ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.11.2014 03:31:02
གངས་དཀར་སེམས།

དྲག་ཆར་མཇུག་བསྒྲིལ་ཟིན་ཡང༌། བར་དབྱིངས་སུ་ད་དུང་སྨུག་སྤྲིན་འཁོར་འདུག སེམས་ལའང་མུན་པ་རུབ་ཡོད། སྟོན་དུས་འགོ་འབུས་སྐབས་འདིར། རྟ་བདུན་དབང་པོའི་སྐྱ་ཐེང་ངེར་གྱི་དྲོད་རླབས་དེ་ཅི་ཞིག་ཡིན་ནམ། ནང་གྲང་ངར་ལ་སེམས་གསོ་མི་ཐུབ་ཅིང༌། ཕྱི་དྲག་ཆར་ལའང་རྒོལ་མི་ཕོད། ཚང་མ་སྔར་བཞིན་འདར་སིག་སིག་ངང་གནས།


images/stories/427866_10151134707996877_915759244_n.jpg

ཅི་འདྲ་ཡ་ང་བའི་གནས་སྟངས་ཤིག དྲེགས་པ་དེ་མིག་མདུན་ཉུར་ཡང༌། གོ་ལའི་འབྱུང་འགྱུར་སྔར་བཞིན་རྒྱུ། ལོ་ངོ་སྟོང་ཕྲག་སྔོན་གྱི་མེས་པོའི་དུར་སར། བདུག་སྤོས་ཀྱི་དྲི་ཞིམ་འཁྱིལ་ཡོད་ཟེར། དྲག་ཆར་དང་རླུང་འཚུབ་དབུས་སུ། ངས་མེས་པོའི་ཤུལ་རྗེས་ལ་ཤི་འཐམ་རོ་འཐམ་བྱེད། མེས་པོ་ལགས། ལེགས་ཉེས་མགོ་ལྡོག་པའི་མི་ཡུལ་འདིར། སེམས་ཁམས་གསོ་ཐུབ་མཁན་སུ་རེད། གནམ་ཨ་སྔོན་ལ་དྭངས་ཤེད་མི་འདུག་ལ། ས་ཆེན་མོར་རྒྱུ་སྤུས་མི་འདུག འདོད་ཧམ་དང་དྲག་རྩུབ། གཤེད་མ་འདིས་ངའི་ལུས་སེམས་གཉིས་རྐྱེན་ལམ་དུ་བཏང་བ་གྲངས་ཀྱིས་མི་ལོངས།

སྨུག་སྤྲིན་དབུས་ཀྱི་ལྕང་ལོ་ལྟར། ངས་གཡས་ཐལ་ཤོར་བའི་དྲག་ཆར། མགོ་བོ་ལྡེམ་ལྡེམ་ཇི་ཙམ་ཤོར། གཡོན་ཐལ་སོང་བའི་དར་ཅོག་དེ་ཚོའང༌། རླུང་གི་ཁ་ཕྱོགས་ཁོ་ནར་གཙིགས་འཛིན་བྱས་སོང༌། གཤོག་པ་མེད་པའི་བྱིའུ་ཆུང་ང༌། གནམ་འཕང་གཅོད་འདོད་ཇི་ཙམ་སྐྱེས། རིགས་མཐུན་གྱི་རྐང་ལམ་ཕྲོད། ཆོས་ཀྱི་དྲིལ་བརྡ་དང་རྒྱ་གླིང་ཉན་ཏེ། སོ་སོར་སེམས་གསོ་ཇི་ཙམ་བྱས། འོན་ཀྱང་དོན་དངོས་ཐོག དྲོད་ཀྱིས་ཉམས་ཟིན་པ་ཚོ། ཁེངས་དྲེགས་ཅིའི་ཕྱིར་བྱེད་ཀྱི་ཡོད་དམ། དོན་དམ་པར་ང་ཚོར་མཁོ་བའི། ནམ་མཁར་འཕུར་བའི་འཇོན་ནུས་དང༌། ས་འོག་འཛུལ་བའི་རྫུ་འཕྲུལ། རྒྱ་མཚོར་སྐྱལ་བའི་སྒྱུ་རྩལ། སུ་གཅིག་ལའང་མི་འདུག ཡོད་པ་ཁོ་ནར་དེ་ནི། རི་བོ་ཆེན་པོ་གསུམ་གྱིས། སེམས་ལ་གཉའ་གནོན་དང༌། ཆུ་བོ་ཆེན་པོ་གསུམ་གྱིས། ཡུལ་ལུང་རྩ་གཏོར་གཏོང་འདོད་པ་ཙམ་མོ། ཀྱི་ཧུད། ཕ་ས་མ་གཞིས་ལ་ད་དུང་
སེམས་རྩ་འཁོར་ཆོག་པ་ཅི་ཞིག་ལྷག་ཡོད་དམ།

འཁྱམ་པོ་ཚོས་སྡུག་སྐད་ཅི་ཙམ་འབྱིན་ཡང༌། དྲེགས་པ་ཚོའི་རྣ་བར་མི་གོ འཁྱམ་མོ་ཚོའི་ངུ་ངག་ཅི་ཙམ་སྐྱོ་ཡང༌། ཁྲམ་པ་ཚོས་སྣང་བ་ཙམ་ཡང་མི་འཇོག ཁྲོམ་གཞུང་གི་སྨྱོན་པ་དེས་མི་ཡུལ་རོ་འཁྱམ་འདི། མིའི་སྡུག་ངལ་ཆེ་ཤོས་རེད་གསུངས་མྱོང༌། ཟློས་གར་ཇི་ཙམ་འཁྲབ་ཀྱང༌། བདེན་པར་འཛིན་མཁན་མེད། ངོ་འཛུམ་ཇི་ཙམ་བྱས་ཀྱང༌། སེམས་མཐུན་ཞེ་མཐུན་མེད། དེང་རབས་ཅན་གྱི་དབུས་སུ། སུམ་མདོར་ལྷག་པའི་ད་ཕྲུག་ཁྱུ་ཚོགས། གཞན་དབང་སྟབས་བསྟུན་འོག བྱེས་འབྱོར་རྣམས་གད་སྙིགས་ལྟར་དོར་སྲིད་ལ། གཞིས་ལུས་ཚོ་ལྕང་ལོ་བཞིན་བསྲེག་ཀྱང་ཆོག

ད་ཡིན་ན་ངས་ཤེས་ཡོད། བྱེ་ཐང་སྤང་ལ་བསྒྱུར་འདོད་དང༌། མེ་རི་གངས་ལྗོངས་ལ་འཕྲུལ། དུག་སྦྲུལ་ལ་སྨོན་སེམས་འཆོལ་ཞིང༌། ངར་སྟག་ལ་གོང་བཀུར་ཞུ་སྟངས་འདི། རྡར་མ་ཚོའི་གར་གཞུང་དང༌། ཅོལ་ཆུང་ཚོའི་ངོ་གདོང་ཙམ་ལས། ངའི་སེམས་ཀྱི་འདུན་མ་ག་ལ་ཡིན། དེ་ངའི་མི་ཚེའི་དམིགས་ཡུལ་མིན་ལ། ངའི་མཛེས་སྡུག་གི་རང་དབང་འཚོལ་བསྙེག་དང་བདེན་པའི་ཕུག་བསམ་དེ་བས་ཀྱང་མིན།

༢༠༡༤།༡༠།༡༦ཉིན་རང་ཤག་ཏུ་བྲིས།


  གངས་དཀར་སེམས།
 

06.11.2014 06:01:35

རྒྱ་གར་ལ་གནས་གཤིས་ཁྱད་པར་མེད་འདུག སྐབས་དེ་དུས་ཁྱེད་རང་ཡུལ་གཞན་གཅིག་ཏུ་ཡོད་པ་འདྲ། ཧ་ཧཧཧཧ་་་་་་སྐུ་རྩེད་བྱས།

 
 
06.11.2014 06:56:52

རྒྱ་གར་རྡ་སར་ཡོད་ལགས། ཧེཧེཧེཧེ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -