ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

28.10.2014 22:50:58
གངས་དཀར་སེམས།

དུས་རབས་བཅུ་དགུའི་ཨིན་ཇིའི་རྩོམ་རིག་སྡེང་ཆའི་ཐོག་གི་པཱོ་རང་ཐི་བུ་མོ་སྤུན་གསུམ། དེང་སང་འཛམ་གླིང་བརྩམས་ཆོས་གྲགས་ཅན། ཅཱེན། བརྩེ་དུང༌། ཞེས་པ་དེ་ཀློག་སྐབས་དུས་རབས་བཅུ་དགུའི་ལོ་རབས་བཞི་བཅུའི་ནང་ཨིན་ཇིའི་རྩོམ་རིག་སྡེངས་ཆའི་ཐོག་དུས་ཡུན་གྲགས་པ་འབར་ཞིང་འོད་འཚེར་བའི་སྐར་མ་འོད་ཆེན་འགའ་བྱུང་མྱོང་བ་ཤེས་བྱུང༌། དེ་དག་ནི་པཱོ་རང་ཐི་བུ་མོ་སྤུན་གསུམ་རེད།


བུ་མོ་སྤུན་གསུམ་ནང་ཆེ་ཤོས་ཞཱ་ལོ་ཐི་པུའུ་རང་ཐི། Charlotte Bronte ༡༨༡༦ ནས་༡༨༥༥ བར་བཞུགས། ཁོ་མོའི་བརྩམས་ཆོས་གཙོ་བོ་ནི་ཅཱེན། བརྩེ་དུང༌། ཞེས་པ་དེ་ཡིན། བུ་མོ་འབྲིང་བ་ཨཱེ་མུ་ལི་པུའུ་རང་ཐི་ Emily Bronte ཡིན། ༡༨༢༠ ནས་༡༨༤༨ བར་བཞུགས། མོའི་བརྩམས་ཆོས་གཙོ་བོ་ནི་འུར་སྒྲ་གྲགས་པའི་གྲོང་རྡལ། ཞེས་པ་དེ་ཡིན། བུ་མོ་སྤུན་གསུམ་གྱི་ཐ་ཆུང་ཨཱན་ཉི་པུའུ་རང་ཐི། Anne Bronte ༡༨༢༠ ནས་༡༨༤༩ བར་བཞུགས། མོའི་བརྩམས་ཆོས་གཙོ་བོ་ནི་ཨཱ་གྷི་ནེ་ཟི་གུ་རེ། Agnes•Gray ཡིན། གཞན་ཡང་མོས་བརྩམས་སྒྲུང་རིང་གྲལ་ཧུའེ་ཏི་ཧྥི་ཨར་གཞིས་སྒར་གྱི་མགྲོན་པོ། བཅས་ཡོད་པ་རེད།

འབྲེལ་ཡོད་ཆེད་མཁས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན་པཱོ་རང་ཐི་བུ་མོ་སྤུན་གསུམ་གྱི་བརྩམས་སྒྲུང་གི་ལུགས་མི་འདྲ་བ་ཡིན།བུ་མོ་ཆེ་བའི་རྩོམ་གྱི་ཚིག་འགྲོས་ལ་མཛེས་ཉམས་དོད་ཅིང་འཆར་ཡན་གྱིས་རང་དབང་ངང་ལྡིང་བའི་ཁྱད་ཆོས་ལྡན་ཆེ། བུ་མོ་འབྲིང་བའི་རྩོམ་ལུགས་སུ་སྟོང་བསམ་དང་ཚོར་ཤུགས་ཀྱིས་ཁེངས་པ་དེ་ནི་དེང་རབས་རིང་ལུགས་ཟེར་བའི་ཁྱད་ཆོས་འགའ་ལྡན་པར་བཤད། བུ་མོ་ཆུང་བའི་རྩོམ་ལུགས་ནི་བག་འཕེལ་ཞིང་དྲང་བདེན་ཤུགས་ཆེ་བའི་རང་བཞིན་ལྡན་ཞིང༌། ཚོད་འཛིན་ཚུལ་མཐུན་ཡིན་པར་བཤད། བུ་མོ་སྤུན་གསུམ་གྱིས་ཨཱིན་ཇིའི་རྩོམ་རིག་ལོ་རྒྱུས་ཐོག་གལ་ཆེན་གྱི་ས་མཚམས་ཤིག་བཟུང་ཡོད།ཁོང་མོ་ཚོའི་བརྩམས་ཆོས་དེ་དག་ཀྱང་ཁོང་ཚོའི་དུས་ཡུན་ཐུང་ཞིང་ཁེར་རྐྱང༌། བསུན་སྣང་དང་སྡུག་ངལ་བའི་མི་ཚེ་དང་མཚུངས་པར་དོན་དངོས་མཚོན་ཐབས་ཀྱི་ནན་ཏན་གྱི་བརྗོད་གཞི་ཐོག་འཆར་ཡན་རིང་ལུགས་ཀྱི་ལྷ་སྒྲུང་ལྟ་བུའི་གསང་བ་ལྐོགས་འགྱུར་གྱི་མཚོན་མདང་ཞིག་བཀྲ་ནས་ཡོད།

བུ་མོ་སྤུན་གསུམ་ཨཱིན་ཇིའི་བྱང་ཕྱོགས་ཀྱི་ཁཱེ་ཅོན་རི་གྲོང་དུ་ཆོས་དཔོན་ཞིག་གི་ཁྱིམ་དུ་སྐྱེས། ཆུང་དུས་ནས་ཨ་མ་འདས་རྗེས་ཕ་ལགས་མཉམ་དུ་ཀློག་འདོན་སྦྱོང་ནས་འཚར་ལོངས་བྱུང༌། ཁྱིམ་ཚང་དབུལ་ཞིང་ཕོངས་པའི་རྐྱེན་གྱིས་བུ་མོ་ཆེ་བ་ཞཱ་ལོ་ཐི་དབུལ་ཕོངས་བྱིས་པ་ཚོའི་ཆེད་དུ་བཙུགས་པའི་སློབ་གྲྭར་བཅའ་སྡོད་བྱས། རང་ལོ་ ༡༩ སྐབས་མོ་རང་སློབ་གྲྭ་དེ་རང་དུ་སློབ་དགེ་བྱས། དེ་རྗེས་བུ་མོ་སྤུན་གསུམ་ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་གྱིས་རྐྱེན་པས་མོ་རང་གསུམ་ས་ཁུལ་གཞན་དུ་ཁྱིམ་ཚང་དགེ་རྒན་ཡང་བྱེད་མྱོང་ཡོད།

བུ་མོ་སྤུན་གསུམ་ཆུང་དུས་ནས་རྩོམ་རིག་དང་མཛེས་རིས། རོལ་དབྱངས་བཅས་སོགས་ལ་ཧ་ཅང་དགའ་མོས་ཡོད་མཁན་ཤ་སྟག་ཡིན། གཞོན་ནུ་མའི་དུས་ནས་རྩོམ་འབྲི་འགོ་བརྩམས་ཤིང་ ༡༨༤༧ ལོར་སྤུན་གསུམ་མཉམ་འབྲེལ་གྱི་སྒོ་ནས་བུ་མོ་འབྲེང་བའི་བརྩམས་ཆོས་གཙོ་གྱུར་གྱི་སྙན་ངག་ཕྱོགས་དེབ་ཅིག་དཔར་སྐྲུན་བྱས། ༡༨༤༧ ལོར་བུ་མོ་ཆེ་བའི་ཅཱེན། བརྩེ་དུང༌།ཞེས་པའི་དཔེ་དེབ་དང༌། བུ་མོ་འབྲིང་བའི་འུར་སྒྲ་གྲགས་པའི་རི་གྲོང༌། བུ་མོ་ཆུང་བའི་ཨཱ་གྷི་ནེ་ཟི་གུ་རེ། ཟེར་བའི་དེབ་བཅས་བརྩམས་དེབ་དེ་ཚོ་རིམ་གྱིས་པར་འགྲེམས་བྱས་པར་སྐབས་དེའི་ཨཱིན་ཇིའི་རྩོམ་རིག་སྡེངས་ཆར་གྲགས་པ་འབར། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེའི་ཕྱི་ལོར་བུ་མོ་འབྲིང་བར་གློ་ཚད་ན་ཚའི་རྐྱེན་གྱིས་འདས་གྲོངས་སུ་གྱུར། སྐབས་དེར་ཁོང་མོ་དགུང་ལོ་ ༣༠ ཙམ་རེད། མ་རིང་བའི་རྗེས་སུ་ཐ་ཆུང་བུ་མོའང་དགུང་ལོ་ ༢༩ ཐོག་གཅིག་མཚུངས་ཀྱིས་གློ་ཚད་ན་ནས་འདས། བུ་མོ་ཆེ་བ་ཞཱ་རོ་ཐིའི་སེམས་ལ་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱོ་གདུང་གིས་སྡུག་ངལ་བསམ་གྱི་མི་ཁྱབ་པ་མྱོང་ཡང་མུ་མཐུད་རྩོམ་ཡིག་འབྲི་བཞིན་གནས། མོ་རང་ལོ་ ༣༨ སྐབས་སུ་གཞི་ནས་ཆང་ས་རྒྱག་རྗེས་ལོ་ཕྱེད་རིང་བདེ་སྐྱིད་ཀྱི་འཚོ་བ་བསྐྱེལ་ནས་བསྡད། དེ་ནས་རང་ལོ་ ༣༩ ལ་འཇིག་རྟེན་འདི་ནས་ཁ་བྲལ།

པཱོ་རང་ཐི་བུ་མོ་སྤུན་གསུམ་ལ་གཅིག་མཚུངས་ཀྱི་འཚར་ལོངས་ཀྱི་ཁོར་ཡུག་དང༌། དེ་བཞིན་མི་ཚེའི་མྱོང་བྱང་ཡང་ཅུང་འདྲ་པོ་ཡོད། ཁོ་ཚོའི་བརྩམས་ཆོས་ནང་གི་མི་སྣ་དང་སྒྲུང་ལ་མི་འདྲ་ས་ཡོད་ཀྱང་ཚང་མས་སྤྱི་ཚོགས་ཀྱི་འདྲ་མཉམ་མེད་པ་དང་ལུགས་མཐུན་མེད་པའི་ཕྱོགས་གསལ་བཏོན་བྱེད་ཐབས་དང༌། སྤྱི་ཚོགས་ཀྱི་དོན་དངོས་ལ་འདོད་མོས་མེད་ཅིང་ངོ་རྒོལ་ཤུགས་ཆེན་པོ་མཚོན་ཡོད་པ་རེད། བུ་མོ་ཆེ་བའི་བརྩམས་དེབ་ཅཱན། བརྩེ་དུང༌། ཞེས་པ་དེ་སྒེར་གྱི་ལོ་རྒྱུས་འབྲི་བཀོད་ལུགས་ཀྱི་བརྩམས་སྒྲུང་ཞིག་རེད། དེའི་ནང་རང་དབང་བརྩོན་ལེན་དང་གཞན་ལ་རྒོལ་བའི་རང་གཤིས་ལྡན་པའི་བུད་མེད་གསར་པ་ཞིག་འབྲི་བཀོད་བྱས་ཡོད། བུ་མོ་འབྲིང་བའི་འུར་སྒྲ་གྲགས་པའི་རི་གྲོང༌། ཞེས་པའི་དེབ་ནི་དགྲ་ལེན་སློག་པའི་སྒྲུང་ཞིག་རེད། དེབ་དེ་བུ་མོ་ཆེ་བའི་བརྩམས་དེབ་ལྟར་རྩོམ་པ་པོ་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་ཞིབ་བཀོད་བྱས་པ་ལྟར་མིན་ཡང༌། གཅིག་མཚུངས་ཀྱིས་རྩོམ་པ་པོའི་བསམ་བློའི་ཚོར་འདུ་འདྲེས་ཡོད། དོན་དངོས་ཐོག་རྩོམ་པ་པོས་བརྩམས་སྒྲུང་གི་མི་སྣ་བརྒྱུད་སྒེར་གྱི་བརྩེ་བ་དང་འཁོན་འཛིན་དེ་དག་ལ་གྲལ་རིམ་གྱི་ཚོར་འདུ་ཞིག་མཚོན་ཡོད། ཡིན་ཡང་རྩོམ་པ་པོའི་ངོས་འཛིན་བྱེད་སྟངས་ལ་ཚོད་འཛིན་ཡོད་སྟབས་ཚོར་འདུ་དེ་དག་ཁྱོན་ཡོངས་ནས་མཚོན་ཐབས་བྱུང་མེད་པ་རེད།

མི་རྣམས་ཀྱིས་སྤྱི་ཚོགས་ལ་རྒྱུས་ལོན་ཐད་གོ་རིམ་ཞིག་ཡོད། སྐབས་དེའི་དུས་སུ་རང་ལོ་ ༢༠ ལྷག་ལས་ཟིན་མེད་པའི་གཞོན་ནུ་རྩོམ་པ་པོ་མཱ་ཁེ་ཟི་དང་ཨཱེན་ཁེ་ཟིའི་དམར་ཤོག་གི་བསྒྲགས་གཏམ། ལ་ངོས་འཛིན་བྱུང་བ་ལྟར་དགོས་ཟེར་ན་ནི་ཐལ་ཆ་ཆེ་བ་རེད། བུ་མོ་ཆུང་བའི་བརྩམས་དེབ་དེར་སྒེར་གྱི་ལོ་རྒྱུས་འབྲི་བཀོད་ཤུགས་ཆེ་བ་ཡོད། དེབ་དེས་ཆུང་དུས་ནས་བཟུང་གཞན་གྱིས་གཅེས་སྐྱོང་དང་ཉམས་ཆུང་བའི་ཨཱིན་ཇི་གཞན་ནུ་མ་གྷི་ལེ་དབུལ་ཕོངས་ཀྱིས་གཞན་ལ་འགྲིམ་དགོས་གྱུར་ཏེ་ཕྱུག་པོར་ཁྱིམ་ཚང་དགེ་རྒན་བྱེད་དགོས་བྱུང་བའི་སྐོར་འཁོད་ཡོད། མོས་མཛེས་སྡུག་ལྡན་པའི་ཕུག་བསམ་དང་བརྩེ་བ་ཟབ་པོའི་སྒོ་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་འཇིག་རྟེན་འདིའི་སྡུག་ངལ་ཡོངས་རྫོགས་མྱངས། འོན་ཀྱང་མོ་རང་སྒྱིད་ལུག་མེད་པའི་ཐོག་ནས་མཐར་བརྩེ་དུང་ཐོབ་ཅིང་རྒྱལ་ཁའི་མདུན་ལམ་ཡང་བསྙེག་ཐུབ་པ་བྱུང་བ་རེད། རྩོམ་པ་པོས་བརྩམས་སྒྲུང་གི་ལམ་ནས་མ་འོངས་པའི་མི་ཚེའི་མཛེས་སྡུག་ལྡན་པ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད།

མཱ་ཁེ་ཟི་དང་ཨཱེན་ཁེ་ཟི་ཡིས་དམར་ཤོག་གི་བསྒྲགས་གཏམ། ཞེས་པའི་ནང་དེང་རབས་ཀྱི་མ་རྩ་གྲལ་རིམ་ནི་ཐོག་མའི་སྐབས་སུ་རྒྱུན་རིང་འཕེལ་རྒྱས་སོང་བའི་ཐོན་རྫས་ཤིག་ཡིན་ལ། དེས་བཀས་བཀོད་རྒྱུད་འཛིན་གྱིས་དབང་སྒྱུར་བྱེད་པའི་དུས་རིམ་ནང་གཞན་གྱི་གཉའ་གནོན་མྱོང་བའི་གྲལ་རིམ་ཞིག་ཡིན། བཟོ་ལས་ཆེན་པོ་དང་འཛམ་གླིང་གི་ཁྲོམ་ར་གཏན་འབེབས་ཆག་པའི་སྐབས་ནས་བཟུང་མ་རྩ་གྲལ་རིམ་གྱིས་དེང་རབས་གྲོས་ཚོགས་ཚབ་མཚོན་ལམ་ལུགས་ཀྱི་རྒྱལ་ཁབ་ནང་སྒེར་བདག་གི་ཆབ་སྲིད་དབང་ཤུགས་ཐོབ་ཡོད་པ་རེད་ཅེས་བཤད།

མ་རྩ་གྲལ་རིམ་གྱིས་དབང་བསྒྱུར་ཐུབ་པའི་ས་ཁུལ་ཡིན་ནོ་ཅོག་ཏུ་བཀས་བཀོད་རྒྱུད་འཛིན་གྱི་རྩ་བའི་འདུ་ཁྲིམས་དང༌། དང་གཙང་གི་འབྲེལ་བ་ཚང་མ་རེ་རེ་བཞིན་གཏོར་བཅོམ་བཏང་ཡོད། མ་རྩ་རིང་ལུགས་ཀྱིས་ཚོར་མེད་ཀྱི་སྒོ་ནས་མི་རྣམས་རང་བཞིན་གྱིས་གོང་བཀུར་འོས་པ་དག་གི་རྙོག་འཛིང་ཆེ་བའི་བཀས་བཀོད་ཀྱི་སྡོམ་ཐག་དེ་དུམ་བུར་བཏང༌། དེས་མིའི་དབར་ཁེ་ཕན་གྱི་འབྲེལ་བ་དམར་རྗེན་མ་ཞིག་ཏུ་གནས་པ་དང༌། བརྩེ་མེད་ཚོར་མེད་ཀྱི་སྒོ་ནས་དངུལ་དམར་དབར་གྱི་ཚོང་འབྲེལ་ཟེར་བ་ཙམ་ཕུད། གཞན་གྱི་འབྲེལ་བ་གང་ཡང་འཚོལ་ཐུབ་ཀྱི་མེད་པ་རེད། དེས་རླབས་ཆེན་གྱིས་བསྐུལ་བའི་ཆོས་དད་ཀྱི་འདུན་པ་གཙང་མ་དང༌། དཔའ་ངར་གྱི་རང་གཤིས་དང་དཀྱུས་མའི་བརྩེ་ཚོར་དག་བདག་འཛིན་རིང་ལུགས་ཀྱི་རྩིས་བསྐོར་སྟངས་ཙམ་གྱི་འཁྱག་ཆུའི་ནང་ལྷུང་བཅུག་ཡོད། དེས་མི་ཚེའི་རིན་ཐང་ནི་ཕན་ཚུན་ཚོང་བསྒྱུར་དུ་བཏང་ཞིང༌། དམིགས་བསལ་གྱི་དགོས་མཁོ་དང་གྱ་གྱུར་མང་དག་བརྒྱུད་བརྩོན་ལེན་བྱུང་བའི་རང་དབང་དེའང་ཚོར་བ་མེད་པའི་ཚོང་འབྲེལ་གྱི་རང་དབང་ཙམ་གྱིས་ཚབ་མཚོན་བཟོས་ཡོད། མདོར་ན་དེས་ཕྱི་གསལ་ནང་གསལ་གྱི་ངོ་ཚ་བྲལ་བའི་སྒོ་ནས་ཐད་ཀར་བཤུ་གཞོག་དེ་ཆོས་ལུགས་དང་ཆབ་སྲིད་ཀྱི་སྟོང་བསམ་གྱིས་གཡོ་འགེབས་བྱས་པའི་བཤུ་གཞོག་གཞན་ཞིག་ལ་བསྒྱུར། མ་རྩ་གྲལ་རིམ་གྱིས་གོང་བཀུར་དང་དད་འདུན་བཅང་ཡུལ་གྱི་ལས་གནས་ཐོག་གི་ཁྱད་འཕགས་ཀྱི་འོད་ཟེར་དེ་དག་རྩ་མེད་བཟོས་ཡོད། མ་རྩ་གྲལ་རིམ་གྱིས་སྨན་པ་དང་ཁྲིམས་རྩོད་པ། ཆོས་དཔོན་དང་སྙན་ངག་པ། མཁས་པ་བཅས་ཁོའི་ཡོང་བབས་བསྲག་བྱེད་ཀྱི་བྲན་གཡོག་ཅིག་ཏུ་བསྒྱུར་ཡོད། མ་རྩ་གྲལ་རིམ་གྱིས་ཁྱིམ་མིའི་དབར་གྱི་འབྲེལ་བའི་ཐོག་བརྩེ་ཚོར་གྱིས་ཟབ་པའི་སངས་རས་དེ་དག་རྩ་ཧྲལ་དུ་བཏང་ཟིན་པ་མ་ཚད། འབྲེལ་བ་དེ་དག་ཀྱང་རྒྱུ་དངོས་དབར་གྱི་འབྲེལ་བ་ཙམ་ལ་བསྒྱུར་ཡོད་པ་རེད།

ཨཱིན་ཇིའི་མ་རྩ་གྲལ་རིམ་གསར་བརྗེ་ནི་མཐའ་འཁྱོང་བ་ཞིག་མ་རེད་ལ། དེ་རྒྱལ་མོ་གཙོས་རྒྱལ་རྒྱུད་ཚོའི་རྒྱལ་པོའི་ཁྲིམས་བཅའ་བའི་ལམ་ལུགས་ཟེར་བའི་རྒྱལ་ཁབ་ཅིག་འཛུགས་པ་དེ་རེད། པཱོ་རང་ཐི་སྤུན་གསུམ་གྱི་བརྩམས་སྒྲུང་གིས་སྤྱི་ཚོགས་ཀྱི་གནས་སྟངས་མཚོན་པ་དེ་སྤྱི་ཚོགས་འདི་འདྲ་ཞིག་རེད། ཁོ་ཚོའི་བརྩམས་སྒྲུང་གི་བསམ་བློའི་རྒྱུ་ཆ་དང་འཚོ་བའི་ངོ་གདོང་ངོ་མ་དེ་ནི་སྤྱི་ཚོགས་འདི་ནས་བྱུང་བ་རེད། སྤྱི་ཚོགས་དེས་ཁོ་ཚོའི་བརྩམས་ཆོས་ལ་རྒྱུ་ཆ་མཁོ་འདོན་བྱས། དེ་བས་མུན་ནག་གི་སྤྱི་ཚོགས་དེས་ཀྱང་ཁོ་ཚོའི་ལང་ཚོ་དང་ཚེ་སྲོག་བཅོམ་ཡོད་པ་རེད། ཁོ་ཚོ་གཞོན་ནུ་མའི་དུས་ནས་བཟུང་འཚོ་བའི་དཀའ་ཚེགས་ཀྱིས་རྐྱེན་པས་ཕྱུག་པོའི་ཁྱིམ་དུ་སུན་སྣང་གི་ཁྱིམ་ཚང་དགེ་རྒན་བྱས། དེ་མིན་ཕྱུག་པོ་རྣམས་ནས་བུ་མོ་ཚོར་གུས་བཀུར་བྱེད་ཀྱི་མེད་ལ་ཁོ་ཚོ་ནི་སོ་སོའི་ཕྲུ་གུའི་གཡོག་མོ་དང་ཁྱིམ་ནང་གི་གཡོག་ལས་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད།

དེའང་བུ་མོ་ཆུང་བ་ཨཱན་ཉིའི་བརྩམས་སྒྲུང་དུ་གསལ་བ་ལྟར། ཕྱུག་བདག་སོ་སོར་ཆེ་མཐོང་བྱེད་ཀྱང་དེ་ལ་ས་རྡུལ་ཙམ་ལས་མི་མཐོང༌། དམའ་རིམ་ཚོས་སོ་སོར་མཐོང་ཆུང་བྱེད་ཀྱང་དེ་དག་ལ་མཐོང་ཆེན་པོ་ཡོད། ཅེས་པ་དེ་འདྲའི་སྤྱི་ཚོགས་ནང་བུ་མོ་སྤུན་གསུམ་གྱིས་སྤྱི་བཏང་མི་ཚོར་ཡོད་ཐབས་དཀའ་བའི་ཧུར་བརྩོན་དང་སྤོབས་པ་ལྡན་ཡོད་པར་མངོན་འདུག ང་ཚོས་བུ་མོ་སྤུན་གསུམ་ངོ་སྤྲོད་བྱས་པའི་རྒྱུ་ཆ་ཁག་ཅིག་ནས་བུ་མོ་ཆེ་བ་ཞཱ་རོ་ཐི་སློབ་གྲྭར་འགྲོ་མྱོང་ཞིང༌། རང་ལོ་ ༡༩ སྐབས་ནས་དགེ་རྒན་བྱས་མྱོང་བ་དང༌། བུ་མོ་འབྲིང་བ་ཨཱེ་མི་ལི་བྱིས་པའི་དུས་ནས་རྩོམ་འབྲི་བ་མ་ཟད། ཁྱིམ་མི་ཡོངས་ཀྱི་ཁྱིམ་ལས་ལྕི་མོ་བྱེད་ཅིང༌། དེ་བས་ཕྱོགས་གཅིག་ནས་ཁྱིམ་ལས་བྱེད་ཅིང་ཕྱོགས་གཞན་ནས་སྨྱུ་གུ་དང་ཤོག་བུ་འཁྱེར་ཏེ་སོ་སོའི་བསམ་བློའི་ནང་གི་འཆར་སྣང་དེ་དག་འབྲི་བཀོད་བྱས་པ་མཐོང་ཐུབ། དེ་བཞིན་བུ་མོ་ཆུང་བ་ཨཱན་ཉི་མི་ཚེ་གཅིག་ཏུ་ལུས་ལ་ན་ཚ་མང་བའི་ཉམས་སྐྱོ་བའི་ཕྱི་ཚུལ་འོག སྡུག་རུས་ཆེ་ཞིང་དཔའ་ངར་ཆེན་པོ་ལྡན་པའི་སེམས་ཁམས་ཤིག་ཡོད་པའང་མཐོང་ཐུབ། ཨཱན་ཉི་ཡིས་མི་ཚེའི་མཐའ་མཇུག་གི་སྐད་ཆ་དེ་ནི། དཔའ་ངར་ཏོག་ཙམ་ཡོད་པར་བྱོས་ཞཱ་རོ་ཐི། དཔའ་ངར་ཏོག་ཙམ་ཡོད་པར་བྱོས།ཅེས་པ་དེ་རེད། དེ་ནི་མོ་རང་ཕ་ཡུལ་གྱི་མཚོ་ཁའི་ནད་གསོ་ཁུལ་ཟཱི་ཁ་པ་ལི་ཟེར་བ་དེ་ནས་ཁ་བྲལ་ཏེ་ཕྱི་མའི་ལམ་དུ་བཞུར་དུས་མོའི་གཅེན་མོ་ཆེ་བར་སེམས་གསོ་དང་བསྐུལ་མ་སྟེར་བའི་སྐད་ཆ་དེ་རེད།

པཱོ་རང་ཐི་བུ་མོ་སྤུན་གསུམ་གཞོན་ནུ་མའི་དུས་ནས་འདས་གྲོངས་སུ་གྱུར་བའི་ཐོག་ནས་དེང་གི་ཤེས་ཡོན་ཅན་སྐོར་བསམ་བློར་འཁོར་ཡོང༌། དེ་གཉིས་ནི་སྤྱི་ཚོགས་མི་འདྲ་བ་གཉིས་སུ་འཚོ་བ་བསྐྱེལ་བཞིན་ཡོད། བུ་མོ་སྤུན་གསུམ་འཚོ་བའི་དུས་རབས་དེ་ནི་མ་རྩ་གྲལ་རིམ་གསར་བརྗེའི་ལམ་ནས་ལོག་ལམ་དུ་རྒྱུ་འགོ་བརྩམས་པའི་དུས་ཡིན་ལ། དེ་ནས་ཤེས་ཡོན་ཅན་ཚོར་ཤེས་ཡོན་ལ་གུས་བརྩི་དང་ཤེས་ཡོན་ཅན་ལ་གོང་བཀུར་ཟེར་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་དེ་འདྲ་ཞིག་བསྐྲུན་མི་སྲིད་པ་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ཉི་ཤུའམ་སུམ་ཅུ་རིང་ཅུང་ལེགས་པའི་ཁོར་ཡུག་དེ་འདྲ་དང་ཆ་རྐྱེན་དེ་འདྲ་ཞིག་སྐྲུན་དང་བསྐྲུན་བཞིན་ཡོད།

དེང་གི་རྒྱ་ནག་ཤེས་ཡོན་ཅན་ལ་མཚོན་ན་རྒྱལ་ཁབ་ཀྱི་དཀའ་ཁག་སེལ་ཐབས་དགོས་པ་མ་ཟད་སོ་སོ་བློས་གཏོང་གི་བསམ་བློ་ཞིག་གསོ་སྐྱོང་བྱེད་དགོས། དེས་མ་ཟད་སྒེར་གྱི་བདེ་ཐང་ལའང་ཆེ་མཐོང་བཞག་སྟེ་སོ་སོར་སྲུང་སྐྱོར་དགོས་པའི་འདུ་ཤེས་ལ་ཤུགས་གནོན་རྒྱག་དགོས། སྒེར་གྱི་ཚེ་སྲོག་ཆེད་དུ་མ་ཚད་དེའང་ཁྱིམ་ཚང་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ཀྱི་ཆེད་དུ་འཆར་གཞི་རིང་ནས་འཐེན་པ་ཡིན། དེའང་ཚེ་སྲོག་གསོན་ཐབས་ཙམ་གྱི་ཚན་ཉིད་རིག་པ་ཟེར་བ་དེ་དང་རྩ་བའི་ཆ་ནས་ཁྱད་པར་ཡོད་པ་ཞིག་རེད། ངས་པཱོ་རང་ཐི་བུ་མོ་སྤུན་གསུམ་ངོ་སྤྲོད་ཀྱི་རྒྱུ་ཆ་དང་ཁོ་ཚོའི་བརྩམས་ཆོས་གཙོ་གྲལ་དེ་དག་བལྟས་པར། བུ་མོ་དེ་དག་དེ་ལྟར་ལོ་ཆུང་ཞིང་བློ་གྲོས་དང་ལྡན་པ། ཧུར་བརྩོན་དང་བྱས་རྗེས་འབུར་དུ་ཐོན་པར་སེམས་ཁོངས་རུས་པའི་གཏིང་ནས་བརྩི་བཀུར་ཡོང་གི་འདུག དེ་མིན་རྗེས་རབས་པ་ཡིན་པའི་ངོས་ནས་ཁོང་མོ་རྣམས་ལོ་ཆུང་དུས་ནས་འདས་གྲོངས་སུ་གྱུར་བར་འགྱོད་པ་གཏིང་ནས་སྐྱེ་ཡོང་གི་འདུག གལ་ཏེ་བུ་མོ་དེ་དག་སྔར་བས་ལོ་ ༥༠ ཙམ་འཚོ་ཐུབ་པ་བྱུང་ན་དེ་ཚོས་ང་ཚོར་དུས་རབས་དེའི་སྐབས་ཀྱི་རིས་མོ་ཇི་ཙམ་མཁོ་སྤྲོད་བྱ་ཐུབ་བམ།

ང་ཆུང་དུས་རྒན་པ་ཚོས་རྒྱུན་དུ་ལོ་ཆུང་ནས་འདས་གྲོངས་སོང་བའི་མི་དེ་དག་ཧ་ཅང་མཛེས་སྡུག་ལྡན་ཞིང་སྤྱང་གྲུང་འཛོམས་པ། ནུས་ཤུགས་ཧ་ཅང་ཆེན་པོ་ཡིན་པར་བརྟེན། དཀོན་མཆོག་གིས་ཁོ་ཚོ་ལྷ་ཡུལ་དུ་འཁྲིད་དེ་བྱ་བ་བྱེད་བཅུག་གི་རེད། ཅེས་བཤད་མྱོང་བར་དྲན་གྱི་འདུག ངས་སྐད་ཆ་དེ་བདེན་པ་ཡིན་པར་སྨོན། པཱོ་རང་ཐི་བུ་མོ་སྤུན་གསུམ་ད་དུང་ཡང་དཀོན་མཆོག་གི་ལྷ་ཡུལ་དུ་བྱ་བ་བྱེད་སྲིད་དམ། འདི་ནི་སྐད་ཆ་དོན་མེད་ཅིག་ཡིན་སྲིད་ལ། ར་སྤྲོད་བྱེད་ཐབས་མེད་པའི་སེམས་གཙོ་སྨྲ་བ་རིང་ལུགས་ཀྱི་དྲན་རྒྱུ་རྒོད་པོ་ཞིག་ཡིན་སྲིད། འོན་ཀྱང་དེ་ནི་སེམས་བཟང་ཅན་གྱི་མི་རྣམས་ཀྱི་སེམས་ཕམ་དང་བློ་འགྱོད་ལ་སེམས་གསོ་ཙམ་ཡང་ཡོང་སྲིད། དེ་ནི་པཱོ་རང་ཐི་བུ་མོ་སྤུན་གསུམ་གསོན་པོར་གནས་ཡོད། ཅེས་པ་དེ་རེད།

མ་རྩོམ་འབྲེལ་ཐག


  གངས་དཀར་སེམས།
 

30.10.2014 13:07:50

ང་ཚོའི་བོད་པའི་སྤྱི་ཚོགས་ནང་བུ་མེད་རྩོམ་པ་པོ་ཉུང་ཉུང་འདི་འདྲ་གང་ཡིན་ནམ་ཨ་ཅག་གངས་ལྷ་ལགས།

 
 
05.11.2014 00:46:13

ངས་བྱས་ན། ༡། སྒྱིད་ལུག་ཆེ་བ། ༢། དུས་ཁོམ་མེད་པ། ༣། སྤུས་ཚད་མདང་མིན། ༤།་ སྣང་ཆུང་ཤོར་བ། ༥། དོ་དབྱིངས་མེད་པ། ༦།་་་་་་སོགས་ཀྱིས་མིན་འགྲོ 

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -