ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
བདེན་ཚིག་རིག་པའི་སྒྲ་དབྱངས་བཞུགས་སོ།།
21.10.2014 06:14:55

བདེན་ཚིག་རིག་པའི་སྒྲ་དབྱངས་བཞུགས་སོ།།
རབ་འབྱམས་རྒྱལ་ཀུན་བསོད་ནམས་མཚོ་མོ་ལས།།
དགེ་ལེགས་པད་མའི་འདབ་བཟང་རྣམ་པར་བཀྲ།།
ཉེས་སྐྱོན་འདམ་གྱིས་མ་གོས་བཤེས་གཉེན་ལ།།
ལན་བརྒྱར་འདུད་དེ་གུས་པས་ཕྱག་འཚལ་ལོ།།


སྙིགས་དུས་འགྲོ་བའི་འདི་ཕྱིའི་མགོན་གཅིག་པུ།།
གསང་གསུམ་ཡོན་ཏན་གཅིག་ཏུ་བསྡུས་པའི་གར།།
དུས་གསུམ་རྒྱལ་བའི་དགེ་ལེགས་ཟེར་མ་འབུམ།།
སྙིང་གི་ཐིག་ལེ་བཟླུམ་སྟེ་གསོལ་བ་བྱ།།

འཁོར་བའི་འདམ་གྱི་ལས་རླུང་ལྡང་བ་ལས།།
མཐའ་ཡས་སྐྱེ་རྒུར་མདུན་གྱི་ལམ་བུ་དབེན།།
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ལམ་བཟང་གིས།།
འདི་ཕྱིར་བདེ་ལ་འགོད་པ་ཨེ་མ་རྨད།།

མང་ཐོས་གཞུང་ལུགས་རྒྱ་མཚོའི་སྙིང་བཅུད་ལ།།
ལྷོད་མེད་བརྩོན་འགྲུས་ཆུ་ཡི་རྒྱུན་ཞུགས་ཏེ། །
སྒོ་གསུམ་བག་ཡོད་ཀྱིས་ནི་གཞུང་ལུགས་ལ།།
འབྲལ་མེད་ཆོས་ཀྱི་བློ་རིག་གསལ་བར་ཤོག།

རྟེན་བཟང་དོན་ཆེ་འཇོམས་པའི་བདག་འཛིན་ལ།།
རྟེན་འབྲེལ་མཐའ་གཉིས་སེལ་བའི་རིཊ་ཤེས་ཀྱིས།།
མ་རིག་དགྲ་ཡི་ངང་ཚུལ་རྟོགས་བྱས་ནས།།
སྒྱུ་མའི་ཏིང་འཛིན་སྒོམ་ལ་འཇུག་པར་ཤོག།

སྙིགས་དུས་བསོད་ནམས་དམན་པའི་འཁོར་བ་རུ།།
སྒོ་གསུམ་ཆགས་སྡང་འབྲེལ་བའི་དུས་ཡུན་ནང༌།།
བསྟན་པའི་གཞི་མ་རྣམ་དག་ཚུལ་ཁྲིམས་ལ།།
མིག་གི་འབྲས་བཞིན་བསྲུང་བར་བྱིན་གྱིས་རློབས།།

སྲིད་པ་རྒྱ་མཚོ་ཆེན་པོའི་འཁོར་བ་ན།།
སྡུག་བསྔལ་རླབས་ཀྱིས་བརླན་པའི་སྲིད་གསུམ་འགྲོ།
ལམ་སྟོན་བཤེས་གཉེན་དམ་པར་འཕྲད་གྱུར་ནས།།
ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག།

༢༠༡༤ཟླ ༡༠ཚེས་༢༠ཉིན་གངས་རིན་ཆེན་གྱིས་བྲིས་པ་དགེ་ལེགས་འཕེལ།



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་། | ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -