ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

18.08.2015 03:19:08
གངས་དཀར་སེམས།

འཁྲུག་ཆ་ཆེ་ཞིང་བླུན་རྨོངས་ནི་འགྲོ་བ་མིའི་རིགས་ཀྱི་མཐུན་མོང་གི་ནད་རྟགས་རེད།
དེ་རིང་(ང་ཚོས།)ཨཱིན་ཇིའི་མཚན་ཉིད་རིག་པའི་མཁས་དབང་ལཱོ་སུའུ་ཡི་རྩོམ་ལ་མཉམ་དུ་ལྟ། ལཱོ་སུའུ་ནི་དུས་རབས་སྔོན་མའི་ནུབ་ཕྱོགས་པའི་ཆེས་སྐད་གྲགས་དང་ཤུགས་རྐྱེན་སྤྲོད་མཁན་གྱི་མཁས་པ་དང་ཞི་བདེ་རིང་ལུགས་པའི་སྤྱི་ཚོགས་ལས་འགུལ་བ་ཆེད་མཁས་གྲལ་ཞིག་རེད།


རྩོམ་དངོས།
བླུན་རྨོངས་ཀྱི་ལྟ་བ་འགོག་ཐབས།
རྩོམ་པ་པོ་ལཱོ་སུའུ།

བླུན་རྨོངས་ཀྱི་ལྟ་བ་མང་པོ་འཆང་བ་ནི་འགྲོ་བ་མིའི་རིགས་ཀྱི་མཐུན་མོང་གི་ནད་རྟགས་ཤིག་རེད། ན་ཚ་དེ་གཡོལ་བར་ཚད་བརྒལ་གྱི་འཇོན་ནུས་དེ་འདྲ་མི་དགོས། གཤམ་ཏུ་རྩ་འཛིན་སྟབས་བདེ་འགའ་མཁོ་སྤྲོད་བྱེད། འདིས་ཁྱོད་ཀྱིས་ནོར་འཕྲུལ་གང་ཡང་ཤོར་མེད་ཅིང་འགན་སྲུང་མི་ཐུབ་ཀྱང་ཁྱོད་ཀྱིས་དགོད་བྲོ་བའི་ནོར་འཕྲུལ་འགའ་ལ་གཡོལ་ཐུབ། གལ་ཏེ་གནས་ཚུལ་ཞིག་ལ་ལྟ་ཞིབ་བྱས་པ་ཙམ་གྱིས་ཐག་ཆོད་ན་ཁྱེད་ཀྱིས་དངོས་སུ་ལྟ་ཞིབ་ཅིག་བྱ་དགོས། ཡཱ་ལི་ཧྲི་ཊོ་ཏིས་(Aristotle)ནོར་འཕྲུལ་གྱིས་བུད་མེད་ཀྱི་སོའི་གྲངས་ཀ་སྐྱེས་པ་ལས་ཉུང་བ་འདོད། ནོར་འཕྲུལ་འདིའི་རིགས་ཁོས་གཡོལ་ཐུབ་པ་ཞིག་དང་ཐབས་ཤེས་ཀྱང་སྟབས་བདེ་རེད། ཁོས་སོ་སོའི་བཟའ་ཟླས་ཁ་གདང་བཅུག་ནས་མོའི་སོའི་གྲངས་ཀ་བརྩིས་ན་དེ་གས་འགྲིག འོན་ཀྱང་ཁོས་དེ་འདྲ་མ་བྱེད་པ་རེད། དེའི་རྒྱུ་མཚན་ནི་ཁོས་སོ་སོའི་ཤེས་མདོག་བཏོན་པས་ཡིན། ང་མ་གཏོགས་ཤེས་མཁན་མེད་བསམ་ཡང་དོན་དངོས་ཁོས་ཤེས་ཀྱི་མེད། དེ་ནི་མི་ཚོས་རྒྱུན་དུ་ལས་སྟབས་བདེའི་སྒོ་ནས་ཤོར་བཞིན་པའི་ཚབ་ཆེན་གྱི་ནོར་འཕྲུལ་ཞིག་རེད།

ངས་ཀྱང་སྲོག་ཆགས་གཟེ་མོ་(Hedgehog)ནི་སྣུམ་ལྡན་གྱི་འབུ་ཟ་དགའ་བ་ཞིག་རེད་བསམ་མྱོང༌། དེའི་རྒྱུ་མཚན་ནི་ངས་དེ་འདྲ་ཞིག་མི་གཞན་གྱིས་བཤད་པར་གོ་མྱོང་བས་ཡིན། འོན་ཀྱང་ངས་སོ་སོའི་ལག་པ་འགུལ་ནས་གཟེ་མོའི་གཤིས་སྤྱོད་སྐོར་རྩོམ་ཡིག་ཅིག་འབྲི་དགོས་ན་ངས་དེ་འདྲ་གཏན་ཚིག་ཅིག་བཤད་མི་འོས་པ་ཡིན། དེ་བས་ངས་གཟེ་མོ་ཞིག་གིས་ཞིམ་པོ་དེ་ཙམ་མེད་པའི་ཟས་བྲོ་བ་ལྡན་པ་ཟ་བཞིན་པ་མ་མཐོང་བར་དེ་འདྲ་བཤད་མི་འོས། འོན་ཀྱང་ཡཱ་ལི་ཧྲི་ཊོ་ཏིས་དེ་ཙམ་གྱི་ནན་ཏན་ཅན་ཞིག་མ་རེད། གནའ་དུས་དང་དུས་དཀྱིལ་མའི་གནའ་བོའི་དུས་སུའི་རྩོམ་པ་པོས་རི་དྭགས་ཁཱི་རིན་(Kirin)དང་མེ་སྦྲུལ་སྐོར་གསོན་ཉམས་ལྡན་པའི་བཤད་པ་ཤ་སྟག་རེད། འོན་ཀྱང་ཁོ་ཚོའི་ནང་སུ་འདྲ་ཞིག་ཡིན་ཡང་སོ་སོས་དེ་འདྲ་མཐོང་མྱོང་མེད་ཚེ་ངེས་པར་དུ་བཙན་ཐག་བཅད་སྟངས་དེ་འདྲ་གཡོལ་ཐབས་དགོས་སྐོར་ཚོར་མྱོང་ཙམ་ཡང་མེད་པ་རེད།

གནས་ཚུལ་མང་པོར་ལས་སྟབས་བདེའི་སྒོ་ནས་ཉམས་མྱོང་གིས་ཐག་བཅད་ཐུབ་པ་ཞིག་མིན། གལ་ཏེ་ཁྱོད་ཀྱང་གཞན་མང་པོ་ལྟར་གནས་ཚུལ་འདིའི་རིགས་ལ་ཅུང་རྣོ་ངར་གྱི་ལྟ་ཕྱོགས་ཤིག་ཡོད་ཅིང༌། སོ་སོའི་ལོག་ལྟ་ངོས་འཛིན་ཐུབ་པའི་ཐབས་ཤེས་འགའ་ཡང་ཡོད། གལ་ཏེ་ཁྱོད་ཀྱིས་སོ་སོའི་བསམ་འཆར་དང་མི་མཐུན་པ་ཞིག་ཐོས་མ་ཐག་ཁོང་ཁྲོ་ལང་ན་དེས་ཞོར་དུ་ཁྱོད་ཀྱིས་ལྟ་བ་དེར་རྒྱུ་མཚན་མདང་ངེས་ཤིག་མེད་པ་ཚོར་ཐུབ། གལ་ཏེ་ག་གེ་མོས་མཐའ་གཅིག་ཏུ་གྲངས་ཀ་གཉིས་ཐོག་གཉིས་བསྡོམས་ན་ལྔ་རེད་ཅེས་དང༌། ཡང་ན་འཁྱགས་གླིང་དེ་སའི་གོ་ལའི་དབུས་ཐིག་ཐོག་ཡོད་ཅེས་བཤད་ཚེ། དེ་བས་ཁྱོད་ཀྱང་ཨང་རྩིས་དང་ས་ཁམས་ལ་དེ་འདྲ་ཤེས་མེད་ཅིག་ཡིན་ན་མ་གཏོགས། དེར་ཁྱོད་ཀྱིས་སྙིང་རྗེ་སྐྱེས་པ་ཙམ་ལས་ཁོང་ཁྲོ་ལང་གི་མེད། དེར་བརྟེན། ཁོས་ལྟ་བ་དེས་ཁྱོད་ཀྱི་ལྡོག་ཕྱོགས་ཀྱི་ཤེས་རྟོགས་དེ་ལ་གཡོ་འགུལ་ཐེབས་ཡོད།

ཆེས་རྣོ་ངར་གྱི་རྩོད་གླེང་དེ་ནི་ཕྱོགས་གཉིས་ཀས་འཐུས་ཚང་ངམ་མདང་ངེས་ཀྱི་དཔང་རྟགས་བཏོན་རྒྱུ་མེད་པའི་གནད་དོན་ཐོག་གི་རྩོད་གླེང་སྐོར་ཡིན། གཉའ་གནོན་ནི་ལྷའི་རིག་པའི་ཁྱབ་ཁོངས་ནས་བྱུང་བ་ལས་ཨང་རྩིས་རིག་པའི་ཁོངས་ནས་ཡོང་གི་མེད། གང་ཡིན་ཟེར་ན་ཨང་རྩིས་ཀྱི་གནས་དོན་ནི་ཤེས་བྱའི་གནས་དོན་ཡིན་པ་དང༌། ལྷའི་ཤེས་བྱའི་གནས་དོན་ནི་ལྟ་བའི་གནས་དོན་ལས་བྱུང་བས་ཡིན། དེར་བརྟེན། ག་དུས་ཡིན་ཡང་སོ་སོའི་བསམ་འཆར་དང་མི་མཐུན་བཤད་སྐབས་ཁོང་ཁྲོ་ལང་དུས་ཁྱོད་ཀྱིས་ངེས་པར་དུ་གཟབ་གཟབ་བྱེད་དགོས། གང་ཡིན་ཟེར་ན་དེར་རྟག་དཔྱད་བྱས་རྗེས་ཁྱོད་ཀྱིས་ཕལ་ཆེར་སོ་སོའི་ལྟ་བ་ལའང་མདང་ངེས་ཀྱི་དཔང་རྟགས་མེད་པ་མཐོང་ཐུབ།

བཙན་ཤེད་ཀྱི་ལྟ་བ་ག་གེ་མོར་གཡོལ་ཐབས་ཡག་ཤོས་ནི་ཁྱོད་དང་གཅིག་མཚུངས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་འདིར་གནས་པའི་ཁྱོད་དང་མི་འདྲ་བའི་མི་ཚོའི་ལྟ་བ་དང་ལངས་ཕྱོགས་སྣ་ཚོགས་དེ་དག་ཤེས་རྟོག་དགོས་པ་དེ་རེད། ངས་བསམ་པར་འདིས་ཁྱབ་ཆུང་པའི་ཅོལ་ཆུང་གི་ལོག་ལྟའི་རྣོ་ངར་གྱི་ཚད་གཞི་དེ་ཉམས་དམས་སུ་གཏོང་བར་ཕན་ཐོག་ངེས་ཅན་ཡོད་པ་རེད། གལ་ཏེ་ཁྱོད་རང་ཕྱིར་ཡུལ་སྐོར་སྤྲོ་འཆམ་འདྲ་འགྲོ་མ་ཐུབ་ནའང་ཁྱོད་དང་བསམ་ཚུལ་མི་མཐུན་པའི་མི་དང་མཉམ་དུ་འགྲོག་འབྲེལ་ཡོང་ཐབས་བྱེད་དགོས། ཡང་ན་ཁྱོད་ཀྱི་ཆབ་སྲིད་ལྟ་བ་དང་མི་མཚུངས་པའི་ཚགས་ཤོག་འདྲ་ཀློག་དགོས། གལ་ཏེ་གང་ཟག་དེ་ཚོའམ་ཚགས་ཤོག་དེ་དག་ཁྱོད་ཀྱིས་སྨྱོན་བའམ་འུར་བཤད། དེ་བས་སྐྱུག་བྲོ་བ་འདྲ་མཐོང་ན་དེ་ནས་ཁྱོད་ཀྱིས་གཞན་ནས་ཀྱང་ཁྱོད་རང་དེ་བཞིན་མཐོང་བཞིན་པ་དེ་བརྗེད་རྒྱུ་མེད། ཕྱོགས་གཉིས་ཀྱི་ལྟ་སྟངས་དེ་ཚང་མ་འགྲིག་སྲིད་པ་རེད། འོན་ཀྱང་དེ་ནི་ནོར་འཁྲུལ་ཡིན་མི་སྲིད། དེ་ལྟར་བསམ་བློ་བཏང་ན་གཞི་ནས་ནན་ཏན་ཏོག་ཙམ་ཡོང་ཐུབ།

མི་ལ་ལས་བསམ་བློ་གཏོང་མཁས་པ་རེད། འདི་ཚོར་མཚོན་ན་ཐབས་ཤེས་ཡག་ཤོས་དེ་ནི་སོ་སོ་ལྟ་བ་ཕྱོགས་ལྷུང་བ་གཞན་ཞིག་དང་རྩོད་གླེང་བྱེད་པར་ཆ་བཞག་དགོས། དེས་ས་གནས་རང་དང་ཁ་གཏད་ཕྱོགས་རྩོད་གླེང་ཐད་ཀར་ཤོར་བ་ལས་ལེགས་པའི་ཆ་རྐྱེན་ཞིག་ཡོད་པ་རེད། དེ་བས་ཐབས་ཤེས་དེ་ནི་དུས་ཚོད་དང་ས་ཁམས་ཀྱིས་ཚོད་བཀག་མེད།

འཕགས་པ་ཆེན་མོ་གྷན་ལྡི་ཡིས་ལྕགས་ལམ་དང་འཁོར་ལོ། འཁྲུལ་ཆས་བཅས་ལ་ཡིད་ཐང་ཆད་པའི་སྐོར་ཡང་བཤད་མྱོངས་པ་རེད། ཁོང་གིས་ཐོན་སྐྱེད་གསར་བརྗེ་ཡོངས་རྫོགས་ནི་མི་འོས་པ་ཞིག་རེད། ཅེས་འདོད། གཅིག་བྱས་ན་ཁྱོད་ཀྱིས་དུས་ནམ་ཡང་ལྟ་བ་འདི་འདྲ་འཛིན་མཁན་ཞིག་མཐོང་བའི་གོ་སྐབས་མེད། གང་ཡིན་ཟེར་ན། ནུབ་ཕྱོག་རྒྱལ་ཁབ་ཀྱི་མི་མང་ཆེར་དེང་རབས་ལག་ཤེས་ཀྱི་ལེགས་ཆ་སྣ་ཚོགས་ཡིན་ལུགས་ཚུལ་ལྡན་དུ་མཐོང་བཞིན་པས་ཡིན། འོན་ཀྱང་གལ་ཏེ་ཁྱོད་རང་གིས་ཏན་ཏན་དར་སྲོལ་ཅན་གྱི་ལྟ་བ་དེ་འདྲ་ལེགས་ཆར་མཐོང་འདོད་ཡོད་ཚེ། དེ་ནས་ཐབས་ཤེས་ཡག་ཤོས་ནི་འཕགས་པ་གྷན་ལྡིས་དེང་རབས་ལག་ཤེས་ཀྱི་ལེགས་ཆར་ངོ་རྒོལ་ཕྱིར་དཔང་རྟགས་བཏོན་འོས་པའམ་སྲིད་པ་དེ་ཚོར་བསམ་བློ་རེ་གཏོང་སྟེ་སོ་སོའི་བསམ་བློར་འཁོར་བའི་དཔང་རྟགས་ལ་རྟོག་དཔྱོད་ཅིག་བྱེད་དགོས། ང་རང་སོ་སོས་སྐབས་འགར་དཔྱད་བསྡུར་གྱི་ཕན་ཚུན་ཁ་བརྡ་ལྟ་བུར་བསམ་བློ་གཏོང་ནས་དེ་སྔོན་གྱི་བསམ་ཚུལ་དེ་ལ་འགྱུར་ལྡོག་བྱུང་བའམ་ཡོང་མྱོངས། དེའང་སོ་སོའི་དེ་སྔོན་གྱི་ལྟ་བ་འགྱུར་མེད་ལ་རྒྱུན་དུ་རྫུན་བཟོའི་ཁ་གཏད་ཀྱི་རྩོད་དགྲ་དེ་ལའང་རྒྱུ་མཚན་ཡོད་སྲིད་པར་བསམ་ནས་རང་རློམ་ཆེ་འཛིན་དེ་ཙམ་ཡོང་གི་མེད་པའི་དུས་ཀྱང་བྱུང་མྱོངས།

དམིགས་བསལ་དུ་སོ་སོའི་རང་ལྟ་མཆོག་འཛིན་ལ་བསྐུར་སྲིད་པའི་བསམ་འཆར་དེ་དག་ལ་ཡིད་གཟབ་བྱེད་དགོས། ཕོ་མོ་སུ་རུང་ཡང་སྐྱེས་པ་དང་བུད་མེད་གཞན་ལས་ལེགས་པའི་ཆ་ལ་ཡིད་ཆེས་སྲ་བརྟན་འཛིན་གྱི་ཡོད་པ་རེད། ཕྱོགས་གཉིས་ཀར་བརྩི་ཐབས་བྲལ་བའི་དཔང་རྟགས་ཀྱང་བཏོན་རྒྱུ་ཡོད། གལ་ཏེ་ཁྱོད་རང་ཕོ་ཞིག་ཡིན་ན་ཁྱོད་ཀྱིས་སྙན་ངག་པ་མང་ཆེར་དང་ཚན་རིག་མཁས་དབང་མང་ཆེར་སྐྱེས་པ་ཡིན་པ་དེ་བགྲང་ཆོག་ལ། གལ་ཏེ་བུད་མེད་ཅིག་ཡིན་ན་ཉེས་ཅན་པ་མང་ཆེར་སྐྱེས་པ་ཡིན་པའི་སྐོར་བགྲང་སྟེ་ཁ་གཏད་དུ་འགྲིང་ཆོག་གི་རེད། གནས་ཚུལ་དེ་ནི་རྩ་བ་ནས་ཐག་ཆོད་ཡོད་པ་མ་རེད། འོན་ཀྱང་སྒེར་གྱི་ལ་རྒྱ་དེས་མི་མང་ཆེར་གྱིས་གནས་སྟངས་དེ་མཐོང་མི་ཐུབ་པ་ཆག་གི་ཡོད།

ང་ཚོ་འཇིག་རྟེན་འདིའི་ཐོག་གི་རྒྱལ་ཁབ་གང་ཡིན་རུང་ང་ཚོས་ཐོག་མཐའ་བར་གསུམ་དུ་ངོ་ཚོའི་སོ་སོའི་མི་རིགས་ནི་མི་རིགས་གཞན་ལས་ལེགས་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་མི་རིགས་ཚང་མར་སོ་སོའི་དགེ་མཚན་དང་མི་མདང་བའི་ཕྱོགས་ཡོད་ན་ང་ཚོས་སོ་སོའི་རིན་ཐང་གི་དམིགས་ཚད་དེ་བརྗེ་བསྒྱུར་རེ་བྱས་ཏེ་སོ་སོའི་མི་རིགས་ཀྱི་དགེ་མཚན་དེ་དག་དངོས་བདེན་གལ་ཆེན་ཡིན་པར་གསལ་བཏོན་བྱེད་ཆོག དེ་མིན་སྐྱོན་ཆ་དེ་དག་ནི་དེ་ཙམ་གྱིས་གལ་ཆེ་མ་རེད། གནས་དོན་འདིའི་ཐོག་ནས་རྒྱུ་མཚན་ཤེས་པའི་གང་ཟག་ཅིག་ཡིན་ན་དེར་མངོན་གསལ་གྱིས་འགྲིག་བསྡད་པའི་ལན་འདེབས་ཤིག་མེད་པར་ངོས་འཛིན་བྱེད་ངེས་རེད།

ང་ཚོས་འགྲོ་བ་མིའི་རིགས་མིན་པའི་ཤེས་ལྡན་དང་གསལ་པོ་བགྲོ་གླེང་བྱེད་ཐབས་མེད་པའི་རྐྱེན་གྱིས་མི་ཞིག་ཡིན་པའི་ངོས་ནས་རང་ལྟ་ཆེ་རློམ་གྱི་གནད་དོན་འདི་ཐག་གཅོད་དགོས་ན་དེ་བས་དཀའ་ཚེགས་ཆེན་པོ་ཞིག་ཡིན། ང་ཚོས་རྒྱུན་དུ་སོ་སོར་མུ་མཐའ་བྲལ་བའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིའི་ནང་གི་ཟུར་ཆུང་ཆུང་ཞིག་ཏུ་གནས་པའི་སྐར་མའི་གོ་ལ་ཆུང་ཆུང་ཞིག་ཐོག་འཚོ་བཞིན་པའི་ཚེ་སྲོག་གི་ལོ་རྒྱུས་ཐོག འགྲོ་བ་མིའི་རིགས་ནི་དེའི་ནང་གི་དུམ་མཚམས་ཀྱི་རོ་དབྱངས་ལྟ་བུ་ཞིག་ཡིན། དེ་བས་འཇིག་རྟེན་འདིའི་ནང་གི་ས་ཁུལ་གཞན་དུ་ད་དུང་ཡང་སྲོག་ལྡན་གཞན་ཡོད་སྲིད་པ་རེད། ཁོ་ཚོ་ནི་ང་ཚོ་ལས་ལེགས་པའི་སྤུས་ཚད་དེ་ང་ཚོ་ནི་ཆུའི་ནང་གི་ཉ་རིགས་ཅཱེ་ལི་(Jellyfish)ལས་ལེགས་པ་ལས་ཚད་དམའ་བ་མ་ཡིན་ནོ།

འབྲེལ་ཐག འདིར་བསྣུན་ནས་གཟིགས་རོགས།

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -