ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.04.2015 22:19:54
གངས་དཀར་སེམས།

༼བུད་མེད་ཅིག་ལ་ཁྱོ་བོ་ཇི་ཙམ་ཡོད་ཆོག་གམ།༽
ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་ཟེར་བ་དེ་གནའ་རྒྱུན་ནང་གི་བུད་མེད་རྒྱལ་ཁབ་ཅེས་པ་དེ་ཡིན་ནམ། འདིའི་སྐོར་ལོ་རྒྱུས་ཀྱི་རྒྱུ་ཆའི་ནང་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་ཅེས་པའི་ཁྱད་ཆོས་གཙོ་ཆེ་ཤོས་ནི་བུད་མེད་ལ་མཐོང་ཆེན་དང༌། སྐྱེས་པ་ལ་མཐོང་ཆུང་བྱེད་པ་དེ་རེད། རྒྱལ་ཁབ་དེའི་རྒྱལ་པོ་དང་དཔོན་བློན་ཡོངས་རྫོགས་བུད་མེད་ཡིན། སྐྱེས་པ་ཚོ་ཕོ་བྲང་དུ་དཔོན་གནས་བཟུང་མི་ཆོག་པར་ཕྱི་ལོག་ཏུ་དཀྱུས་དམག་བྱེད་དེ་བསྡད་དགོས།

ཕོ་བྲང་དུ་རྒྱལ་མོའི་བཀའ་རྒྱ་དེ་བུད་མེད་དཔོན་བློན་ཚོ་བརྒྱུད་ཕྱི་ལ་ཁྱབ་བསྒྲགས་བྱེད་དགོས། ཤར་ཕྱོགས་བུད་མེད་རྒྱལ་ཁབ་ཏུ་རྒྱལ་མོ་དང་རྒྱལ་མོ་གཞོན་པ་གཉིས་ཡོད་ལ།རིགས་རྒྱུད་ནང་ཁུལ་གྱི་བུད་མེད་འཇོན་ཐང་ཅན་གྱིས་གོ་དབང་དེ་གཉིས་བཟུང་དགོས། རྒྱལ་མོ་འདས་གྲོངས་སུ་གྱུར་ཚེ་རྒྱལ་མོ་གཞོན་པས་གོ་གནས་ཟིན་དགོས། སྤྱི་བཏང་ཕལ་པའི་ཁྱིམ་ཚང་ཡིན་ཡང་བུད་མེད་གཙོ་བོ་བྱེད་ཅིང་ཁྱོ་ཤུག་གི་འབྲེལ་བ་ཟེར་བ་དེ་འདྲ་མེད་པ་རེད། ཁྱིམ་ཚང་དུ་ཨ་མར་གོང་བཀུར་གཙོ་བོ་བྱེད་ཅིང་ཁྱིམ་ཚང་གི་དཔལ་འབྱོར་དང་རྒྱུ་ནོར་བདག་འཛིན་གྱི་དབང་ཆ་གཙོ་བོ་འཛིན།ཨ་མས་ཁྱིམ་གྱི་ལས་དོན་ཡོངས་རྫོགས་ལ་བཀོད་ཇུས་ཆོག་པའི་དབང་ཚད་ལྡན་ཡོད།

དེས་ན་ཤར་བུད་མེད་ཀྱི་རྒྱལ་ཁབ་ཅེས་པ་དེ་གནའ་རྒྱུན་དུ་གྲགས་པའི་བུད་མེད་རྒྱལ་ཁབ་ཅེས་པ་དེ་ཡིན་ནམ་ཟེར་ན། ཐཱང་རྒྱལ་རབས་རྙིང་མའི་དེབ་ཐེར་ཞེས་པའི་ནང་གི་ལེའུ་༡༩༧ པའི་ལྷོིའི་ཀླ་ཀློ་དང་ནུབ་ལྷོའི་ཀླ་ཀློའི་ལོ་རྒྱུས། ཅེས་པའི་ནང༌། ཤར་བུད་མེད་རྒྱལ་ཁབ། ནུབ་ཆཱང་གི་མིང་གཞན་ཏེ་ནུབ་རྒྱ་མཚོའི་དབུས་སུ་སླར་ཡང་བུད་མེད་རྒྱལ་ཁབ་བྱུང་བར་བརྟེན། ཤར་བུད་མེད་ཅེས་འབོད་ཅིང་སྤྱིར་ན་དེར་བུད་མེད་ཀྱི་རྒྱལ་པོ་བྱེད། ཅེས་འཁོད།

ཤར་དང་མཱོ་ཀྲོའུ། མི་ཉག་བརྒྱུད། ཤར་ལྷོ་དང་ཡཱ་ཀྲོའུ་འབྲེལ་མཐུད་ཡོད། ས་མཚམས་སུ་ལཱོ་བུད་མེད་ཀླ་ཀློ་དང་པཱེ་ལང་དབྱི་དང་འབྲེལ། དེའི་ས་ཁྱོན་ནི་ཤར་ནུབ་དབར་ཉིན་དགུའི་ལམ་དང༌། ལྷོ་བྱང་དབར་གྱི་ས་མཚམས་ལ་ཉིན་༢༢ མཚམས་སུ་ཡོད། བསྡོམས་གྲོང་ཁྱེར་ཆེ་ཆུང་༨༠ ལྷག་ཡོད། ཅེས་དང༌། རཱིན་ཞིང་ཅན་༼任新建༽གྱིས་འགྲེལ་བརྗོད་ལྟར་ན། ཐཱང་ཡིག་རྙིང་མའི་ནང་ཤར་བུད་མེད་རྒྱལ་ཁབ་ཀྱི་ལྷོ་བྱང་དབར་གྱི་རིང་ཚད་ནི་ཉིན་༢༢ ཀྱི་འགྲོ་ལམ་ཡིན་ལ། ཤར་ནུབ་དབར་ཉིན་ ༩ ཡི་ལམ་ཁ་ཡིན། གལ་ཏེ་སྔ་སྲོལ་བཞིན་ཉིན་ལམ་གཅིག་ལ་སྤྱི་ལེ་༤༠ མཚམས་རྟ་བཞོན་པའམ་གོམ་བགྲོད་སྤྱི་ལེ་ ༢༠ མཚམས་སུ་སྤྱོད་པའི་དབང་དུ་བཏང་ན། ཤར་བུད་མེད་རྒྱལ་ཁབ་ལ་ནུབ་བྱང་དབར་སྤྱི་ལེ་ ༤༠༠ དང༌། ཤར་ནུབ་དབར་སྤྱི་ལེ་ ༡༨༠ ནས་ ༣༦༠ དབར་ཡིན་དགོས། རྒྱལ་མོས་རས་རྐྱང་གོས་ཀྱི་གོང་བ་སྤུ་ཡིས་རྒྱན་པའི་དར་གོས་ཆེན་གྱི་གྱོན་གོས་གྱོན་པ་དང༌། གོས་ཀྱི་གཤམ་མཐའ་ས་ལ་དྲུད་པ་ཞིག་ལ་གསེར་གྱི་མེ་ཏོག་མཐའ་རྒྱན་གྱིས་སྦྱར་ཡོད།

ལོ་རྒྱུས་ཀྱི་ཟིན་ཐོའི་ནང་ཤར་བུད་མེད་རྒྱལ་ཁབ་ཀྱི་ཁང་པ་ནི་མཁར་རྫོང་ཡིན་ཞིང༌། རྒྱལ་མོ་ནི་མཁར་རྫོང་དེའི་ཐོག་རྩེགས་དགུ་ཐོག་སྒང་བསྡད་ཀྱི་ཡོད། སྤྱི་བཏང་གི་འབངས་མི་སེར་རྣམས་ཐོག་རྩེགས་བཞིའམ་ལྔ་ཐོག་བསྡད་ཀྱི་ཡོད།

ལོ་རྒྱུས་ཐོག་གི་ཤར་བུད་མེད་རྒྱལ་ཁབ་དེ་རྗེས་རྩ་ཡལ་དུ་སོང་བ་ཡིན་ནམ།

གནའ་བོའི་ཐཱང་ཡིག་རྙིང་མའི་ནང་ཤར་བུད་མེད་རྒྱལ་ཁབ་སྐོར་ནི་ཧ་ཅང་ཞིབ་ཚགས་ལྡན་པ་བཀོད་ཡོད། འོན་ཀྱང་ཐཱང་རྒྱལ་རབས་ཀྱི་སྐབས་མཚམས་སུ་ལོ་རྒྱུས་ནང་ཤར་བུད་མེད་རྒྱལ་ཁབ་སྐོར་འབྲི་བཀོད་ནི་ཧ་ལམ་མེད་པ་རེད། དེས་ན་ཤར་བུད་མེད་རྒྱལ་ཁབ་སྐོར་གྱི་ལོ་རྒྱུས་དེ་ནི་འཇའ་མཚོན་ལྟར་ཡལ་སོང་བ་ཡིན་ནམ།

རཱིན་ཞིང་ཅན་གྱིས་བཤད་པ་ལྟར་ན། རྒྱལ་པོ་ཐཱང་ཞོན་ཙོང་སྐབས་སུ་ཐཱང་རྒྱལ་རབས་དང་བོད་དབར་འབྲེལ་ལམ་ཅུང་ལེགས་པོ་ཡོད་ཅིང༌། བོད་ཡར་ལུང་གཙང་པོའི་ཤར་བརྒྱུད་དེ་རྒྱལ་རོང་གི་རྒྱལ་མོ་རྔུལ་ཆུའི་ཕྱོགས་སུ་རྒྱ་ཁྱབ་སོང༌། འོན་ཀྱང་ཐཱང་རྒྱལ་རབས་དཀྱིལ་མའི་སྐབས་སུ་ཐཱང་རྒྱལ་རབས་དང་བོད་དབར་གྱི་འབྲེལ་ལམ་ལ་ཉེན་ཁ་བྱུང་བ་མ་ཟད། དེ་གཉིས་དབར་ལོ་བརྒྱ་ལྷག་གཡུལ་འཐབ་ཀྱིས་མཇུག་ཏུ་ཐཱང་རྒྱལ་རབས་ནས་རིམ་བཞིན་བོད་ཀྱི་དབང་སྒྱུར་ས་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་རྒྱ་ནག་ནང་སར་འཛིན་བཟུང་བྱས། སྐབས་དེར་ཐཱང་རྒྱལ་རབས་ཀྱིས་གྲངས་ཉུང་མི་རིགས་ཁག་བརྒྱད་ཀྱི་རུ་སྡེ་རྣམས་མཱིན་ཧྲན་རི་བོའི་ཕྱོགས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་གཙང་འགྲམ་དུ་གནས་སྤོས་ཀྱིས་གཏན་བསྡད་བྱེད་བཅུག རུ་སྡེ་བརྒྱད་ཀྱི་ནང་དུ་ཤར་བུད་མེད་རྒྱལ་ཁབ་ཀྱི་རྒྱལ་མོས་འགོ་འཁྲིད་པའི་རུ་སྡེ་དེའང་ཡོད་པ་རེད། ཅེས་བཤད་ཡོད། ༼མཆན། རཱིན་ཞིང་ཅན་གྱིས་བཤད་པ་འདིར་གཞིགས་ན། བུད་མེད་རྒྱལ་ཁབ་འདིའི་རྒྱལ་མོ་བོད་ཁམས་རྒྱལ་རོང་ཁུལ་ནས་རེད་འདུག་གོ ༽

སྐབས་དེར་ཤར་བུད་མེད་རྒྱལ་ཁབ་ཀྱི་རྒྱལ་མོ་འདི་ཐཱང་རྒྱལ་རབས་སུ་མཇལ་འཕྲད་བྱེད་སྐབས། ཐཱང་རྒྱལ་ནས་རྒྱལ་མོ་འདིར་དབོན་མོ་ཆེན་མོའི་མཚན་གནས་གནང༌། མཚན་སྙན་དེ་ནི་དོན་དམ་དབང་ཆ་བེད་སྤྱོད་ཆོག་པ་ཞིག་མིན་ཡང་གོ་ས་ནི་ཧ་ཅང་མཐོན་པོའི་གྲལ་ཏེ་ད་ལྟའི་ཆར་གྱི་ཞིང་ཆེན་རིམ་པའི་དཔོན་པོའི་གོ་གནས་ཡིན། དེ་རྗེས་ཐཱང་རྒྱལ་རབས་མཇུག་ཏུ་བོད་ཀྱི་དབང་ཤུགས་ཇེ་ཆེར་སོང་ནས་རྒྱལ་མོ་རྔུལ་ཆུའི་ཕྱོགས་སུ་ཡང་ཡང་བཙན་འཛུལ་བྱས་རྐྱེན། ཐཱང་རྒྱལ་རབས་ནས་དམག་གྲ་བསྒྲིགས་ཏེ་ཕྱི་རྒོལ་བྱས། རྒྱལ་ཕམ་དབྱེ་འབྱེད་དཀའ་བའི་གཡུལ་འཐབ་དེའི་ནང་ཤར་བུད་མེད་རྒྱལ་ཁབ་ཀྱི་ཤུལ་ལུས་རུ་སྡེ་དེ་དག་གིས་སོ་སོའི་དབང་ཤུགས་ཉར་ཚགས་ཆེད་དུ་ཕྱོགས་གཉིས་ཀ་ལ་ཉེ་ཐབས་ཀྱི་སྲིད་ཇུས་སྤེལ། དེ་རྗེས་ཐཱང་རྒྱལ་རབས་རིམ་བཞིན་ཉམས་དམས་སོང་ཞིང་ཁ་ཐོར་བ་དང༌། བོད་ཀྱང་རིམ་བཞིན་ཐོར་ཞིག་གིས་རྩ་མེད་དུ་སོང༌། བོད་སིལ་བུར་ཐོར་རྗེས། དེ་སྔོན་ཁོ་ཚོས་དབང་བསྒྱུར་བྱས་པའི་བོད་ས་མཐོའི་མི་རྣམས་སླར་ཡང་སྔ་སྲོལ་གྱི་རུ་སྡེའི་དུས་རབས་སུ་ཕྱིར་ལོག ཐཱང་རྒྱལ་རབས་ཁ་བྲལ་དུ་སོང་རྗེས་ཀྱང་གཅིག་གྱུར་གྱི་ནུས་ཤུགས་ཉམས་དམས་སུ་གྱུར། དེ་ནས་རྗེས་སུ་སཱོང་དང་ཡཱོན། མཱིན་རྒྱལ་རབས་གསུམ་གྱི་སྐབས་སུའང་བོད་ས་མཐོའི་ས་ཁུལ་དུ་དབང་བསྒྱུར་གྱི་ནུས་པ་ཧ་ཅང་དམན་པ་ཡོད། དེར་བརྟེན། དེའི་སྐོར་ལོ་རྒྱུས་ཀྱི་དེབ་ཐེར་ནང་འབྲི་བཀོད་བྱས་པ་ཧ་ལམ་མེད། དེ་ནས་ཆཱིང་རྒྱལ་རབས་སྐབས་སུ་གཞི་ནས་ས་གནས་རུ་དཔོན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད་པ་རེད།

དེ་བས་ཤར་བུད་མེད་རྒྱལ་ཁབ་ཀྱིས་ཤུལ་བཞག་རུ་སྡེ་འགའ་འགྲེམ་འགྲུལ་འགྲོ་ལམ་གྱི་གནད་འགག་ས་ཁུལ་དུ་ཡོད་པའི་རྐྱེན་གྱིས་ཕྱི་ཕྱོགས་ནས་ཡོང་བའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་སྟབས་རྒྱལ་མོ་འདས་གྲོངས་སུ་གྱུར་རྗེས་སྲོལ་རྒྱུན་གྱི་ལམ་ལུགས་དེ་དག་རྒྱུན་འཛིན་བྱས་མེད་པ་རེད། དེ་ནས་བཟུང་རིམ་གྱིས་སྐྱེས་པ་ཕོ་ཡིས་དབང་བསྒྱུར་བྱས་པའི་སྤྱི་ཚོགས་སུ་འགྱུར་ལྡོག་བྱུང༌། དེ་མིན་རུ་སྡེ་འགའ་ད་དུང་སྔ་སྲོལ་ལྟར་རི་མཐོ་གཡང་གཟར་གྱི་ས་ཁུག་ཀྱོག་ལ་འཚོ་བ་བསྐྱེལ་ཞིང་བུད་མེད་སྤྱི་ཚོགས་ཀྱི་ཤུལ་རྗེས་དེ་དག་བརྒྱུད་འཛིན་བྱས་ནས་གནས་ཡོད་པ་རེད།

ཤར་བུད་མེད་རྒྱལ་ཁབ་ཀྱི་ལམ་ལུགས་ད་བར་རྒྱུན་གནས་ཐུབ་པའི་རྒྱུ་མཚན་གང་ཡིན།

རཱིན་ཞིང་ཅན་གྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་བརྒྱུད་ས་ཁུལ་དེར་ད་བར་སྔར་བཞིན་བུད་མེད་གཙོ་བོ་བྱས་པའི་སྤྱི་ཚོགས་ཀྱི་ཤུལ་རྗེས་ཤིག་རྒྱུན་འཛིན་བྱས་པ་དེ་ནི་ས་ཁུལ་རང་གི་ཐོན་སྐྱེད་དང་ཁོར་ཡུལ་གི་དགོས་མཁོ་ཆེད་དུ་ཡིན་པ་དང༌། ས་ཁམས་དེ་ནི་རི་མཐོ་བྲག་འབུར་གྱི་ས་གཤོང་དུ་ཆགས་པའི་དབང་གིས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཞེན་པ། ས་ཞིང་དང་ཐོན་རྫས་ཉུང་བ་བཅས་ཀྱིས་གལ་ཏེ་ཁྱོ་ཤུག་གཅིག་གི་ལམ་ལུགས་རྒྱུན་མཐུད་བྱས་པ་ཡིན་ན། ཁྱིམ་ཚང་གི་བུ་ཡིས་མནའ་མ་ལེན་རྗེས་སླར་ཡང་ཁྱིམ་གཞི་གསར་པ་འཛུགས་དགོས་སྟབས། སྐབས་དེའི་ས་ཁུལ་གྱི་དཔལ་འབྱོར་ནུས་པར་གཞིགས་ཚེ་དེ་ནི་འཚོ་ཐབས་མེད་པ་ཡིན་ཞིང་ཐོན་སྐྱེད་དང་ཐོན་རྫས་བགོ་འགྲེམ་ཡང་ཡོང་ཐབས་མེད། དེས་མ་ཚད་ས་ཁུལ་རང་ལ་སྡོམ་རྒྱ་དམ་པའི་རི་ཁུག་ལ་གནས་ཕྱིར་ཕྱི་ཕྱོགས་དབར་གྱི་འབྲེལ་ལམ་ནི་ཧ་ལམ་ཆད་ཚར་བ་ལྟར་ཡིན། དེས་རྐྱེན་གྱིས་རིག་གནས་གཞན་གྱིས་ཤུགས་རྐྱེན་ཐེབས་བདེ་པོ་མེད་པར་ངོས་འཛིན་བྱས།

པཱེ་ཅིང་དགེ་འོས་སློབ་ཆེན་གྱི་རྩོམ་རིག་ཁང་དམངས་ཁྲོད་ཆེད་མཁས་སློབ་དཔོན་ཝཱན་ཅན་ཀྲོང་གིས་ཀྱང༌། ངེས་ཅན་གྱི་ཐོས་སྐྱེད་ནུས་ཤུགས་ལ་སྤྱི་ཚོགས་ལམ་ལུགས་ངེས་ཅན་གྱི་གཞོགས་འདེགས་ཡོད་ངེས་ཡིན། ཐོན་སྐྱེད་ཀྱི་ནུས་ཤུགས་ཅུང་རྗེས་ལུས་དང་ཕན་ཚུན་སྡོམ་རྒྱ་དམ་པོས་གནས་པའི་ས་གནས་སུ་ངལ་རྩོལ་གྱི་ནུས་ཤུགས་ཆེན་པོ་མེད་པ། དམངས་རྣམས་རང་ཁ་རང་གསོ་ཙམ་དང༌། སྐྱེས་པ་ཕོའི་ཁེ་བཟང་རྣམས་ཕྱིར་འཐུས་ཚང་གིས་མངོན་ཐབས་མེད་སྟབས་བུད་མེད་ཀྱིས་དཔལ་འབྱོར་གྱི་དབང་ཆ་ཆེན་པོ་དང་སྨྲ་བརྗོད་ཀྱི་དབང་ཆ་བཟུང་ཡོད་པ་རེད། ཅེས་ངོས་འཛིན་བྱས་ཡོད་པ་རེད།

གཞན་ཡང་གཏིང་རུམ་གྱི་སྤྱི་ཚོགས་སེམས་ཁམས་ཤིག་གི་རྒྱུ་རྐྱེན་གྱིས་བུད་མེད་གཙོ་བོ་བྱས་པའི་མི་རིགས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་པ་དེས་མི་རྣམས་ཀྱིས་འདས་སོང་གི་སྤྱི་ཚོགས་རྣམ་པ་དང་སྤྱི་ཚོགས་སྒྲོམ་གཞི་ལ་རྗེས་དྲན་གྱི་བསམ་བློའི་གནས་བབས་ཤིག་མཚོན་ཡོད།

རཱིན་ཞིང་ཅན་གྱིས་རྟོག་དཔྱོད་བྱས་པ་ལྟར་ན། ལོ་རྒྱུས་ཐོག་ཤར་བུད་མེད་རྒྱལ་ཁབ་དེ་ནི་དེང་གི་ཟཱི་ཁྲོན་དང༌། ཡུན་ནན། བོད་བཅས་ཀྱི་འབྲེལ་མཚམས་ཀྱི་ཡར་ལུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་ཆེ་ཆུང་རྒྱུག་སའི་ཁུལ་དུ་ཡིན་པ་དང༌། དེའང་དེང་སྐད་གྲགས་ཡོད་པའི་བུད་མེད་རིགས་ཀྱི་རིག་གནས་དར་སའི་ས་ཁུལ་དེ་དག་ཡིན་པ་གསལ། དེ་མིན་བཀྲ་དཔལ་༼扎坝༽ཞེས་པ་དེ་ནི་ཤར་བུད་མེད་རྒྱལ་ཁབ་ཀྱིས་ཤུལ་ལུས་རུ་སྡེའི་གྲལ་ཞིག་ཡིན་སྲིད་པ་དང༌།  དེ་ནས་དེང་གི་དུས་བར་ཤར་བུད་མེད་རྒྱལ་ཁབ་ཀྱི་བུད་མེད་གཙོ་འགྱུར་སྤྱི་ཚོགས་ཀྱི་དམིགས་བསལ་ཁྱད་ཆོས་མུ་མཐུད་རྒྱུན་འཛིན་བྱས་ཡོད་པ་རེད། རཱིན་ཞིང་ཅན་གྱིས་བཀྲ་དཔལ་ནི་ས་ཁུལ་ཞིག་ཡིན། དེང་ས་ཁུལ་འདིར་ཤང་ཁག་༧ ཡོད། དེའི་ནང་ཤང་ཁག་ལྔ་ནི་རྟའུ་རྫོང་ཁོངས་སུ་ཡོད་ལ། གཞན་ཤང་ཁག་གཉིས་ནི་ཉག་ཆུ་ཁ་རྫོང་ཁོངས་སུ་ཡོད། ས་གནས་དེ་དག་ཏུ་འཚོ་བསྡད་བྱེད་མཁན་མི་འབོར་ཁྲི་གཅིག་ཉེ་བ་ཡོད་པ་རེད། ཅེས་དང༌། ཡང་ཁོ་པས་བཀྲ་དཔལ་ཁུལ་དུ་རྟག་དཔྱད་བྱེད་སྐབས། ས་ཁུལ་དེའི་ཁྱིམ་ཚང་གི་ལྟེ་བ་ནི་བུད་མེད་ཡིན་ཞིང་ཁྱིམ་གྱི་དཔལ་འབྱོར་བགོ་འགྲེམ་དང་ཁྱིམ་ཚང་གཞན་གྱི་ལས་དོན་བདག་བཟུང་བྱེད་བཞིན་པ་དེ་ནི་ཤར་བུད་མེད་རྒྱལ་ཁབ་ནས་བུད་མེད་རྒྱལ་མོར་ངོས་བཟུང་བའི་གནས་སྟངས་དང་མཚུངས། དེར་ཁྱིམ་ཚང་འགའ་རེར་ཁྱིམ་མི་༣༠ ཙམ་ཡོད་ཅིང༌། ཚང་མ་ཆང་ས་མི་བརྒྱབ་པར་གནས། སྐྱེས་པ་ཕོ་ནི་ཁྱིམ་ནང་གི་ཨ་ཞང་དང༌། བུད་མེད་རྣམས་ནི་ཁྱིམ་དེའི་ནང་གི་ཨ་མ་རེད། དེ་མིན་ལོ་ཆེ་ཤོས་ཀྱི་རྨོ་བོ་ལགས་ཀྱིས་ཁྱིམ་ནང་གི་ཡོངས་རྫོགས་གཙོ་སྐྱོང་གནང་གི་ཡོད། དེ་ནི་བུད་མེད་སྤྱི་ཚོགས་ཀྱི་ཤུལ་ལུས་ཡིན་པ་ཧ་ཅང་གསལ། དེང་རབས་སྤྱི་ཚོགས་ཀྱི་གནས་སྟངས་འོག་ད་ལྟའི་ཆར་འདིར་གནའ་སྲོལ་གྱི་བུད་མེད་གཙོ་གྱུར་སྤྱི་ཚོགས་དང་ཁྱོན་ནས་མི་འདྲ་བ་གྱུར་ཟིན། དེ་ནས་དེ་སྔོན་གྱི་རྩ་བའི་རྨང་གཞིའི་དམིགས་བསལ་ཁྱད་ཆོས་ཙམ་རྒྱུན་འཛིན་བྱས་པ་ཙམ་ཡིན། ཞེས་བཤད་ཡོད་པ་རེད།

བཀྲ་དཔལ་ས་ཁུལ་གྱི་མི་རྣམས་ད་དུང་ཡང་ཁྲོམ་ནས་གཉེན་སྒྲིག་གི་ཁ་ཕྱོགས་འཚོལ་བའི་ལམ་ལུགས་དར་བཞིན་ཡོད། དེའང་ཕོ་མོ་གཉིས་མཉམ་འདུས་ཀྱིས་གལ་ཏེ་སྐྱེས་པ་ཞིག་གིས་བུད་མེད་ཅིག་ལ་སྣང་བ་འགྲོ་སོང་ན་བུད་མེད་དེའི་གཟུགས་པོའི་ཐོག་གི་ཅ་དངོས་ཏེ་དཔེར་ན་ཁ་རས་དང་རྒྱན་ཆ་ལྟ་བུ་ཞིག་འཕྲོག་གི་ཡོད། གལ་ཏེ་བུད་མེད་ཕྱོགས་ནས་ཅ་དངོས་དེ་དག་ཕྱིར་མ་ལེན་ན་དེ་ནི་བུད་མེད་དེས་སྐྱེས་པ་དེའི་རེ་འདུན་དང་ལེན་བྱས་པར་ངོས་འཛིན་བྱེད། དེ་ནས་མཚན་མོར་སླེབས་དུས་བུད་མེད་དེས་སོ་སོའི་སྒེའུ་ཁུང་འགྲམ་དུ་མཆོད་མེ་ཞིག་སྤར་ནས་བཞག་སྟེ་སྐྱེས་པ་དེ་ངང་སྒུག་བྱེད། བཀྲ་དཔལ་གྱི་མི་རྣམས་སྡོད་ས་ཚང་མ་མཁར་རྫོང་ཕལ་ཆེར་མཐོ་ཚད་སྤྱི་ལེ་བཅུ་གྲངས་ཙམ་ཡོད་པའི་ཁང་པར་བསྡད་ཀྱི་ཡོད་སྟབས། སྐྱེས་པ་ཚོས་སོ་སོའི་ལག་པ་རྡོ་རྩེགས་ཀྱི་གྱང་ཁུང་དུ་འཐམ་ནས་གོམ་ཞག་རེ་རེ་བཞིན་ཁང་པའི་ནང་འཛེགས་དགོས། དེ་མིན་ཁང་པའི་སྒེའུ་ཁུང་ཡང་ཧ་ཅང་ཆུང་ཆུང་རེད། དེའི་དབར་ད་དུང་རྐ་བ་ཞིག་གིས་ཕྲེད་བཅད་བཟོས། ཕོ་གཞོན་དེ་མཁར་རྫོང་ཐོག་འཛེགས་ཐུབ་པའི་དབང་དུ་བཏང་ཡང་སོ་སོའི་ལུས་པོ་ཕྲེད་སྒུར་གྱིས་གཞི་ནས་ཁང་པའི་ནང་འཛུལ་ཐུབ་པ་དེ་ནི་རྩལ་ངོམས་པའི་འཁྲབ་སྟོན་ཞིག་དང་མཚུངས། དེའི་རྒྱུན་རིམ་ལའང་སྐྱེས་པ་ཕོ་དེའི་གཟུགས་པོ་ཐང་ཞིང་ལུས་རྩལ་དང་ལྡན་པ་ཞིག་དགོས། དོན་དངོས་ཐོག་དེའང་ལུས་པོའི་རྩལ་བྱང་ཆ་ཆེ་ཆུང་གིས་རྒྱལ་ཕམ་ཐག་ཆོད་པའི་གདམ་ཁ་ཞིག་རེད།

ཕྱི་ཉིན་ཞོགས་པའི་དེ་ཕོའི་སྐད་རྒྱག་སྐབས་སྐྱེས་པ་ཕོ་གཞོན་དེ་གཞི་ནས་ཁང་པ་དེ་ནས་ཁ་བྲལ་དགོས། དེ་ནས་བཟུང་ཕན་ཚུན་དབར་འབྲེལ་བ་གང་ཡང་མེད་པ་ཆགས་རྒྱུ་རེད། སྐྱེས་པ་དེ་ཉིན་ལྟར་དེ་འདྲ་ཡོང་ཆོག་གི་ཡོད་ལ། ཟླ་བ་ཁ་ཤས་མཚམས་ནས་ཐེངས་རེར་ཡོང་ནའང་འགྲིག་གི་ཡོད། འོ་ན་དུས་དེ་ནས་བཟུང་དེ་རྗེས་ཁྱོན་ནས་མ་ཡོང་ནའང་འགྲིག ཁོ་གཉིས་དབར་གྱི་འབྲེལ་བ་དེར་ཡུལ་སྐད་དུ་ཅ་ཡོས།༼甲依༽ ཅེས་ཟེར་བ་དེ་ནི་ཟླ་བོའི་དོན་ཡིན་པ་རེད། བུད་མེད་ཕྱོགས་ལ་དུས་མཚུངས་སུ་ཟླ་བོ་སྐྱེས་པ་ཕོ་དེ་འདྲ་མང་པོ་ཡོད་ཆོག་པ་རེད། འོན་ཀྱང་གཞོན་ནུ་མ་རེར་ཟླ་བོ་གཅིག་ལས་མེད་པ་དེ་འདྲ་ཧ་ལམ་ཉུང་ཞིང༌། ཕོ་མོ་གཉིས་ཀ་དེ་འདྲ་རྒས་འཁོག་མ་ཆགས་བར་ཟླ་བོ་ཟེར་བ་དེའི་སར་འགྲོ་ཆོག་གི་ཡོད།
བུད་མེད་ཕྱོགས་ལ་ཕྲུ་གུ་བཙས་རྗེས་སྤྱི་བཏང་ལྟར་ན་ཟླ་བོ་དེས་ཕྲུ་གུ་ལ་ངོས་ལེན་བྱེད་པར་མི་འགྲོ དེ་བཞིན་ཕྲུ་གུ་ལ་འོས་འགན་གང་ཡང་འཁྱེར་མི་དགོས། ཕྲུ་གུ་དེ་དག་ཆུང་དུས་ནས་བུད་མེད་ཕྱོགས་ཀྱི་ཁྱིམ་ཚང་ནས་གསོ་སྐྱོང་བྱེད་ཀྱི་ཡོད། འོན་ཀྱང་ཡ་མཚན་པ་ཞིག་ལ་ས་ཁུལ་དེའི་ཕྲུ་གུ་ཚོས་སྤྱི་བཏང་གི་ཆ་ནས་སོ་སོའི་ཨ་ཕ་སུ་ཡིན་མིན་ཡོངས་རྫོགས་ཀྱིས་ཤེས་ཀྱི་ཡོད་པ་རེད།

འབྲེལ་ཐག འདིར་བསྣུན་ནས་གཟིགས།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -