ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
ཁྱོད་དང་ང་ཚོའི་མིག་ཆུ་འདྲེས་ཡོད།
20.05.2015 00:33:46

ཁྱོད་དང་ང་ཚོའི་མིག་ཆུ་འདྲེས་ཡོད། བལ་ཡུལ་བ་སེམས་པ་མ་སྐྱོ།
ང་ཚོ་ཁྱོད་དང་གནས་སའི་གོ་ལ་གཅིག་ལ། འཚོ་སའི་ཁྱིམ་གཞི་གཅིག །  བདེ་སྡུག་གི་མྱོང་ཚོར་ཀྱང་གཅིག །སྐྱིད་ན་ངག་གི་དབྱངས་གཅིག་ལ། སྡུག་ན་མིག་གི་མཆི་མ་གཅིག ། རང་བྱུང་གི་གོད་ཁ་ཕོག་པའི་སྤུན་ཟླ་ཚོ། གནམ་སྔོན་པོ་འདི་ཡི་འོག་ཏུ་གདོད་མ་ནས་འཚོ་གནས་བྱེད་པའི་རིགས་རུས་དང་ཤ་མདོག་གཅིག་ཡིན་མིན་ལ་མ་ལྟོས་པ་རྒྱལ་ཁབ་དང༌། མི་དམངས།  གཞུང་དང༌། ཚོགས་པ། སྒེར་པ་དང༌། ཆོས་པ། དད་སྟོབས་ཅན་དང༌། འབྱོར་ལྡན་ཅན། ད་དུང་ལྷག་བསམ་ཅན།མདོར་ན། ཡོད་ཚད་ནས་ཡོད་ཚད་དང༌།
ཐམ་ཅད་ནས་ཐམ་ཅད་ཀྱིས། སེམས་མེད་བེམ་པོའི་རང་བྱུང་གི་ཐོག་ཏུ་བབ་པའི་རྐྱེན་ངན་འོག་དམྱལ་བ་མི་ཡུལ་དུ་འཕོས་འདྲའི་ཚེ་སྲོག་གྲངས་མེད་དུ་བཅོམ་ཞིང་མ་བུ་ཁ་བྲལ་དུ་གཏོང་ནས་ཡུལ་ལུང་ངུ་འབོད་ཀྱི་ཁེངས་པའི་དུས་སྐབས་ན། ཟློག་ཐབས་དཀའ་བའི་རྐྱེན་ངན་ལ་ང་ཚོས་སྡུག་གི་ཁུར་པོ་མཉམ་ཁུར་དང་སྐྱོ་བའི་མིག་ཆུ་མཉམ་གཏོང་བྱས་ཡོད་ལ། ད་དུང་ཤི་པོ་ལ་བསྔོ་སྨོན་དང༌། གསོན་པོ་ལ་སེམས་གསོ།  རྨས་མ་ལ་གོ་ལའི་ཁྱིམ་རྒྱུད་གཅིག་པའི་ཤུལ་ལུས་ཀྱི་སྤུན་ཟླ་ཚོས་ཚེ་སྲོག་གི་ཟུངས་ཁྲག་སྟོན་ནས་ཁྱོད་ཀྱི་རྨ་ཁ་ཡི་ན་ཟུག་བཅག་ཡོད་ལ་དཀའ་ཚིགས་ཀྱིས་འབད་སྒྲུབ་བྱེད་པའི་རྒྱུ་དངོས་ཀྱི་འགྲོ་མགྲོན་གཏོང་ནས་གསོན་པོ་ལ་སྡོད་ཁང་དང་ཟས་གོས་ཀྱི་མཐུན་རྐྱེན་བསྐྲུན་སོང༌།  ཨེ་མ་་་་་འགྲོ་བ་ཡི་སེམས་ཅན་ལགས།

ཟླུམ་པོའི་དབྱིབས་གཟུགས་ཀྱི་གོ་ལ་འདིའི་ནང༌། སེམས་ཅན་རང་རང་གི་ཁམས་དང་མོས་པ་མི་འདྲ་ཞིང་ལང་ཕྱོགས་དང་ལྟ་གྲུབ་མི་མཐུན་ཡང༌། ལུས་སེམས་འབྱུང་བཞི་ལ་བསྟེན་པའི་བདེ་བ་འདོད་ཞིང་སྡུག་བསྔལ་མི་འདོད་པ་ནི་སྲོག་ལྡན་སྐྱེ་འགྲོ་ཀུན་ལ་གཅིག་པས། དེའི་ཕྱིར་བདེ་བ་སྒྲུབ་ཅིང་སྡུག་བསྔལ་འགོག་དགོས་པ་མཐོང་ནས་བདེ་བའི་རྒྱུ་ལ་མི་བརྩོན་པ་ཅི་ཡིན་ནམ།  ངོ་མ་་་་སྡུག་མ་ཡོང་བར་སྐྱབས་མི་དྲན། སྐྱོ་མ་ཡོང་བར་མིག་ཆུ་མི་དོན་པ་ཅི་ཡིན་ནམ།   ཀྱེ་་་མྱི་བུ་དག་རང་བྱུང་འཁོར་ཡུག་ནི་ང་ཚོའི་ཁྱིམ་གཞི་ཡིན་པས། རི་ལ་རྨ་ཁ་མ་འབྱེད།

དྭངས་གཙང་གི་ཆུ་བོ་ནི་མེས་པོའི་འཚོ་རྟེན་ཡིན་པས།  བེད་མེད་མ་གཏོང༌།
མཐོ་སྒང་གི་རྩི་ཤིང་ནི་རི་ལུང་གི་མཛེས་རྒྱན་ཡིན་པས།  གང་བྱུང་གི་གཅོད་བྲེག་མ་བྱེད།
ས་འོག་གི་གཏེར་ཁ་ནི་ས་བཅུད་ཀྱི་སྙིང་པོ་ཡིན་པས།   དོན་མེད་ཀྱི་བརྔོག་སྟོན་མ་བྱེད།
ཅེས་མི་ཡུལ་ས་མཐའ་ནས་གདུང་བ་དང་བཅས།

གངས་རིན་ཆེན་གྱིས།



བརྗོད་གཞིའི་རིགས་བཀར་བ།: རྡོག་རྩ་ཆིག་སྒྲིལ | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -