ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
དད་པའི་ཡིད་ཀྱི་མིག་ཆུ།
14.07.2015 23:00:58

___སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཕུལ།

རིན་པོ་ཆེ།་་་་ཁྱེད་ནི་ང་ཚོའི་གངས་ཅན་ཁ་བའི་ལྗོངས་སུ་མ་རིག་གི་མུན་པ་སེལ་བའི་ཉིན་བྱེད་དེ། མུན་ནག་སྤྲིན་ཚོགས་ཀྱི་སྒྲིབ་པའི་མཐོ་སྒང་དུ།  གང་གིས་སྙིང་རྗེའི་འོད་སྣང་སྦྱིན་པའི་མ་ལུས་གངས་ཅན་གྱི་འགྲོ་བ་ལ་ཤེས་རིག་གི་སློབ་གྲྭ་འཛུག། ནང་ཆོས་ཀྱི་སྒྲོན་མེ་སྤར། དགེ་བསྒྲུབ་སྤང་བླངས། བཟང་པོའི་ཆོས་མཐུན་གྱི་བྱ་བཞག་སོགས་སྒོ་ཀུན་ནས་གདོང་དམར་སྐྱེ་འགྲོ་རྣམས་ལ་གདམས་པའི་བསླབ་བྱ་ནི་སྟོང་གསུམ་ནོར་གྱི་ཟླ་དང་བྲལ། ད་དུང་མི་རིགས་འདི་ལ་མ་འོང་གི་གཟིགས་རྒྱང་རིང་ཞིང༌། མི་རིགས་འདི་ཡི་དཀའ་སྡུག་ཡོད་ཚེ་ཁུར་དུ་བཞེས་ཤིང༌། འགྱུར་མེད་ཀྱི་ལྷག་བསམ་དང༌། གཡོ་མེད་ཀྱི་ལ་རྒྱལ་ནི་རི་རབ་བཞིན་དུ་བརྟན།


དྲང་བདེན་དང་འདྲ་མཉམ་གྱི་རང་དབང་བྲལ་ཞིང༌།

དབང་ཤུགས་དང་དྲག་མཚོན་ལ་བརྟེན་པའི་ལྟ་ངན་ཁྲིམས་འཛིན་གྱི་བདུད་རླུང་ཁྲོད་དུ།

ལས་འབྲས་དང་ནང་ཆོས་ལ་ཡིད་བརྟེན་ཏིལ་འབྲུ་ཙམ་ཡང་མེད་པའི་གུང་ཁྲན་གྱི་དཔོན་ངན་ཚོས།

མགོན་པོ་གང་ཉིད་ལ་ཉེས་མེད་བཙན་གྱི་ཞྭ་ནག་གཡོགས་ཏེ་བཙན་གནོན་དང་གདུབ་ཙུབ་འོག

གང་ཉིད་ཀྱི་སྐུ་ཚེ་སྨད་ནི་ང་ཚོའི་དོན་དུ་མུན་ནག་གི་བཙོན་ཁང་ན་འཚོ་ཞིང༌། མཐའ་མཇུག་གི་བཙོན་ཁང་ནས་ཞི་བ་གཤེགས་པའི་གང་ཉིད་ཀྱི་ངོ་ཚ་རྨད་དུ་བྱུང་བའི་རྣམ་ཐར་ལ།

དད་སེམས་ལུས་ལ་བ་སྤུ་གཡོ།།

སྐྱོ་སེམས་མིག་ནས་མཆི་མ་ལྷུང༌།།

བཀའ་དྲིན་ཡིད་ཀྱི་མེ་ལོང་ཤར།།

ལན་བརྒྱ་འདུད་དེ་མར་མེ་འཕུལ།།

ཐུགས་རྒྱུད་སྨོན་ལམ་འགྲུབ་པ་དང༌།།

འཁྲུལ་མེད་ཟླ་གཞོན་འཆར་བ་ཤོག །

འདི་ཕྱི་གང་ཉིད་རྗེས་བཟུང་སྟེ།།

སྐྱེ་རྒུ་རེ་ལྟོས་འགྲུབ་པ་ཤོག །

ཅེས་མགོན་པོ་གང་གི་བཀའ་དྲིན་སྙིང་ན་ཚོར་ཞིང་བཙོན་ཁང་ནས་ཞི་བ་གཤེགས་པའི་ངང་ཚུལ་ལ་གདུང་བ་དང་བཅས་དད་པའི་མིག་ཆུ་གཟུགས་སུ་བཀོད་པ།



བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་། | གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -