ་དང་འགྲོགས་སྡོང་ལོ་སེར་པོ་ས་ལ་བྲུལ།།
ཉི་འོད་མི་གསལ་ཆར་སྤྲིན་དག་གིས་ས་དང་གནམ་གཉིས་ཐུག་སྙམ་བགྱིད།།
ཁྱིམ་དུ་བསྡད་ཀྱང་ཕ་ཡུལ་དྲན་པས་ཡིད་སེམས་འཐིབས་ཏེ་མུག་པར་གྱུར།།

བསྟར་ལ་བསྒྲིགས་པའི་ཁྲུང་ཁྲུང་ཁྱུ་ཚོགས་སྙན་པར་སྒྲོ་བཞིན་ལྷོ་རུ་འཕུར།།
རི་ཆུས་བསྐོར་བའི་མཛེས་པའི་གྲོང་གསེབ་ཁུ་སིམ་ཕག་ཏུ་ཡིབ་ལ་ཁད།།
ཆུ་ཀླུང་ཆེན་མོ་དལ་གྱིས་འཆག་པ་ལྷིང་འཇགས་མཚན་མོའི་ཁ་དོག་འགྲན།།
ཉ་པ་རྒད་པོའི་འཛུམ་པའི་མདངས་ཀྱིས་རང་བྱུང་ཁམས་ལ་ཐེ་བོང་ཀེར།།

རྒྱང་རིང་རི་བོ་ཁུག་སྣའི་གསེབ་ཏུ་སྣུམ་ཚོན་རི་མོའི་ཉམས་དང་འདྲེས།།
ཁང་ཁྱིམ་ཕལ་ཆེར་བཀོད་པ་བརྗིད་ཀྱང་དབང་པོའི་ལམ་དུ་མངོན་པ་དཀའ།།
གནམ་མཐར་དཔྱང་པའི་ལམ་ཆེན་ངོགས་སུ་སྣ་ཚོགས་འགྲིམ་འགྲུལ་བརྗོད་ལས་འདས།།
གསར་དུ་བུས་པའི་ལྗང་བུ་རྣམས་ཀྱིས་མཁའ་དབུགས་རྒྱུ་བར་རམ་འདེགས་བྱེད།།

མིག་ཤེལ་གྱོན་པའི་ཁང་བརྩེགས་ཁྲོད་ནས་མི་ཚོགས་རླབས་ཀྱི་རི་མོ་ཡལ།།
གཤིས་ལུགས་བཅོས་མའི་དུས་རབས་འདི་ན་ཕན་ཚུན་ངོ་ཤེས་འགྲོག་པར་དཀའ།།
རྨི་ལམ་ཞིང་དུ་སྒྱུ་མས་སྤྲུལ་འདྲའི་འདི་སྣང་ཡོར་ལངས་གསར་པའི་ངོགས།།
ནུར་མཐར་ལྷུང་བའི་གངས་ཀྱི་འདབ་མས་མཚེའུ་འགྲམ་གྱི་སྦྲ་གུར་མཐོང༌།།

དྲང་སྲོང་དཀར་པོས། ཡུ་རོབ་བྷེལ་རྒྱམ་དུ་༢༠༡༤/༡༠/༢༦/ཉིན།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -