ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.10.2014 01:52:13
བེ་རི་འཇིགས་མེད་དབང་རྒྱལ།

སྐད་ཡིག་ནི་གནམ་སའི་ལྷ་ཡིས་གནང་བའི་རང་བྱུང་གི་དངོས་གྲུབ་ལྟ་བུ་ཞིག་མ་ཡིན་པར། མི་ལོ་ས་ཡ་བཞིའི་ཡར་སྔོན་ནས་རྒྱ་མཚོའི་འཇིམ་རྡུལ་ལ་རྣམ་ཤེས་ཞུགས་ནས་སྲོག་ཆགས་ཀྱི་བྱུང་རིམ་མགོ་འཛུགས་པའི་རྗེས་ནས་སྲོག་ཆགས་རིགས་གཅིག་སྐམ་སར་སླེབས་པ་དེ་དག་ལས་ཆེད་པའི་སྲོག་ཆགས་རྣམ་གྲངས་དུ་མའི་ཁྲོད་ནས་སྤྲ་སྤྲེའུ་མི་རུ་འགྱུར་བའི་དུས་རབས་ནས་མགོ་བཙུགས་ཏེ་བྱུང་བ་ཞིག་ཡིན་ལ། སྐབས་དེའི་སྲོག་ཆགས་དེ་དག་གི་བརྗོད་པ་ངག་གི་རང་བཞིན་ལྷན་སྐྱེས་སུ་གནས་པའི་སྐད་ཀྱི་རྣམ་གྲངས་ཉུང་ཉུང་ལས་མེད།

སྤྲ་སྤྲེའུ་ནས་རྒྱུད་པའི་སྲོག་ཆགས་དེ་དག་གི་མགྲིན་པའི་རྩ་མདུད་རིམ་གྱིས་གྲོལ་ནས་བརྗོད་པ་ངག་གི་བྱུང་རིམ་ཡང་མིང་ཚིག་ཡི་གེ་གསུམ་སྡེབ་གཅིག་ཏུ་བྱུང་བ་ཞིག་མིན་པར། དང་པོ་མིང་གི་རྣམ་གྲངས་རིམ་པར་མང་དུ་སོང༌། དེས་ཀྱང་མ་ཚིམ་པར། མིང་གཉིས་སྦྱོར་བའི་ཚིག་གི་རྣམ་པ་བེད་སྤྱོད་གཏོང་ཤེས་པ་ཆགས། དེ་རྗེས་ཚིག་མང་པོ་མཐུད་ནས་བརྗོད་པ་ངག་གི་རང་བཞིན་བཅས་རིམ་པར་འཕེལ་རྒྱས་སུ་སོང་བ་ནི་མེ་ཏོག་ལྟར། དང་པོ་ལྗང་ལོ་སྐྱེས། བར་དུ་མེ་ཏོག་བཞད། མཐའ་མ་ཟེའུ་འབྲུ་སྨིན་པར་གྱུར།

བརྗོད་པ་ངག་གི་རང་བཞིན་ལ་སྐད་ཀྱི་རིག་གཞུང་ངེས་ཅན་ལྡན་པའི་རྗེས། སྤྱི་ཚོགས་འཚོ་བའི་ནང་དེས་ཀྱང་འདོད་པ་མ་གང་པར་རི་མོའི་ལམ་ནས་ཕན་ཚུན་གོ་བརྡ་སྤྲོད་པའི་བསམ་བློ་སླེབས་ཏེ། ལོ་ཟླ་ཞག་གསུམ་གྱི་དུས་རྟགས་དང༌། ཉི་ཟླ་སྐར་གསུམ་གྱི་སྣང་བརྙན། བདེ་སྡུག་བར་མ་གསུམ་གྱི་གནས་ཚུལ་དྲན་ཐོ་རི་མོར་ཕབ་པ་དང༌། རྐུད་པར་མདུད་པ། མེ་དང་དུ་བའི་བརྡ་གཏོང་བའི་རིག་པ་དང་ལམ་སྲོལ་དར། དེ་རྗེས་གཞི་ནས་རི་མོའི་རྣམ་གྲངས་ལ་དབྱངས་གསལ་གྱི་རྟགས་སོ་སོ་ནས་འཐོན་པའི་དབྱངས་གསལ་རེ་རེ་ལའང་གྲངས་ཁ་དང་བརྗོད་པ་དྲག་ཞན་གྱི་ཁྱད་པར་ཞིབ་ཕྲར་ཕྱེས་ནས་འཇིག་རྟེན་འདིའི་ཐོག་ཡི་གེ་ཞེས་པ་འདི་གསར་དུ་བྱུང་བ་ཞིག་ཡིན། དུས་དེ་ནས་བཟུང་མི་རིགས་འདི་སྐད་ཡིག་གཉིས་ལྡན་གྱི་མི་རིགས་དང་སྐད་ཡིག་གི་སྲོག་རྩ་དང་རིག་གཞུང་གི་རྣམ་ཤེས་ཡོད་པའི་མི་རིགས་ཤིག་ཆགས་པ་རེད།

སྤྱི་ཚོགས་ཁོར་ཡུག་གི་གནས་བབ་དང་ལོ་རྒྱུས་ཀྱི་འཕེལ་རིམ་དང་འགྲོགས་ནས་སྐད་ཡིག་གཉིས་གོམ་པ་མཉམ་སྤོ་དང་གཤོག་པ་མཉམ་རྐྱོང་གི་ནུས་པ་ཉམས་པ་དང༌། ཆབས་གཅིག་ཏུ། ཁོར་ཡུག་གང་ཞིག་གི་སྐད་དང་ཁ་ཐག་ཉེ་བའི་ཆེད་དུ་ཡི་གེ་ལ་འགྱུར་བཅོས་རིམ་པར་ཐེབས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ཡང་འཛམ་གླིང་ཤར་ནུབ་གང་ས་ནས་ཡོང་གི་ཡོད་པ་དཔེར་ན། ནུབ་ཕྱོགས་པའི་ལཻ་ཊིན་ཡི་གེ་ལས། ཡུ་རོབ་རྒྱལ་ཁབ་སོ་སོའི་སྐད་དང་ཁ་ཐག་ཉེ་བའི་ཡི་གེར་བཅོས་ཏེ་འཇར་མན་དང་སི་པཎ། ཧྥ་རན་སི། ཨིན་ལི་ཤི། ཨི་ཊ་ལི་བཅས་ཀྱི་ཡི་གེ་དུ་མར་མཆེད་པ་ནང་བཞིན། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཡི་གེ་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་འདི་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་དང་འགྲོགས་ནས། འབྲུག་གི་རྫོང་ཁ། འབྲས་ལྗོངས་ཀྱི་ལྷོ་ཡིག ལ་དྭགས་ཀྱི་ལ་དྭགས་ཡི་གེ་བཅས་སུ་མཆེད་དེ། རྒྱལ་ཁབ་དང་མི་རིགས་སོ་སོ་རང་རང་གི་སྲོག་རྩ་དང་རྣམ་ཤེས་བཞིན་ཆགས་སྡོད་ཡོད།


  རྡོག་རྩ་ཆིག་སྒྲིལ། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | རིག་གནས་བདག་སྐྱོང་།
 

23.10.2014 05:08:02

རྒན་བེར་འཇིགས་ལགས་ཕེབས་བསུ་ཞུའོ། 

 
 
30.10.2014 12:55:19

རྒན་མཆོག་བཀའ་དྲིན་བླ་མེད་དུ་ཆེ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -