ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.04.2015 23:17:18
གངས་དཀར་སེམས།

ཉིན་ཞིག་གྲོགས་པོ་ཞིག་གིས་ང་ཆང་རག་འཐུང་བར་འབོད་བྱུང༌། ཨར་ཁང་ནང་གསལ་ལ་མི་གསལ་བའི་གློག་འོད་འོག་གྲོགས་པོས་ཨ་རག་ཕོར་པ་གཅིག་རྗེས་གཉིས་མཐུད་ཀྱིས་འཐུང་སོང༌། གང་ཡིན་ཟེར་ན་ཁོ་རང་བཟའ་འཐོར་སོང་བའི་རྐྱེན་གྱིས་འདིར་ང་དང་ཆང་རག་འཐུང་བ་ཡོང་བ་རེད། ངས་ཁྱོད་ཀྱི་བཟའ་ཟླ་ད་ཆ་བདེ་མོ་རེད་དམ། ཞེས་དྲིས། ཁོས་མོ་རང་ང་དང་ཁ་བྲལ་རྗེས་སླར་ཆང་ས་བརྒྱབ་འདུག འཚོ་བ་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས་བཤད་བྱུང༌།


ངས་སླར་མོ་རང་ཕྲུ་གུ་ལྟ་སར་སླེབས་མ་སོང་ངམ། ཞེས་པར་ཁོས་ལྷོད་པོའི་སྒོ་ནས་སླེབས་མ་བྱུང་ཟེར། ང་ཐེ་ཚོམ་ངང་གནས། གྲོགས་པོས་ཆང་རག་འཐུང་ཞིང་ཁོ་དང་བཟའ་ཟླའི་དབར་གྱི་གནས་སྟངས་ཞིབ་ཕྲ་བཤད་བྱུང༌།

ཁོ་རང་ཚོང་ལས་ཕྱིར་གཞན་དང་འགྲོག་འབྲེལ་དགོས་པས་རྟག་ཏུ་ཕྱི་པོར་ཁྱིམ་དུ་ལོག་པ་མ་ཟད། དེ་བས་མཚན་མོ་ཕྱིར་བསྡད་ཀྱི་ཡོད། བཟའ་ཟླས་ཁོ་རང་མ་བུ་གཉིས་དང་མཉམ་དུ་དུས་ཚོད་མང་ཙམ་གཏོང་ནས་སྡོད་དགོས་པའི་རེ་བ་བཏོན། འོན་ཀྱང་ཁོས་ཕྱི་ལོག་གི་བྱ་བཞག་ལ་ཁ་གཡར་ཏེ་མུ་མཐུད་རང་སྣང་གང་ཤར་བྱས། གྲོགས་པོའི་ཨ་མ་ནི་བསམ་བློ་རྙིང་ཞིང་གུ་དོག་པའི་རྒད་མོ་ཞིག་ཡིན། རྒད་མོས་མོའི་བུའི་བྱ་སྤྱོད་འདི་དག་ཚང་མ་མནའ་མས་ཡག་པོ་མེད་པའི་རྐྱེན་གྱིས་ཡིན་པར་ངོས་འཛིན་བྱེད་པར་བརྟེན། མནའ་མར་རྣམ་འགྱུར་ཧ་ཅང་སྡུག་ཆགས་བཏོན་གྱི་ཡོད། ཁོ་རང་གཉིས་ཆང་ས་བརྒྱབ་སྟེ་ལོ་བརྒྱད་སོང༌། མནའ་མས་ཁོ་རང་ལ་ངེད་གཉིས་ཆང་ས་བརྒྱབ་ནས་ལོ་བརྒྱད་སོང་ཟིན། ཁྱོད་ཀྱིས་ཁྱིམ་ཚང་འདིའི་ཆེད་དུ་ག་རེ་བྱས་མྱོང་ཡོད། ངའི་ཆེད་དུ་ག་རེ་བྱས་ཡོད་ཅེས་མཐའ་ཚིག་བསྒྲགས།

ཁོ་རང་རག་བཟི་སྟེ་བཟའ་ཟླར་ང་ཉིན་ལྟར་དཀའ་ཚེགས་ཆེན་པོས་དངུལ་བསགས་ཏེ་ཁྱོད་ཚོར་སྤྲོད་ཅིང་འཚོ་བའི་ཆེད་དུ་ཧུར་བསྐྱེད་བྱེད་པ་ད་དུང་འདི་ཚོས་མདང་གི་མི་འདུག་གམ། ཞེས་བཤད་པར་བཟའ་ཟླས་དེ་ཙམ་བྱས་པར་འགྲིག་གི་ཡོད་དམ། བུད་མེད་ཅིག་ལ་དགོས་པ་འདི་ཙམ་རེད་དམ། ཞེས་ལན་འདེབས། ཁོ་རང་ཁོང་ཁྲོའི་སྒོ་ནས་ད་དུང་ཁྱོད་ལ་ཅི་ཞིག་དགོས་སམ། ཁྱོད་ལ་བཟའ་བཏུང་དང་འཚོ་བར་སེམས་འཕྲལ་མེད་པ་ཉིན་ལྟར་ཁྱིམ་ནང་སྡོད་བཅུག གང་བྱེད་འདོད་ན་བྱེད་ཆོག ཁྱོད་ལས་འཚོ་བ་ཡག་པོ་བསྐྱེལ་མཁན་ཇི་ཙམ་འདུག ཞེས་བཤད་པར་མོས་སེམས་སྡུག་ཆེན་པོས་ཆང་ས་བརྒྱབ་ནས་ལོ་དེ་དག་གི་རིང་ཁྱོད་ཀྱིས་ངས་བྱས་པ་དེ་ཚོ་དང་ངའི་སྡུག་ངལ་རྩ་བ་ནས་མཐོང་གི་མི་འདུག ཁྱོད་ཀྱིས་སོ་སོའི་བུ་རྒྱུད་གློ་བུར་དུ་ཆེན་པོ་ཆགས་ནས་གནས་ལུགས་རྟོག་པ་ཞིག་གྱུར་བའི་སྐོར་ཤེས་ཀྱི་མི་འདུག ཁྱོད་ཀྱིས་ཚང་མ་ལས་སྟབས་བདེ་དེ་འདྲར་མཐོང་བཞིན་འདུག ཅེས་བཤད། ཁོས་མི་འདོད་པའི་ཚུལ་གྱིས། ངས་གང་ཡང་མ་བྱས་པར་བསྡད་འདུག་གམ། ངས་ཁྱོད་ལ་ལྟ་རྟོག་བྱས་མ་བྱུང་ངམ། ཁྱོད་ལ་དངུལ་སྤྲད་མཁན་དེ་སུ་རེད། ཕྲུ་གུ་ཆེན་པོ་ཆགས་པ་དེ་ངས་དངུལ་བསགས་ཏེ་གསོས་པ་མ་རེད་དམ། བཟའ་ཟླ་ཁ་མ་གྲགས་པར་དུས་དེར་མོ་རང་རྨོངས་གཉིད་ལས་སད་རན་པ་ཤེས། མཇུག་དེར་མོས་ཁོ་རང་ལ་བཟའ་འཐོར་གྱི་རེ་བ་བཏོན། དེའང་ཁྱིམ་ནང་གི་དངུལ་དང་ཕྲུ་གུ་སོགས་གང་ཡང་མི་དགོས་པའམ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བཟའ་འཐོར་བྱ་རྒྱུ་དེ་རེད། མོའི་མི་ཚེ་འཕྲོག་བརླགས་གཏོང་མཁན་ཁྱོ་བོ་འདི་དང༌། མོ་རང་དགའ་སྤྲོ་ཡོང་ཐབས་མེད་པའི་སྐྱེས་པ་འདི་དང་ཁ་བྲལ་རྒྱུ་བྱས།

མ་རིང་བའི་རྗེས་སུ་སྟབས་འཁེལ་ཏེ་གྲོགས་པོ་ཁྲོམ་དུ་ཅ་དངོས་ཉོ་ནས་ཡོད་སྐབས་ཐག་རིང་ས་ནས་ཁོའི་དེ་སྔོན་གྱི་བཟའ་ཟླ་དང་མོའི་ད་ལྟའི་ཁྱོ་བོ་གསར་པ་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བཞིན་པར་ངེས་ཤེས་རྙེད། མོའི་ངོ་གདོང་ཐོག་མེ་ཏོག་ལྟ་བུའི་འཛུམ་མདངས་མངོན་ཞིང་མོའི་འཕྲིས་སུ་ཡོད་པའི་སྐྱེས་པ་དེར་བརྩེ་ཚོར་གྱིས་འཐམ་བཞིན་ཡོད།

གནས་སྟངས་མཚམས་འདིར་སླེབས་དུས་གྲོགས་པོ་ཁོང་མགོ་བོ་སྒུར་ཞིང་ཁ་བཙུམ་ནས་བསྡད།

གཅིག་བྱས་ན་ཁོས་ཆང་རག་འཐུང་མང་དྲག་པའང་སྲིད། ངས་ཁོ་པའི་ཕྲག་པར་རེག་ཙམ་བྱས། ཁྱོད་ཀྱིས་ཤེས་སམ། བཟའ་འཐོར་རྗེས་ངས་ཐོག་མཐའ་བར་གསུམ་དུ་ང་རང་དང་ཕྲུ་གུར་ཨ་མ་གསར་པ་ཞིག་འཚོལ་འདོད། འོན་ཀྱང་ང་དགའ་སའི་བུད་མེད་ལ་ཕྲུ་གུ་དགའ་ཡི་མི་འདུག ཅེས་ཟེར། ངས་ཕྲུ་གུས་བུད་མེད་ཐོག་མར་མཐོང་དུས་མི་དགའ་བ་ཙམ་གྱིས་ཁྱོད་ཀྱིས་བུད་མེད་དེར་རེ་བ་ཆད་པ་ཡིན་ནམ། ཞེས་དྲིས་པར་ཁོས་མོས་མཐུན་ཚུལ་གྱིས་མགོ་བོ་གཡུག་ཙམ་བྱས་བྱུང༌།

དེ་ནས་ཁོས་ཁེར་ལབ་ལྟ་བུས། ངས་ད་ལྟ་གཞི་ནས་ཤེས་བྱུང༌། ཕྲུ་གུ་སོ་སོའི་ངོས་ནས་ཆེན་པོ་ཆགས་ཐབས་མེད་པ་ཤེས་བྱུང༌། དོན་དངོས་ཐོག་ངའི་ཨ་མར་རྒྱུ་མཚན་མེད་པ་རེད་འདུག ཕྲུ་གུ་གཉིས་གཉོར་སྐྱོང་བྱེད་པའི་བྱ་བ་དེ་ནི་དེ་འདྲ་དཀའ་ལས་ཁག་པོ་ཞིག་རེད་འདུག་ཅིང༌། དེ་བཞིན་དོན་དངོས་ཐོག་ཁྱིམ་གྱི་གསང་སྤྱོད་དེ་འདྲ་གཙང་སྦྲ་དོད་པ་ནི་དེའི་རྒྱབ་ལ་རྒྱུ་མཚན་མེད་པ་ཞིག་རེད་མི་འདུག

གྲོགས་པོ་ངེད་གཉིས་ཀྱི་ཁ་བརྡ་མཚམས་འདིར་སླེབས་དུས་ཁོ་པ་སྡུག་ངལ་ཆེན་པོས་ངུ་ཤོར་སོང༌། ངའང་བསམ་བློ་གཏིང་ཟབ་ས་ཞིག་ལ་གཏོང་དགོས་གྱུར།

དོན་དངོས་ཐོག་བཟའ་ཟླ་མོ་ནི་ལྷའི་ཕོ་ཉ་མའམ་ཡང་ན་བདུད་མོ་ལྟར་གང་འདྲ་ཞིག་ཡིན་རུང་དེའི་ཁྱོ་བོ་ནས་བཀོད་འདོམ་ཆོག་པ་ཞིག་ཆགས་ཡོད། བུད་མེད་ཅིག་སྐྱེས་པ་ཞིག་གི་མནའ་མར་སོང་བའི་ཉིན་དེ་ནས་བཟུང་སེམས་ཐག་གཙང་བཅད་ཀྱིས་ཁྱོ་ག་དེ་དང་འཚོ་བ་ཡག་པོ་ཞིག་བསྐྱེལ་རྒྱུའི་སེམས་ཐག་ཆོད་ཟིན་པ་ཞིག་རེད། སྒེར་ལ་མཚོན་ན་མོ་རང་གི་གདམ་ཁ་དེར་ཐོབ་ཤོར་གཉིས་ཀ་ཡོད་པ་རེད། གཅིག་བྱས་ན་དེའི་ཆེད་དུ་མོ་རང་ལ་དགའ་བའི་སྐྱེས་པ་བཟང་པོ་གཞན་ཞིག་གཡུག་པའང་སྲིད། གལ་ཏེ་བུད་མེད་ཀྱིས་བློས་བཏང་འདི་འདྲ་བྱས་ཚར་ནས་ཀྱང་ཁྱོ་བོས་མོ་ལ་གཅེས་སྤྲས་མ་བྱས་པར་བུད་མེད་དེ་གཡོག་མོའི་ཚུལ་གྱིས་བཀོལ་བ་ཡིན་ན་བུད་མེད་དེ་གཡོག་མོ་ངོ་མ་ཞིག་དང་ཁྱད་མེད་པར་ཆགས་རྒྱུ་རེད།

སྨྲས་པ།

བུད་མེད། ཅིའི་ཕྱིར་འདི་ལྟར་ཆགས་པ་རེད། སྐྱེས་པ་དེས་བུད་མེད་ངོས་ཟིན་ཐུབ་ན། ཤེས་ཡོན་དམན་ཀྱང་ཁོས་བུད་མེད་ཕྲུ་གུ་ལྟ་བུའི་དྲང་སེམས་ལ་དགའ་སྲིད།

ཁྱོད་ལ་ཤེས་རྒྱ་མཐོ་ནའང༌། ཁོས་བུད་མེད་ཀྱི་ཁོག་རྒྱ་དེ་ལ་དགའ་སྲིད།

ཁྱོད་ཀྱིས་བྱ་བཞག་སྒྲུབ་ན། ཁོས་རང་བཞིན་གྱིས་ཁྱོད་ཀྱི་བརྩོན་འགྲུས་ལ་བརྩི་མཐོང་བྱེད་སྲིད།

ཁྱོད་ཀྱིས་བློ་སེམས་གཅིག་གིས་ཁྱིམ་ཚང་སྐྱོང་ན།

ཁོས་ཁྱོད་ཀྱིས་དཀའ་ངལ་ལ་སེམས་འཁུར་བྱེད་སྲིད།

ཁྱོ་བོས་ཇི་ལྟར་བལྟས་ཀྱང་ཁྱོད་ནི་ཁོའི་མིག་ལམ་དུ་མི་འགྲོ་བའི་སྐབས་དེར།

བུད་མེད་ཁྱོད་ཀྱིས་ཁ་ཕྱོགས་བཞིན་པ་དེ་ནི།

ཡུན་རིང་གཤིབ་པའི་བཟའ་ཟླར་མཐོང་ཆུང་བྱེད་མཁན་དང༌།

ཨ་གསར་གྱིས་གཞན་ལ་དགའ་བཞིན།

ཕྱི་མཛེས་ནང་རུལ་ཅན་གྱི་དུད་འགྲོ་ཞིག་ལས་གཞན་ཅིའང་མིན་ནོ།

དོན་དངོས་ཐོག བཟའ་ཟླ་ཞེས་པ་འདི་ཅི་ཞིག་རེད།

དེ་ནི་སྔོན་ཁྱོད་ཀྱི་ལམ་འགྲོ་བ། སྔོན་ཁྱོད་ཀྱི་གྲོགས་མོ།

ད་ལྟའི་བཟའ་ཟླ། འཚོ་བའི་དཔུང་རོགས། བཙེ་དུང་གི་མཆེད་གྲོགས།

མོ་ནི་ཁྱེད་ཀྱི་ཚེ་གཅིག་གི་མཐའ་བསྡོམས་བཅས་རེད།

བུད་མེད་ནི་རོལ་ཆ་ཞིག་དང་མཚུངས་ཤིང༌།

རོལ་དབྱངས་དཀྲོལ་ཤེས་མཁན་གྱི་མཁས་པ་ཞིག་གིས་དཀྲོལ་བ་དེ་ནི།

དར་སྲོལ་ཅན་གྱི་རོལ་དབྱངས་ཤིག་དང༌།

འོན་ཏང་རོལ་དབྱངས་དཀྲོལ་མི་ཤེས་མཁན་ཞིག་དང་འཕྲད་ཚེ།

ཁོས་དཀྲོལ་བ་ཙམ་གྱིས་སྒྲ་དེ་ནི་དབྱངས་ཙམ་ཡང་མ་རེད།

སྐྱེས་པ་ཕོ་ཚོས་སོ་སོའི་བཟའ་ཟླར་གཅེས་སྤྲད་ཡག་པོ་བྱེད་རྒྱུའི་རེ་བ་ཡོད།

གལ་ཏེ་ཁྱོད་ཀྱིས་གཅེས་སྤྲས་མི་ཤེས་ན།

གཞན་གཅེས་སྤྲས་བྱེད་མཁན་ཡོད་ཡོད་པ་རེད།

 

མ་རྩོམ་འབྲེལ་ཐག







  གངས་དཀར་སེམས།
 

11.04.2015 02:03:14

ཨོ་ཧོ་་་ང་རང་གྲྭ་བ་བྱེད་ནས་སྟབ་ཡག་མ་ཏོག་ང་ཡང་དཀའ་ངལ་དེ་འཕྲད་པ་ངེས།

 
 
13.04.2015 06:38:45

ཆོས་ནི་ཉམས་སུ་ལོན་མིན་དང་། ཉམས་རྟོགས་བཟང་མིན་སྤུས་ཚད་ལས། སྐྱ་སེར་གཉིས་ལ་དབྱེ་མི་བྱ། སྡུག་གི་འཁུར་པོ་ཅིས་ཀྱང་མཚུངས།

 
 
16.04.2015 01:21:31

སྐྱ་སེར་གཉིས་མདུན་གྱི་ལམ་བུ་གཅིག་མིན་ལ་་་དེ་གཉིས་སླེབས་ས་ཀྱང་མི་གཅིག་་ལ་་་་དེ་གཉིས་བཟང་ངན་གྱི་འབྲས་བུ་ཀྱང་གཅིག་མིན་་་ཧཧཧ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -