ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.07.2015 07:20:57
གངས་དཀར་སེམས།

སེམས་ཁམས་ཀྱིས་མི་ཞིག་གི་གནས་སྟངས་དེ་མཚོན་གྱི་ཡོད། སེམས་བཟང་པོ་ཡོད་པ་ཙམ་གྱིས་ཁྱོད་ཉིན་ལྟར་བག་སྤྲོ་པོ་ཞིག་ཡོང་ཐུབ། སེམས་ཁམས་ལེགས་པོ་ཡོད་ན་དེའི་ཚོད་ཀྱིས་རང་བཞིན་གྱིས་ལམ་འགྲོའང་ཡོང་གི་ཡོད་པ་རེད། བྱ་བ་གང་ཞིག་བྱེད་ཀྱང་ཧུར་བརྩོན་གྱི་སེམས་ཁམས་ཤིག་དགོས་པ་དེ་བརྗེད་མི་ཉེན། སེམས་ཁམས་ཡག་པོ་དེ་བརླག་སྐབས་གནས་སྟངས་ངན་པའི་སེམས་ལ་ལེགས་བཅོས་གཏོང་དགོས། སེམས་ཁམས་ཡག་པོ་ཞིག་ཡོད་ན་བྱ་བ་བྱེད་པ་ལའང་ཁ་ཕྱོགས་ཡོད་ལ། ཁ་ཕྱོགས་མ་བོར་ན་ཁྱོད་ཀྱིས་སོ་སོའང་བརླགས་མི་སྲིད།
སེམས་ཁམས་ལེགས་བཅོས་ཇི་ལྟར་གཏོང་དགོས་སམ།

༡། འདོད་རྔམ་ཆེན་པོ་བཅང་རྒྱུ་མེད། འདོད་རྔམ་ལ་ཕ་མཐའ་ཞིག་མེད་པ་རེད། འདོད་རྔམ་ཆེ་དྲག་ནས་འདོད་པ་མ་ཚིམ་ན་སེམས་ཁམས་འཁོས་སྙོམས་ཤིག་མི་ཡོང་བའི་ཁྱད་པར་ཆེན་པོ་འགྲོ་གི་ཡོད།

༢། གཞན་དང་འགྲན་བསྡུར་གྱི་བསམ་བློ་མ་ཆེ། གལ་ཏེ་དམིགས་ཡུལ་མེད་པར་གཞན་དང་འགྲན་བསྡུར་བྱེད་ན། གཏམ་དཔེའི་ནང་ཆོས་རང་གིས་མི་བྱེད། ཕྲེང་བ་མི་ལ་མི་གཡར། ཞེས་པ་ལྟར་གལ་ཏེ་ཁྱོད་ཀྱིས་ལས་ཀ་ཤོར་སོང་བའི་བཟོ་པ་དང་ཡོང་བབས་འགྲན་བསྡུར་དང་མངོན་མཐོན་མི་སྣ་དང་བྱས་རྗེས་འགྲན་བསྡུར་བྱེད་ན་སེམས་ཁམས་ཡག་ཏུ་འགྲོ་ཞིང་སུན་སྣང་རང་བཞིན་གྱིས་ཞི་ཐུབ་བམ།

༣། འདས་སོང་བརྗེད་ཐབས། འདས་སོང་གི་དོན་སེམས་ལ་ཉར་ནས་མ་སྡོད། འདས་ཟིན་པ་དེ་འདས་ཟིན་པ་རང་ལ་ངོས་ཟིན་ན་སུན་སྣང་ཉུང་དུ་འགྲོ་ཞིང་སེམས་ཁམས་ལྷོད་པོར་ཆགས་ཐུབ།

མི་སུ་འདྲ་ཞིག་ཡིན་ཡང་སོ་སོར་འཚོ་བའི་ལྟ་བ་རེ་ཡོད། ལ་ལའི་འཚོ་བ་བདེ་སྐྱིད་ལྡན་ཞིང་ལ་ལའི་འཚོ་བར་ཡིད་ཐང་ཆད་ནས་བསྡད་ཡོད། མདོར་ན་དེ་ནི་སེམས་ཁམས་ཀྱི་གནད་དོན་ཞིག་རེད། འཚོ་བའི་ནང་གློ་བུར་བའི་གནོད་འཚེ་དང་གྱོང་རྒུད་མང་པོ་ཡོང་སྲིད་ཅིང༌། གནས་སྟངས་དེས་ཁྱོད་གློ་བུར་དུ་ཅི་བྱ་གཏོར་བྲལ་དང་ཡང་ན་བྲེལ་འཚུབ། སྨྱོ་ལ་ཉེ་བ་ལྟ་བུའི་སེམས་ཁམས་ནང་ལྷུང་ཞིང༌། མཚམས་རེར་འགའ་རེས་གསོན་པ་ཙམ་ལའང་རེ་ཐག་ཆད་ནས་ལུས་ཡོད།

སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་འགྲན་རྩོད་ནི་ཇེ་ངར་ཡིན་ལ་མི་རྣམས་ལ་གནོན་ཤུགས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད་པ་མཐོང་ཐུབ། གལ་ཏེ་གནོན་ཤུགས་དེ་འདེགས་ཐུབ་པའི་ནུས་པ་དང་བྲལ་ཚེ་ཁྱོད་ལ་ཚད་གཞི་ལས་བརྒལ་བའི་སེམས་ཚོར་ཞིག་ཡོང་སྲིད་པ་དེས་བཟོས་པའི་བྱུང་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། གལ་ཏེ་མི་ཚོས་དུས་རིམ་གང་འཚམས་ཤིག་ནང་སོ་སོར་ཐར་ལམ་རེ་བཙལ་ཐུབ་ན་དེ་ནས་རིམ་གྱིས་སེམས་ཀྱི་གནོན་ཤུགས་དེ་དོར་ཏེ་སྔར་བས་མི་ཚེའི་འོད་སྟོང་འཕྲོ་བའི་ལམ་བུ་ཞིག་ཏུ་བགྲོད་ཐུབ།

སེམས་ཁམས་ལ་གནོད་སྐྱོན་ཉུང་དུ་གཏོང་བ།

༡། སོ་སོ་ལྷིང་འཇགས་སུ་གནས་ཐབས། བསམ་བློ་ལྷོད་ལ་བབས་ཏེ་དངོས་པོར་འདོད་རྔམ་ཉུང་རུ་གཏོང༌། ཉིན་ལྟར་ཐོག་མའི་དུས་ལྟར་འགོ་བརྩམས་པ་དེར་ལོ་ཆེ་ཆུང་གིས་ཚོད་འཛིན་མེད། གལ་ཏེ་ཁྱོད་ཀྱིས་དངོས་པོར་བཅང་པའི་འདོད་རྔམ་ཉུང་དུ་གཏོང་ཐུབ་ན། དུས་དེ་ནས་བཟུང་ཁྱོད་ལ་རྒྱལ་ཁར་ཕྱོགས་པའི་གོ་སྐབས་གཞན་མང་པོ་ཐོབ་སྲིད་པ་རེད།

༢། སོ་སོར་གཅེས་སྤྲས་ཐུབ་པར་དགོས།

སོ་སོར་གཅེས་སྤྲས་མང་ཙམ་བྱེད་ན་དེའི་ཚོད་ཀྱིས་ནུས་ཤུགས་གསོག་ཉར་གྱིས་གཞན་ཕན་གྱི་བྱ་བར་གཞོལ་ཐུབ། གལ་ཏེ་ཁྱོད་ལ་མདང་ངེས་ཀྱི་ནུས་པ་ལྡན་ན་དགོས་མཁོ་ཡོད་པའི་ཕ་རོལ་པོ་ལའང་མང་ཙམ་ཕན་རོགས་བྱ་ཐུབ་ཅིང་སོ་སོར་དེའི་ཚོད་ཀྱི་དགའ་སྤྲོ་ཡོང་ཐུབ། གཞན་ཕན་གྱི་བྱ་བཞག་ལ་གཞོལ་ཞིང་སོ་སོར་གཅེས་སྤྲས་ཐུབ་པ་དགོས་རྒྱུ་དེ་ནི་སེམས་ཀྱི་གནོན་ཤུགས་ཉུང་དུ་གཏོང་བའི་ཐབས་ལམ་ཞིག་ཡིན།

༣། སེམས་ལ་སུན་སྣང་སྐྱེ་བའི་དུས་སུ་ཁྱོད་ཀྱིས་ཆུ་ཁོལ་མ་ཕོར་གང་འཐུང་ལ། སེམས་ལྷོད་ལ་བབས་ཐུབ་པའི་རོལ་དབྱངས་རེ་ཉོན། མིག་གཉིས་བཙུམ་ནས་ལྷོད་ལྷོད་ཀྱིས་ཁྱོད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་དང་གནས་ཚུལ། མ་འོངས་པའི་གནས་སྟངས་གསར་པར་ལྷོད་ཀྱིས་བསམ་བློ་ཐོངས། དེ་ནི་སེམས་ལ་ངལ་གསོ་ཞིག་ཡིན་ལ། སེམས་ཁམས་ལྷོད་ལ་ཕབས་ཏེ་མདུན་སྐྱོད་ཀྱི་བསམ་བློ་གཏོང་སྟངས་ཤིག་ཀྱང་ཡིན།

༤། འགྲན་བསྡུར་དགོས་ན་སོ་སོ་དང་འགྲན་བསྡུར་མང་ཙམ་བྱོས། གཞན་ལ་ཕྲག་དོག་སྐྱེ་དགོས་དོན་མེད་ལ་གཞན་ལ་ཡིད་སྨོན་ཡང་ཤོར་དགོས་དོན་མེད། མི་མང་པོ་ཞིག་གཞན་ལ་ཡིད་སྨོན་ཤོར་ཤོར་ནས་སོ་སོ་དེའི་ལྟད་མོ་བ་ཞིག་ལ་བསྒྱུར་ན་དེའི་ཚོད་ཀྱིས་སོ་སོ་སྔར་བའི་གཏིང་རུམ་ཞིག་ཏུ་ལྷུང་སྲིད་པ་རེད། ཁྱོད་ཀྱིས་སོ་སོས་བྱ་བ་བྱེད་པ་ཙམ་གྱིས་ཁྱོད་ལ་ནུས་པ་ཡོད་ངེས་ལ་ཡིད་ཆས་བྱེད་དགོས། སོ་སོར་ཐོབ་པའི་ཡར་རྒྱས་ཐེངས་རེ་རེའི་ཆེད་དུ་དགའ་བ་སྒོམ་དགོས། བྱ་བ་བྱེད་པར་ཆེ་ཆུང་གི་དབྱེ་བ་མེད་ཅིང༌། རྙོག་འཛིང་ཚ་བའི་བྱ་བ་དེ་ལས་སྟབས་བདེའི་སྒོ་ནས་སྒྲུབ་རྒྱུ་དང༌། ལས་སྟབས་བདེའི་བྱ་བ་དེ་དག་ཞིབ་ཚགས་ཀྱིས་སྒྲུབ་པ། ནན་ཏན་དགོས་པའི་བྱ་བ་དེ་དག་ཡང་ནས་བསྐྱར་དུ་སྒྲུབ་སྟེ་བྱུང་འབྲས་ལེགས་ཤོས་སུ་ཡོང་ཐབས་དགོས།

༥། ལྟ་རྒྱ་མཐོང་རྒྱ་ཆེ་དགོས། དཔེ་དེབ་ལྟ་ཀློག་ནི་དོན་དངོས་ཐོག་སེམས་ལ་ཉིང་བཅུད་ཁ་གསབ་ཀྱི་གོ་རིམ་ཞིག་ཡིན། དེང་རབས་མི་ཚོས་རྣོ་ངར་ཆེ་བའི་འགྲན་རྩོད་དང་རྙོག་འཛིང་ཚ་བའི་མིའི་དབར་གྱི་འབྲེལ་བར་ཁ་ཕྱོགས་དགོས་སྟབས། སོ་སོ་ཁུར་ཡུག་འགའ་རེར་ཁ་སྐྱེངས་པོ་མི་ཡོང་བའི་ཆེད་དུ་དཔེ་དེབ་ལྟ་ཀློག་རྒྱ་ཆེན་པོ་བྱེད་དེ་སོ་སོའི་བསམ་བློར་ཁ་གསབ་རྒྱག་པ་དེ་ནི་གནོན་ཤུགས་ཡང་དུ་གཏོང་ཐབས་ཞིག་རེད། མཚམས་རེར་མིའི་སེམས་ཁམས་སྟོང་སང་ངེར་ཆགས་དུས་གཞི་ནས་བྲེལ་འཚུབ་ལང་གི་ཡོད་ན་དེའང་འགྲིག་པ་རེད། དེ་ནི་ཁྱོད་ཀྱིས་ཤེས་བྱ་ཤེས་རྟོགས་ཡོང་བའི་རེ་འདུན་དེས་ཁྱོད་རང་འབོད་འགུག་བྱེད་ཀྱི་ཡོད་པས་ང་ཚོ་འཚོ་ཞིང་བཞུགས་པའི་སྐབས་སུ་འདི་ལྟ་བུའི་ཤེས་རབ་ཅིག་དགོས་ཀྱི་ཡོད་པ་རེད།

༦། གནས་སྟངས་ཅི་འདྲ་ཡིན་ཡང་སོ་སོར་མཐོང་ཆུང་མ་བྱེད། གལ་ཏེ་འཛམ་གླིང་ཡོངས་ཀྱིས་ཁྱོད་ལ་ཡིད་ཆེས་མེད་པར་གྱུར་ནའང་ཁྱོད་ཀྱིས་སོ་སོར་མཐོང་ཆུང་བྱེད་མི་ཉེན། དེ་བས་སོ་སོར་ཡིད་ཆེས་བྱོས། གང་ཡིན་ཟེར་ན་ང་ནི་སྐད་ཆ་ཞིག་ལ་ཡིད་ཆེས་ཡོད། དེ་ནི་སོ་སོས་སོ་སོར་སྤྲོ་སྣང་བསྐྱེད་པ་ནས་བཟུང་གཞན་མི་མང་པོས་ཀྱང་ཁྱོད་ལ་དགའ་སྲིད་པ་རེད། གལ་ཏེ་སོ་སོ་མི་སྣ་གང་ཞིག་བྱ་འདོད་ཚེ་དེའི་ཐོག་བསམ་བློ་གཏོང་ནས་ཧུར་བརྩོན་ཆེན་པོས་དེ་མངོན་འགྱུར་བྱེད་ན་དེ་འགྲུབ་སྲིད་པ་རེད། དེའང་མང་པོས་དེ་དག་མངོན་འགྱུར་མི་ཡོང་བའི་རྒྱུ་མཚན་ནི་ཁོ་ཚོར་རྒྱུན་མཐུད་ཀྱི་ནུས་སྟོབས་མེད་པས་རེད་འདུག

༧། སེམས་ཁམས་ལེགས་བཅོས་ཡོང་ཐབས་ལ་བསམ་བློ་བཟང་ཕྱོགས་ནས་གཏོང་གང་ཐུབ་བྱེད་དགོས། མི་མང་པོར་གནད་དོན་འཕྲད་སྐབས་བྲེལ་ཤ་ལངས་ཏེ་སླ་ང་ཚ་པོའི་ནང་གི་འབུ་གྲོ་མ་ནང་བཞིན་ཆགས་ཀྱི་ཡོད། ཐོག་མའི་དུས་ནས་ཐག་གཅོད་ལེགས་པོར་ཡོང་ཐུབ་པའི་བྱ་བ་ཞིག་ཁྱོད་ཀྱི་སེམས་ཁམས་ཀྱིས་རྐྱེན་པས་དམ་འཛིན་ཡག་པོ་མ་བྱུང་བས་ལས་སྟབས་བདེ་ཞིག་རྙོག་འཛིང་ཆེ་རུ་སོང་ཞིང༌། རྙོང་འཛིང་ཆེ་བའི་གནས་ཚུལ་དེའང་དཀའ་ལས་ཁག་ཏུ་སོང་བ་རེད། དོན་དངོས་ཐོག་ཁྱོད་ཀྱིས་གནས་ཚུལ་གྱི་གནད་འགག་ངོས་ཡག་པོར་ཟིན་ཞིང་ཞིབ་ཕྲའི་གནས་ཚུལ་ཚད་ལྡན་བྱེད་ན་གནད་དོན་ཐག་ཆོད་ཐུབ་པ་ཞིག་ཡིན། ཛ་དྲག་གི་གནས་ཚུལ་འབྱུང་སྐབས་སེམས་ལྷོད་ལ་ཕབས་རྗེས་དེ་ལེགས་སྒྲུབ་ཡོང་ཐབས་དང་བསམ་བློ་བཟང་ས་ནས་གཏོང་ན་དེའི་ཚོད་ཀྱིས་སེམས་ཀྱང་གུ་ཡངས་སུ་འགྲོ་ལ། གནས་ཚུལ་སྡུག་ཆགས་ཀྱི་ཕྱོགས་སུ་བསམ་བློ་ཇི་ཙམ་གཏོང་ན་དེའི་ཚོད་ཀྱིས་སེམས་ཁམས་ཀྱང་གུ་དོག་པོར་འགྲོ་གི་ཡོད།

༨། ཉེ་འཁོར་གྱི་མི་རྣམས་ལ་མཐོང་སྤྲོད། ཉེ་འཁོར་གྱི་མི་རྣམས་ལ་གང་ཐུབ་ཀྱིས་སྐད་ཆའི་ཐོག་ནས་དམའ་འབེབས་བྱེད་མིཉེན། གལ་ཏེ་ཁྱོད་ཀྱིས་ཆེས་མི་དགའ་སའི་མི་དེ་དག་དང་འཕྲད་ཀྱང་ཁྱོད་ཀྱིས་ཐབས་དང་རྒྱུ་མཚན་ལེགས་པོ་ཞིག་གིས་དེ་གཡོལ་ཐབས་བྱ་བའམ། རྒྱུ་མཚན་ཞིག་འཚོལ་ཏེ་དེ་དང་ཁ་བྲལ་ཐབས་བྱ་བ་ལས་དེའི་སེམས་ཁམས་ལ་གནོད་སྐྱོན་བཟོ་མི་འོས། དེ་འདྲ་བྱུང་ན་སོ་སོའི་སེམས་ཁམས་སྡུག་ཏུ་འགྲོ་མི་དགོས་ཤིང༌། འབྲེལ་བའི་ཁོར་ཡུག་དེའང་སྡུག་ཏུ་གཏོང་མི་དགོས། དེ་བས་སོ་སོའི་ཉེ་འཁོར་གྱི་མི་ཚོར་མཐོང་སྤྲོད་ཤེས་པ་ཞིག་དགོས།

༩། ཚེ་སྲོག་ལ་གཅེས་སྤྲས་བྱོས། ཚེ་སྲོག་ལ་ཉིང་བཅུད་གསར་པ་རྔུབ་ཐབས་དགོས། དེའང་ཉིན་རེར་བློ་བསྐྱེད་གསར་པ་རེ་ཡོང་ཐབས་ཀྱིས་བསམ་བློ་བསྐོར་ཕྱོགས་ལ་འགྱུར་བ་རེ་གཏོང་ཐབས་དང༌། གང་ཐུབ་ཅི་ནུས་ཀྱིས་དངོས་པོ་གསར་པས་ཁྱོད་ཀྱིས་འཇིག་རྟེན་འདིར་ཡ་མཚན་དང་དོ་སྣང༌། གསང་བ་ལྐོག་འགྱུར་གྱི་འདུན་པ་དེ་ལ་ཁ་སྐོང་བྱེད་དགོས།

༡༠། དྲང་པོ་དང་བརྩེ་བ། ལ་རྒྱ་ལྡན་པའི་སྒོ་ནས་ཁྱོད་ཀྱི་འཚོ་བར་ཁ་ཕྱོགས་ན་ཚེ་སྲོག་ལ་མཛེས་སྡུག་ལྡན་པ་ཞིག་ཡོང་ཐུབ།

ཉིན་ལྟར་དགའ་སྤྲོའི་སེམས་ཁམས་ཤིག་རྒྱུན་མཐུད་ཡོང་ཐབས་དགོས། གལ་ཏེ་སུན་སྣང་སྐྱེ་བའི་རྙོང་དྲ་འདྲ་བྱུང་ན་སོ་སོར་སྤྲོ་སྣང་ཡོང་ཐབས་སུ་འབད་བརྩོན་དགོས། སོ་སོའི་ལ་རྒྱ་དང་སྤོབས་པ་མ་ཉམས་པ་ཞིག་ཡོང་ཐབས་དགོས་པར་བརྟེན། སོ་སོའི་སེམས་ཁམས་ལེགས་པོ་ཞིག་རྒྱུན་མཐུད་དགོས་ན་ཐབས་ཤེས་ཁོ་ན་ཞིག་ཡོད་པ་དེ་ནི་དྲིན་དྲན་པའི་སེམས་ཁམས་ཤིག་གིས་འཇིག་རྟེན་འདི་ལ་ཁ་ཕྱོགས་དགོས། སེམས་གཏིང་ནས་འཇིག་རྟེན་ལ་ལྟ་ཞིང་ཐོབ་ཤོར་ལ་བཙིགས་འཛིན་མེད་པ། སོ་སོའི་ཉེ་འཁོར་གྱི་མི་རྣམས་དང་གནས་ཚུལ་ཐོག་ནས་སེམས་འགུལ་ཐེབས་ཐུབ་པའི་གནས་ཚུལ་དེ་དག་མཐོང་ཐབས་བྱེད་དགོས།

སེམས་ཁམས་ལེགས་ཉེས་དེའང་རྒྱུན་གཏན་འཚོ་བའི་ནང་དུས་ཐོག་ལེགས་བཅོས་དང་ཉམས་ལེན་གྱིས་རྒྱུན་སྲོལ་ཆགས་པ་ཞིག་ཡིན། འགྲོ་བ་མིའི་རིགས་འཇིག་རྟེན་འདིའི་ཐོག་འཚོ་དགོས་ན་གནས་ཚུལ་ཡོངས་ལ་རྒྱང་རིང་ས་ནས་ལྟ་ཐུབ་པ་དགོས་ལ། སེམས་ཁམས་གུ་ཡངས་ཀྱི་སྒོ་ནས་གནས་ཚུལ་ཅི་ཞིག་འབྱུང་ཡང་སོ་སོར་ཕན་ཐོག་ཡོད་པ་ཞིག་དང༌། ཐབས་ཤེས་ནི་དཀའ་ངལ་ལས་མང་བར་ཡིད་ཆེས་དགོས། དེ་འདྲ་བྱེད་ན་འགུལ་སྤྱོད་མེད་པའི་ཆུ་དང་གཡོ་འགུལ་མི་ཐུབ་པའི་རི་བོ་ལྟ་བུའི་གནད་དོན་ཞིག་མེད་ལ། ཕྱིར་དོན་མི་ཐུབ་པའི་ཕུག་པ་ཞིག་དང་བསགས་མི་ཐུབ་པའི་ལས་དབང་ཞིག་མེད་པ་རེད།

མི་ཟེར་བ་འདི་དགའ་སྤྲོའི་ངང་ནས་འཚོ་ཤེས་ན་དེའི་ཚོད་ཀྱི་སེམས་ཁམས་བཟང་པོ་ཞིག་ཡོང་ཐུབ། ཤེས་རབ་ཅན་ཞིག་གིས་གལ་ཏེ་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་སུ་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི་དེ་ལ་མི་དགའ་བྱེད་ཅི་ཕན། ཞེས་པ་ལྟར་སོ་སོ་ལེགས་བཅོས་གཏོང་བསམ་ན་སོ་སོའི་སེམས་ཁམས་ལ་ལེགས་བཅོས་གཏོང་རྒྱུ་དེའོ།

འབྲེལ་ཐག


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -