ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
བརྡ་འཕྲིན་གྱི་དུས་རབས།
03.04.2015 22:35:39
བརྡ་འཕྲིན་གྱི་དུས་རབས།
ལག་གཉིས་ཐལ་མོ་སྙིང་གི་དཀྱིལ་དུ་སྦྱར།།
ཡིད་ཀྱི་རེ་འདུན་མཆོག་གསུམ་སྐྱབས་དང་འགྲོག།
བཟང་ངན་ཅི་ཡང་ལྷ་ཡི་དངོས་གྲུབ་ཅེས།།
ཡོད་ཚད་ལྷ་ལ་བཅོལ་བའི་དུས་འདི་ཡལ།།
ལ་ལས་བདུད་ཀྱི་ངན་པའི་ཆོ་འཕྲུལ་དང་།།
རེ་འགས་དེང་རབས་མཐུན་པའི་རིག་གསར་ཟེར།།
འགོག་མེད་གླིང་འདི་བསྒྱུར་བའི་དྲ་ལམ་ནང་།།
དབང་མེད་གྲྭ་རྐྱང་བདག་ཀྱང་ཀློང་དུ་ཚུད།།
གནའ་དེང་ལས་ལམ་འགྱུར་བའི་ཐང་ཆེན་ལ།།
ཚན་རྩལ་ཅང་ཤེས་རྟ་ཕོའི་བང་རྩལ་གྱིས།།
འགོག་མེད་གོམ་འགྲོས་མྱུར་དུ་རབ་མགྱོགས་པས།།
ཤེས་དམན་བདག་གིས་རྗེས་སུ་ག་ལ་ཟིན།།
ཚུལ་གསུམ་རིག་པའི་རྟགས་ཀྱི་གནས་ལུགས་སུ།།
ལས་འབྲས་མི་བསླུ་སྡུག་བསྔལ་ཟད་པའི་ཐབས།།
ཡོད་མེད་ཞིབ་ཏུ་དཔྱད་དེ་བལྟ་གྲུབ་ལ།།
ཚུལ་བཞིན་བརྟག་ན་ནང་པའི་གཞུང་དོན་རྙེད།།
བཀོད་པ་དབྱིབས་གཟུཊ་ཕྲ་མཐོང་མིག་ཤེལ་ངོས།།
བདེན་བརྫུན་མཐོང་ཆོས་མངོན་པའི་ཚན་རིག་པ།།
དེང་གི་འཕྲུལ་རིགས་རྩལ་གྱི་ནུས་སྟོབས་ཀྱིས།།
མངོན་འདོད་དགོས་མཁོ་བསྐྲུན་པ་ཁྱོད་ཀྱི་གཤིས།།
ཐབས་མཁས་ཐུགས་རྗེ་ཤཱཀྱའི་རྒྱལ་པོ་ཡིས།།
འདས་ཟིན་བགྲང་བྱ་ཉིས་སྟོང་ལྔ་བརྒྱ་ནས།།
མི་སློབ་ཟུང་འཇུག་རྒྱལ་བའི་གོ་འཕང་བར།།
མ་ནོར་བླང་དོར་བློ་མིག་གསལ་བར་འབྱེད།།
ཚན་རྩལ་དཔལ་ཡོན་ལང་ཚོའི་འཇའ་རིས་ལ།།
འདོན་ལྡན་རྐང་གཉིས་ཀུན་གྱིས་ཕྲ་མིག་ཤོར།།
དོན་དམ་ཡུལ་གྱི་གཤིས་ལུགས་རྙེད་དཀའ་བས།།
ཡིད་ཆེས་དྭངས་མ་ནང་ཆོས་གཞུང་ལ་བཅོལ།།
སྣ་ཚོགས་ཁམས་དང་མོས་པ་མི་གཅིག་པས།།
དབང་ཆེ་ཚངས་དང་ཉི་མ་ཟླ་བ་སོགས།།
འཇིག་རྟེན་བསྐྲུན་པའི་བྱེད་པོ་དཀོན་མཆོག་ཅེས།།
སྐྱབས་སུ་བསྟེན་པའི་གྲུབ་མཐའ་མང་ན་ཡང་།།
རང་གཞན་གཏན་གྱི་འཁོར་བའི་སྡུག་བསྔལ་ལས།།
བགྲོད་པའི་ལམ་བཟང་རྟེན་ཅིང་འབྲེལ་བའི་ཚུལ།།
ཇི་བཞིན་འཚེ་མེད་དཔྱོད་པའི་ངང་ཚུལ་གྱིས།།
ལྟ་སྤྱོད་ཟབ་པའི་ནང་པའི་བསྟན་འདི་རྨད།།
གཞི་ཡི་གནས་ལུགས་དཔྱོད་པའི་ནང་པ་དང་།།
དངོས་ཐོག་བདེན་རྫུན་འབྱེད་པའི་ཚན་རྩལ་གཉིས།།
ལེགས་ཚོགས་ནུས་པའི་གཅིག་ཏུ་རབ་བསྡུས་ཏེ།།
འཐབ་རྩོད་དུས་ངན་ལམ་འདི་ལྡོག་པར་ཤོག།


བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -