ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.11.2014 22:20:34
གངས་དཀར་སེམས།

ཁ་ཆེའི་ལོ་རྒྱུས་ཐོག་གི་རྒྱལ་མོ་ཐོག་མ།
བྲན་གཡོག་ནས་རྒྱལ་མོ་བར་གྱི་ལོ་རྒྱུས། ཟཱོ་ཝེ་ཀྱེ་ཡེ་ཏུའུ ། Suojileidu

གཡུལ་འཐབ་ཀྱིས་རྐྱེན་པས་ཟཱོ་ཝེ་ཀྱེ་ཡེ་ཏུའུ་བྲན་མོ་ཞིག་ཏུ་གྱུར། འོན་ཀྱང་མོས་སོ་སོའི་བློ་གྲོས་ལ་བརྟེན་ནས་གོམ་པ་རིམ་འཛེགས་ཀྱིས་རྒྱལ་མོའི་ཁྲི་ཐོག་སླེབས། ཁོ་མོས་ཕུལ་བྱུང་གི་བློ་གྲོས་ཀྱིས་འཐབ་འཁྲུག་ནང་གི་དགྲ་དམག་ཕམ་ཁར་བཏང་རྗེས་ཁ་ཆེའི་འཇིག་རྟེན་གྱི་ལོ་རྒྱུས་ཐོག་གི་རྒྱལ་མོ་ཐོག་མ་དེ་ཆགས།
༡༢༣༢ ལོར། ཟཱོ་ཝེ་ཀྱེ་ཡེ་ཏུའུ་ནི་ཐྲ་ཀིའི་ Turkey མཱ་མ་རའི་ Marmara རི་གྲོང་ཆུང་ཆུང་ཞིག་ལ་སྐྱེས། ཁོ་མོ་རང་ལོ་༡༤  སོན་སྐབས་ཧྥ་རན་ཟིའི་ France ཤར་སྐྱོད་བཙན་འཛུལ་དམག་གིས་མོའི་ཕ་ཡུལ་ལ་དྲག་པོས་བཙན་གནོན་བྱས། གཡུལ་འཐབ་ནང་མོའི་ཕ་མ་དང་གཅེན་མོ་གཉིས་བཙན་འཛུལ་བས་དམར་བསད་བཏང་བ་དང༌། མོ་རང་འཛིན་བཟུང་བྱས་ཏེ་བྲན་མོ་ཞིག་ཏུ་བསྒྱུར།

༡༢༤༦ ལོའི་ཟླ་༩ པར་པཱ་གྷི་ཏའི་ Baghdad རྒྱལ་པོ་ཁཱེ་ལི་ཧྥི་ Caliph བྲན་གཡོག་ཚོང་བསྒྱུར་གྱི་ཁྲོམ་ར་ནས་སོང་བའི་སྐབས་སྐེ་ལ་ཤིང་བྱང་བསྐལ་བའི་ཟཱོ་ཝེ་ཀྱེ་ཡེ་ཏུའུ་མཐོང་སྐབས། ཁོའི་མིག་ནང་འོད་འཚེར་བ་ལྟར་བུ་མོ་ཧ་ཅང་མཛེས་མ་དེ་མཐོང༌། དེས་མི་ཚད་མཛེས་མ་དེའི་མིག་ནང་བྲན་གཡོག་ཚོའི་ཉམས་དམའ་མོའི་མདང་ཞིག་མངོན་གྱི་མེད་པ་མ་ཟད། དེ་ལས་ལྡོག་སྟེ་མོ་ནི་ཁེངས་དྲེགས་ཆེ་བའི་སྐུ་དྲག་མ་ཞིག་དང་མཚུངས། ངོ་གདོང་དང་གཟུགས་པོའི་ཐོག་གི་རྨ་ཤུལ་དེ་ཚོའང་མོའི་ཁེངས་སྤོབས་ཀྱིས་ཉོས་པ་ཞིག་ཡིན་པ་མངོན་གསལ་དོད། རྒྱལ་པོ་ཁཱེ་ལི་ཧྥིས་མོ་ལ། ཁྱོད་བྲན་གཡོག་ཅིག་ཡིན་ནམ། ཞེས་འདྲི་དུས། མོས་སྐད་ཤུགས་ཆེན་པོས་ངས་བྲན་གཡོག་ཉོ་ཚོང་བྱེད་མཁན་ཚོ་མ་བསད་པའི་སྔོན་ལ་ཁྱོད་ཀྱིས་དུས་ཡུན་ནང་ང་ལ་དེ་འདྲ་འབོད་ཅིག ཅེས་ལན་སྤྲད། རྒྱལ་པོ་ཁཱེ་ལི་ཧྥིས་དགོད་མོ་ཤུགས་ཆེན་འཆོར་བཞིན་དེ་མུར་བྲན་གཡོག་གཞན་ལས་རིན་གོང་ལྡབ་ ༢༠ ཡིས་མང་བའི་བུ་མོ་དེ་ཉོས་པ་རེད།

ཐོག་མའི་དུས་སུ་ཟཱོ་ཝེ་ཀྱེ་ཡེ་ཏུའུ་རྒྱལ་པོའི་ཕོ་བྲང་ནང་གི་གཡོག་ལས་ཚུལ་གྱིས་བསྡད། རྒྱལ་པོ་ཁཱེ་ལི་ཧྥིས་དམིགས་བསལ་དུ་མོ་རང་གསོ་སྐྱོང་བྱ་བསམ་པ་དང༌། མོ་རང་ལ་ལམ་ལུགས་ཟེར་བ་དེ་འདྲ་ཏོག་ཙམ་ཤེས་སུ་འཇུག་དགོས་སྙམ། ཕོ་བྲང་དུ་བུད་མེད་གཞན་ཡོད་དོ་ཅོག་གིས་མོ་རང་མི་ནག་དང་བྲན་གཡོག་ཡིན་པའི་རྐྱེན་གྱིས་མཐོང་ཆུང་བྱེད་པ་མ་ཟད། མོ་བྲན་མོ་ལྟར་བསྐོལ་སྤྱོད་བྱེད་དགོས་བསམ་ནས་ཡོད།

འོན་ཀྱང་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་རྒྱལ་པོའི་རིགས་རྒྱུད་ཚོར་མགོ་བོ་ཞུམ་ཞུམ་བྱེད་མཁན་གྱི་ཕོ་བྲང་ནང་གི་བུད་མེད་དེ་ཚོར་མཐོང་ཆུང་བྱས་ཅིང་བུད་མེད་དེ་དག་ནི་བྲན་གཡོག་ལས་ཐབས་སྡུག་ཅིག་ལ་ངོས་འཛིན་བྱས། དེ་ནས་བུད་མེད་དེ་ཐོག་མར་མོ་རང་ལ་གཡོག་ལས་བསྐོལ་རྒྱུ་ཡིན་བསམ་པའི་གནས་སྟངས་ནས་ཁོ་ཚོས་ཟཱོ་ཝེ་ཀྱེ་ཡེ་ཏུའུ་མཐོང་བ་ཙམ་གྱིས་གབ་ཡིབ་ཀྱིས་རེ་རེ་བཞིན་མོའི་དྲག་རྩལ་ཤེས་པའི་དབང་གིས་རྡུང་རྡེག་རག་པར་ཞེད་སྣང་སྐྱེས་ནས་བསྡད། ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་དྲག་རྩལ་ཤེས་པ་མ་ཟད་སྤྱང་གྲུང་འཛོམས་ཤིང་ཐབས་ཇུས་ལ་མཁས་པ་ཞིག་ཡོད། མོའི་རྡུང་རྡེག་རག་མྱོང་བའི་བུད་མེད་དེ་དག་སུ་ཡིན་ཡང་སྐད་ཙམ་འབྱིན་མི་ཕོད་པ་མ་ཟད། དེ་ལས་ལྡོག་ཏེ་མོ་ལ་ཉེ་མདོག་བཏོན་མཁན་ཆགས་པའི་ནང་ཕོ་བྲང་ནང་གི་གཙོ་གཉེར་བའང་ཡོད་པ་རེད།

རྒྱལ་པོ་ཁཱེ་ལི་ཧྥིས་གནས་ཚུལ་དེ་ཤེས་རྗེས་འབྲོང་རྒོད་ལྟ་བུའི་བུད་མེད་འདི་ནི་ཁོ་བོས་བཅུན་ཐུབ་པ་ཞིག་མིན་པར་ཤེས། དེ་ནས་ཁོས་མི་སྣ་གཞན་ཞིག་དང་བུད་མེད་འདི་གཉིས་ནི་གནམ་བདག་རྒྱལ་པོས་ལས་དབང་གཅིག་ལ་བསྐོས་པ་ལྟར་ཚོར་ཞིང་ཡིད་ལ་འཁོར། གང་ཟག་དེ་ནི་ཨཱི་ཀྱེབ་ཐི་ Egypt རྒྱལ་ཁབ་ཀྱི་རྒྱལ་པོ་ཟཱ་ལ་ཧེ་ Saleh རེད། ཟཱ་ལ་ཧེ་རྒྱལ་པོས་མ་རྒྱུད་སུའུ་ཏན་ Sudan བརྒྱུད་འཛིན་བྱས་ཤིང་དེའང་མི་ནག་ཅིག་རེད། ཟཱ་ལ་ཧེ་རྒྱལ་པོའི་སྐྲ་སུ་ལུ་ཅན་དང་རང་གཤིས་རྩིང་ཞིང་དཔའ་ངར་དང་ལྡན་པ། གཡུལ་འཐབ་ལ་མཁས་པ་ཞིག་རེད། དེ་སྔོན་ཁོས་རྒྱལ་པོ་ཁཱེ་ལི་ཧྥིར་ཁོ་རང་དང་འཚམས་པའི་བུད་མེད་ཅིག་རག་གི་མེད་ཚུལ་བཤད་མྱོང་ཡོད་པ་རེད།

༡༢༤༧ ལོའི་ཟླ་ ༦ པར་རྒྱལ་པོ་ཁཱེ་ལི་ཧྥིས་ཟཱོ་ཝེ་ཀྱེ་ཡེ་ཏུའུ་རྒྱལ་པོ་ཟཱ་ལ་ཧེར་ལག་རྟགས་སུ་སྦྱིན། སྐབས་དེར་ཟཱ་ལ་ཧེ་རྒྱལ་པོ་དང་ཟཱོ་ཝེ་ཀྱེ་ཡེ་ཏུའུ་གཉིས་ཕན་ཚུན་ཐུག་པ་ཙམ་གྱིས་ཕྱོགས་གཉིས་ཀ་ཧད་ནས་ལུས། ཕན་ཚུན་ཧད་ནས་ལུས་སྟངས་དེ་ནི་ཁོ་རང་གཉིས་ལ་མཚོན་ན་མི་ཚེའི་ནང་ཐེངས་དང་པོ་ཡིན་ཞིང༌། དེ་ནས་ཕྱོགས་གཉིས་ཀའི་གདོང་དམར་པོའང་ཆགས། རྒྱལ་པོ་ཁཱེ་ལི་ཧྥིས་གད་མོ་ཤོར་བཞིན་ཟཱོ་ཝེ་ཀྱེ་ཏུའུ་ལ་ཁྱོད་ཀྱིས་ཅི་ཞིག་མཐོང་སོང་ངམ། ཞེས་དྲིས་པར་མོས་ངས་ལྷ་བྱ་ཐང་དཀར་རྒོད་པོ་ཞིག་མཐོང་བྱུང༌། ཞེས་བཤད་སྐད།

ཐང་དཀར་རྒོད་པོ་ནི་སེང་གེ་དང་འདྲ་བའི་ཕོ་རྒོད་འདིའི་སེམས་ནང་གི་མཚོན་རིས་ཅིག་རེད།

དེ་ནས་ཕོ་མོ་འདི་གཉིས་ཕྱོགས་ནས་བརྩེ་དུང་གཟི་མདངས་ཀྱི་མཛེས་སྡུག་ཅིག་ཕྱིར་མངོན་བཞིན་ཡོད། རྒྱལ་པོས་བྲན་མོ་ཞིག་བཙུན་མོར་གདམ་ཐོན་བྱས་པ་དེ་ནི་སྐབས་དེར་མི་དང་ལྷ་གཉིས་ཀས་ཁོང་ཁྲོ་ཟ་བའི་རྒྱུ་ཁོ་ནར་ཟད། རྒྱལ་ཡོངས་དང་ཕོ་བྲང་ནང་གང་སར་ལོག་བཤད་ཀྱིས་ཁེངས། ལ་ལས་རྒྱལ་པོར་རེ་བསྐུལ་དང་སྐྱབས་འཇུག་ཞུས་པ་མ་ཟད། ཡང་ལ་ལས་དེ་བས་ངོ་རྒོལ་གྱི་ལམ་ནས་གྱེན་ལངས་ཀྱང་བྱ་བརྩིས་ཡོད། འོན་ཀྱང་རྒྱལ་པོ་ཟཱ་ལ་ཧེས་གནས་སྟངས་དེར་ཟཱོ་ཝེ་ཀྱེ་ཏུའུ་བཙུན་མོ་དངོས་སུར་ངོས་འཛིན་དང༌། དུས་མཚུངས་སུ་ཟཱོ་ཝེ་ཀྱེ་ཏུའི་སོ་སོའི་བློ་གྲོས་དང་ནུས་ཤུགས་ལ་བརྟེན་ནས་ཁྲཱ་ཀེའི་ Turkey བྲན་གཡོག་ཉོས་ཏེ་བྲན་གཡོག་གི་སྐུ་སྲུང་དཔུང་ཁག་ཅིག་བཙུགས། ཟླ་བ་ཁ་ཤས་ནང་ཕོ་བྲང་ནང་མོ་རང་ལ་ངོ་རྒོལ་བྱེད་མཁན་ཚང་མ་མོའི་ཁ་ལ་ཉན་ཐུབ་པ་བཟོས། རྒྱལ་པོའི་བཙུན་མ་གཞན་ཁག་ཅིག་མཉམ་རུབ་ཀྱིས་མོ་ལ་ཁ་གཏད་གཅོག་པ་དེའང་ཕམ་ཁར་ལྷུང༌། མཐར་ཕོ་བྲང་ནང་གི་དཔོན་བློན་ཡོངས་ནས་ཁ་ཞེ་གཉིས་མེད་ཀྱིས་མོའི་མདུན་དུ་སྤུས་མོ་སར་བཙུགས་ཏེ་ངུ་ངག་དང་བཅས། ང་ཚོར་གུང་ཡངས་སྤྲོད་རོགས་མཛོད། ང་ཚོ་ཁྱེད་ལ་མགུ་སོང༌། ད་ནས་བཟུང་ང་ཚོས་ཁྱེད་ལ་ངོ་རྒོལ་བྱ་མི་ཕོད་་་་བཅས་འབོད་པ་རེད།

སྐབས་དེར་ཟཱོ་ཝེ་ཀྱེ་ཡེ་ཏུའུ་འཛུམ་དང་བཅས་བཤད་དོན། བྲན་གཡོག་ལ་མཐོང་ཆུང་བྱེད་མཁན་ཁྱོད་ཚོ་སུ་ཕྱིར་དོན་ནས་ང་དང་གཅིག་འགྲན་ཕོད་དམ། གཟུགས་པོ་དང་བླ་སྲོག བློ་གྲོས་དང་ཤེས་བྱ། དྲག་རྩལ་སོགས་རྒྱལ་ཁབ་ཀྱི་དོན་ཆེན་དང་ཁྱིམ་ཚང་གི་དོན་དག་གང་ཡིན་ཡང་འགྲན་བསྡུར་བྱ་ཕོད་ན་འགྲིག ཅེས་བཤད། ཐེངས་གཅིག་མི་ཞིག་གིས་ཁོ་མོ་དང་འགྲན་བསྡུར་བྱས་མྱོང༌། འོན་ཀྱང་མོས་མི་དེ་བསད་བཞག་པ་རེད། མཐའ་མཇུག་དེར་མི་སུ་གཅིག་གིས་ཀྱང་མོ་དང་འགྲན་མི་ཕོད་པར་ཚང་མའི་སེམས་ནང་བྲན་གཡོག་ལ་ཐང་དཀར་རྒོད་པོའི་བླ་སྲོག་ཞུགས་ཚར་བའི་དུས་སུ་གང་ཟག་སུ་འདྲ་ཞིག་ཡིན་ཡང་མོ་རང་ཕམ་ཁར་གྱར་ཐབས་མེད་པ་ཤེས་ཀྱི་ཡོད། གང་ཡིན་ཟེར་ན་སྲ་བརྟན་གྱི་ནུས་ཤུགས་དེ་ནི་སྡུག་བསྔལ་དང་ཁོང་ཁྲོ་ནས་བྱུང་ཞིང༌། དེ་བས་སྡུག་བསྔལ་དང་ཁོང་ཁྲོ་དེའང་བྲན་གཡོག་ཅིག་གི་ཕྱོགས་ལ་ཧ་ཅང་མདང་ངེས་ཡོད་པས་ཡིན། དེར་བརྟེན་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་ཕོ་བྲང་ནང་ལས་ཀྱི་དབང་ཆ་ཆེན་པོ་དེ་བདག་འཛིན་བྱས།

༡༢༤༩ ཟླ་ ༥ པར་ཧྥ་རན་ཟིའི་ French རྒྱལ་པོ་ལུའུ་དབྱིས་ལོ་གསུམ་གྱི་གོ་བསྒྲིག་བྱས་རྗེས་དམག་མི་ཁྲི་ ༣༦ བསྡུས་ཏེ་རྒྱ་གྲམ་རྟགས་ཅན་གྱི་དམག་དཔུང་ཞིག་བཙུགས། རྒྱལ་པོ་ལུའུ་དབྱིས་སྐུ་དངོས་སུ་དམག་གྲུ་༡༨༠༠ འགོ་འཁྲིད་དེ་ཨཱི་ཅེབ་རྒྱལ་ཁབ་ལ་ཁ་ཕྱོགས་ནས་སོང༌། ཐོག་མར་ནཱེལ་ Nile གཙང་པོའི་ཤར་བརྒྱུད་ཀྱི་ཆུ་ཕྲན་མདོའི་ཏཱ་མི་ཐ་མཚོ་འགག Damietta Port བཙན་བཟུང་བྱས། དུས་དེར་ཟཱ་ལ་ཧེ་རྒྱལ་པོར་ན་ཚས་མནར་བཞིན་པའི་ཐོག་གསང་ཉུལ་གྱིས་དགྲ་ལ་བློ་གཏད་མཁན་བྱུང་བར་བརྟེན་རྒྱ་གྲམ་དམག་དཔུང་གིས་ཏཱ་མི་ཨེ་ཐི་ Damietta གྲོང་ཁྱེར་བཙན་བཟུང་བྱས། རྒྱལ་པོ་ཟཱ་ལ་ཧེ་གཡོག་པོས་སྒོ་ཁྲིའི་ཐོག་སྟེགས་ཏེ་ནཱེལ་གཙང་པོ་བརྒལ་ནས་གཡུལ་འཐབ་ཀྱི་མདུན་སར་དམག་མི་བཀོད་འདོམ་བྱེད་དགོས་ཅེས་བཤད། དེ་ནས་གཡུལ་འཐབ་དེ་ཟླ་ངོ་ ༥ ཙམ་རྒྱུན་མཐུད་བྱས། རྒྱལ་པོ་ཟཱ་ལ་ཧེའི་ན་ཚ་ཚབ་ཆེ་བའི་རྐྱེན་གྱིས་མཱམ་ཟོ་རི་དམག་སྒར་ Mansoura Camp དུ་འདས་གྲོངས་སུ་གྱུར། ཨཱི་ཅེབ་རྒྱལ་ཁབ་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད།

སྐབས་དེར་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་བློན་ཆེན་ཡོངས་བསྐོང་སྟེ་ཐོག་མཐའ་བར་གསུམ་དུ་ལྐོག་ཏུ་མོ་རང་ལ་ངོ་རྒོལ་བྱེད་མཁན་བློན་ཆེན་ཚོར། སུས་རྒྱལ་ཁབ་སྐྱོབས་ཐུབ་ན་དེ་རྒྱལ་པོ་ཡིན། སུ་ཕྱིར་དོན་ཕོད་དམ། ཞེས་འབོད་སྒྲ་སྒྲོག འོན་ཀྱང་མི་སུའང་ཕྱིར་དོན་མེད་པ་རེད། དེ་ནས་ཁོ་མོས་སུ་གང་གིས་རྒྱལ་ཁབ་སྐྱོབས་མི་ཐུབ་ན་ད་མོ་རང་མ་གཏོགས་མེད་ཅིང་མོའི་བཀོད་འདོམས་ལ་ཉན་དགོས་ཅེས་བསྒྲགས། མོས་རྒྱལ་པོ་འདས་གྲོངས་སོང་བའི་གནས་ཚུལ་གསང་བ་བྱས་པ་དང༌། དེ་སྔོན་མོས་སྦྱོང་བརྡར་སྤྲད་མྱོང་བའི་བྲན་གཡོག་སྐུ་སྲུང་དམག་དེ་དག་གིས་གཡོ་འགུལ་བྱེད་བཞིན་པའི་རྒྱལ་རྒྱུད་ཀྱི་སྐུ་དྲག་ཚོར་དེ་མུར་བཅུན་ཐབས་བྱས་པ་མ་ཟད། དེ་མིན་རྒྱལ་པོའི་ལག་བྲིས་ལ་སྦྱང་སྟེ་གཡུལ་འཐབ་མུ་མཐུད་ཀྱིས་ཚོད་འཛིན་བྱེད་དགོས་པའི་ཡིག་ཐོག་ནས་བཀའ་རྒྱ་བཀྲམས། དེ་བཞིན་རྒྱལ་དོན་ཕྱིར་རྒྱུན་ཆད་མེད་པར་བློན་ཆེན་དང་དམག་སྤྱི་ཐུག་འཕྲད་ཀྱིས་དོན་དམ་པའི་རྒྱལ་ཁབ་གཅིག་གི་འགོ་འཁྲིད་ཀྱི་བྱ་བ་སྤེལ་པར་མི་རྣམས་ཀྱིས་མོ་ལ་གོང་བསྐུར་ཞུས་པ་དུས་མཚུངས་མོ་ལ་འཇིགས་སྣང་ཡང་སྐྱེས།

༡༢༥༠ ཟླ་ ༢ འགོར་ཧྥ་རན་སིའི་དམག་མི་གློ་བུར་དུ་མཱན་ཟུ་ར་ Mansoura གྲོང་ཁྱེར་དུ་འཛུལ་སྟབས་ཨཱེ་ཅེབ་དམག་མི་ཚོར་མངོན་འགོག་གང་ཡང་མེད་པར་ཟང་ཟིང་དུ་གྱུར། དམག་སྤྱི་ཧྥེ་ཁེ་ཊིན་ Fakuerding ཁྲ་སྨུག་ཙམ་གྱོན་ལོང་མེད་པར་དགྲ་བོའི་ངར་གྲིའི་འོག་ཏུ་ཤི མིག་མདུན་མཱན་ཟུ་རར་ཉེན་ཁ་ཆེན་པོ་འཕྲད་བཞིན་པའི་སྐབས་གློ་བུར་དུ་དམག་སྒར་ཆེན་པོའི་ཕྱོགས་བཞིར་རྔ་སྒྲ་ལྡིར་ལྡིར་གྱིས་གནམ་སར་ཁེངས་པ་ལྟར་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་སྐུ་སྲུང་དམག་དཔུང་འགོ་འཁྲིད་དེ་གཡུལ་འཐབ་ཀྱི་དུང་སྒྲ་བཏང༌། དེ་ནས་གཡུལ་ལས་དུས་ཡུན་ནང་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཧྥ་རན་སིའི་མྱུར་རྒོལ་དམག་དཔུང་རྣམས་དམག་སྤྱི་རཱོ་པེ་ཐི་ Robert གཙོས་དམག་མི་གཅིག་ཀྱང་མ་ལུས་པར་ཚང་མ་དེར་བསད། ཨཱེ་ཅེབ་དམག་དཔུང་གིས་གཡུལ་སའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་ཕར་རྒོལ་བྱས་རྗེས་གཙང་པོ་བརྒལ་མཁན་ལུའུ་དབྱིའི་དམག་དཔུང་གཙོ་བོ་ལའང་ཕམ་ཉེས་བྱུང་བར་བརྟེན། རྒྱལ་པོ་ལུའུ་དབྱིས་དམག་མི་གཞན་ཡོངས་རྫོགས་ཕྱི་འཐེན་དགོས་པའི་བཀའ་རྒྱ་བཏང༌། མི་རྣམས་ཀྱིས་སྐབས་དེར་ད་ནི་བྲན་གཡོག་ནི་རྒྱལ་ཁབ་འདི་སྐྱོབས་ཐུབ་མཁན་ལས་གཞན་མེད་པར་ཤེས་རྟོག་བྱུང༌། ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་དེ་སྔོན་བྲན་གཡོག་དམག་དཔུང་བཙུགས་པའི་དུས་ནས་ཉིན་འདི་འདྲ་ཞིག་འཆར་ངེས་པར་སྔོན་དཔག་ཐུབ་ཡོད་ལ། བྲན་གཡོག་ཚོ་ཁབ་ཙམ་ལའང་སེམས་ཆགས་ས་མེད་ཅིང༌། བྲན་གཡོག་ཁོ་ནས་སྡུག་དགུ་མྱོང་ཞིང་ལུས་སེམས་བདེ་ཐང་དུ་གནས། བྲན་གཡོག་ཁོ་ནས་དཔའ་ངར་ཞུམ་མེད་ཀྱིས་ལྷ་འདྲེ་གདོན་འགེགས་ལ་འཇིགས་སྐྲག་མེད། དེ་བཞིན་བྲན་གཡོག་ཁོ་ནས་མོ་རང་ལྟ་བུའི་བྲན་གཡོག་གི་རྒྱལ་པོ་ཞིག་ལ་རེ་བ་ཆ་ཚང་བཅོལ་བཞིན་པ་ཡིན།

ཅིའང་མེད་པའི་རྒྱལ་སྲས་ཀཱེ་ཟ་ཏིང་ GaSiding གིས་རྒྱལ་ཁར་ཕེབས་བསུའི་མཛད་སྒོ་གཙོ་སྐྱོང་བྱས། ཟཱོ་ཝེ་ཀྱེ་ཡེ་ཏུའུ་དམིགས་སུ་བསྐལ་ཏེ་མཛད་སྒོར་མ་ཞུགས་པར་ཕོ་བྲང་དུ་བསྡད་དེ་གནས་ཚུལ་ལ་འགྱུར་ལྡོག་ཡོང་མིན་རྟོག་ཞིབ་བྱས། ཁོ་མོས་རྒྱལ་རྒྱུད་ཀྱི་དཔོན་བློན་ཚོའི་གཤིས་སྤྱོད་ཤེས་ཀྱི་ཡོད་ལ། དེ་དག་ལ་གཡུལ་འཐབ་སྐབས་སུ་འཇོན་ཐང་སྤུ་ཙམ་བཏོན་རྒྱུ་མེད་ཀྱང་རྒྱལ་པོའི་གོ་དབང་རྩོད་ལེན་བྱ་བར་ཚང་མ་བྱང་ཆ་དོད་པ་ཤ་སྟག་ཡིན་པར་ཤེས་ཀྱི་ཡོད།

ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་སྔོན་དཔག་བྱས་པ་ལྟར་དཔོན་བློན་དེ་དག་ཕན་ཚུན་འུར་བསྟོད་དང་གསང་བའི་སྒོ་ནས་ལྐོག་ཇུས་གཤམ་ཞིང༌། འཐབ་འཛིང་སྐབས་རྒྱལ་ཁ་དངོས་སུ་ཐོབ་མཁན་གྱི་བྲན་གཡོག་སྐུ་སྲུང་དམག་གི་དམག་དཔོན་དེ་དག་ཟུར་ཞིག་ལ་བཀོད་འདོམས་བྱས་ཏེ་ཁོ་ཚོའི་བྱས་རྗེས་ཀྱི་ཟུར་ཙམ་ཡང་མ་གླེང་བར་བཞག དེས་མ་ཚད་རྒྱལ་པོ་གསར་པ་བསྐོ་བཞག་སྐོར་གསང་གྲོས་ཀྱིས་ཕོ་བྲང་ནང་གི་བྲན་གཡོག་དེ་དག་གཙང་དག་བཟོ་རྒྱུའི་ངན་གྲོས་བྱས། གནས་སྟངས་དེར་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་སྔོན་ནས་གྲ་བསྒྲིག་ཨང་གསར་ཡོད་པ་རེད། མོས་བཀའ་རྒྱ་ཐེངས་གཅིག་གིས་ཁོང་ཁྲོ་མེ་ལྟར་འབར་བའི་བྲན་གཡོག་དམག་མི་རྣམས་ཚོགས་འདུར་བཙན་འཛུལ་གྱིས་བློན་ཆེན་ཆེ་གྲལ་ཀཱེ་ཟི་ཏིང་དམར་བསད་བཏང༌། བྲན་གཡོག་ནས་བྱུང་བའི་དམག་སྤྱི་དང་དམག་མི་དེ་དག་བརྒྱ་ཁ་གཅིག་ཆོད་ཀྱིས་ཟཱོ་ཝེ་ཀྱེ་ཡེ་ཏུའུ་རྒྱལ་པོར་གནང་རྒྱུར་དགའ་བསུ་ཞུས།

ཉིན་གཉིས་པར་ཁཱེ་རོ་ Cairo རྒྱལ་ཁང་དུ་རྒྱལ་སྟོན་གྱི་མཛད་སྒོ་དྲ་རྒྱས་པོ་ཞིག་འཚུགས། ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་ལུས་ལ་དར་གོས་ཆེན་གྱི་རྒྱལ་པོའི་ནམ་བཟའ་ཀླུབ་ཅིང་ལག་ཏུ་གསེར་གྱི་མཁར་དབྱུག་འཛིན། གདོང་ལ་སང་རས་བཀབ་ཏེ་རྒྱལ་པོའི་གསེར་གྱི་ཁྲི་ཐོག་ལྷོད་ཀྱིས་བསྡད། རྒྱལ་པོའི་དཔོན་འབངས་ཡོངས་ཀྱི་བཀྲིས་སྨོན་ཚིག་བགྲང་བའི་འོག་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཁ་ཆེའི་ལོ་རྒྱུས་ཐོག་གི་རྒྱལ་མོ་ཐོག་མ་དེ་ཆགས། ལོ་ངོ་༨༠༠ ཡི་རིང་མི་སེམས་ལ་གཡོ་འགུལ་ཆེས་ཆེར་ཐེབས་ཐུབ་པ་དེ་ནི་ཟཱོ་ཝེ་ཀྱེ་ཡེ་ཏུའུ་ཡིས་བྲན་གཡོག་དམག་དཔུང་གསར་འཛུགས་སྐབས་སུ་བྲན་གཡོག་གི་བསྒྲགས་གཏམ་དེ་རེད། དེའི་ནང་ང་ཚོ་བྲན་གཡོག་ཡིན། དེའི་རྐྱེན་གྱིས་ང་ཚོས་འཛམ་གླིང་འདི་རྒྱབ་ཏུ་འཁྱེར་ཡོད། ང་ཚོ་བྲན་གཡོག་ཡིན། དེའི་རྐྱེན་གྱིས་ང་ཚོས་འཛམ་གླིང་འདི་འཛུགས་སྐྲུན་བྱེད་ཅིང་འཛམ་གླིང་འདི་གསོ་བཞིན་ཡོད། ང་ཚོ་བྲན་གཡོག་ཡིན། ང་ཚོ་སྲོང་པོར་ལངས་པ་ཙམ་གྱིས་སྐད་སངས་མཐོན་པོས་འོ་འདོད་འབོད་པ་ཡིན་ན། དེ་ནས་འཛམ་གླིང་འདི་ང་ཚོའི་རེད། ཅེས་པ་དེ་ཡིན་ནོ།

འབྲེལ་ཐག


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -