ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.10.2014 04:17:47
གངས་དཀར་སེམས།

ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ཉིན། ཡུལ་གྱར་གྱི་ལྟེ་གནས་རྡ་རམ་ས་ལར་ཕྱིར་མངོན་མཚན་མི་ཆེ་བའི་གཏིང་རུམ་གྱི་དགའ་སྣང་ཞིག་གིས་ཤེས་མཁན་ཚོའི་སེམས་སུ་འཁྱིལ་ཡོད་ངེས་པར་ཡིད་ཆེས་ཡོད། གང་ཡིན་ཟེར་ན།ཉིན་དེར་འཛམ་གླིང་འདིར་སྙན་གྲགས་ཅན་གྱི་བདག་མོ་གཉིས་༸རྒྱལ་བ་རིན་པོ་ཆེས་ནཱོ་པེལ་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་ ༢༥འཁོར་བའི་མཛད་སྒོ་ཉིན་མོར་ཕེབས་པའི་ཉིན་རེད།ཉིན་དེར་རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་ལྡི་མཆོགི་འཁྲུངས་སྐར་ཡང་རེད།


བདག་མོ་ཞཱིས་རིན་ཨི་པ་ཏིས་དང་ཇུའུ་ཏྲི་ཝེ་ལན་མཆོག་གཉིས་ལམ་བར་གྱི་དཀའ་ཚེགས་ལ་མ་འཛེམས་པར་ཆེད་དུ་མཛད་སྒོར་ཕེབས། དེ་བཞིན་ཁོང་མོ་གཉིས་ནི༸རྒྱལ་བ་རིན་པོ་ཆེ་མི་ནག་རྒྱལ་ཁབ་ཏུ་ཕེབས་མ་ཐུབ་པར་ལྷག་བསམ་ཆེན་པོས་གདུང་སེམས་མཉམ་བསྐྱེད་གནང་མཁན་ཡང་ཡིན། གུས་མོས་དེ་སྔོན་ནས་སྙན་གྲགས་ཅན་གྱི་ནཱོ་པེལ་གཟེངས་རྟགས་སྣ་ཚོགས་ཐོབ་མཁན་བུད་མེད་ཞེ་ལྔའི་ལོ་རྒྱུས་མདོ་ཙམ་རེ་བལྟས་པར་སེམས་འགུལ་ཤུགས་ཆེར་ཐེབས་མྱོང་མོད། ཁོང་མོ་གཉིས་ནི་ནཱོ་པེལ་གཟེངས་རྟགས་ཐོབ་མཁན་ཞེ་ལྔའི་ནང་ནས་ཨང་ ༣༠ པའམ་ཨ་རིའི་ཇུའུ་ཏྲི་ཝེ་ལན་ཟི་ནི་རྒྱལ་སྤྱིའི་ས་འོག་འབར་རྫས་ལ་རྒོལ་བའི་ཚོགས་པ་དང་མཉམ་འབྲེལ་ཐོག་བྱ་བ་དེའི་ཐོག་ནས་ཧུར་བརྩོན་དང་གྲུབ་འབྲས་ཐོབ་སྟེ་ཕྱི་ལོ་ ༡༩༩༧ ལོར་ནོར་པེལ་ཞི་བདེའི་གཟིངས་རྟགས་ཐོབ་པ་དང་། ཨང་༣༡ པ་དབྱི་རང་རྒྱལ་ཁབ་ཀྱི་ཞཱིས་རིན་ཨི་པ་ཏིས་ ༢༠༠༣ ལོར་རྒྱལ་ཁབ་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ཧུར་བརྩོན་བྱས་པ་ཕུད། དེ་མིན་བུད་མེད་དང་བྱིས་པའི་མ་བུའི་ཐོབ་ཐང་སྐོར་འཐབ་རྩོད་བྱས་པར་ཞི་བདེའི་གཟིངས་རྟགས་ཐོབ་མཁན་གཉིས་རེད།


དེ་སྔོན་མཆོག་ཏུ་བཀུར་འོས་འཛམ་གླིང་ཐོག་གི་ཞི་བདེའི་གཟིངས་རྟགས་ཀྱི་བདག་མོ་འདི་གཉིས་ཚུད་གཞན་ཚོའི་འགྲོ་བ་མིའི་རིགས་ལ་ལེགས་སྐྱེས་ཕུལ་བའི་གཟེངས་མཐོའི་བྱས་རྗེས་དེ་དག་མཐོང་དུས་སེམས་སུ་གཞན་དང་མི་འདྲ་བའི་དྲོད་རླབས་ཤིག་གིས་གཟུགས་ཕུང་ཡོངས་སུ་ཁྱབ་འགྲོ་ལ། དྲ་ལམ་དུ་ཁོང་མོ་ཚོའི་ལོ་རྒྱུས་ཀློག་དུས་ཀྱང་ཐེངས་གཅིག་མིན་པར་སེམས་འགུལ་ཐེབས་པའི་མིག་ཆུ་སར་ལྷུང་མྱོང་ཡོད། སྤྱིར་ན་དེ་སྔོན་ལ་ལས་གྲགས་ཅན་མི་སྣ་དང་མཉམ་དུ་གང་ནུས་ཀྱིས་པར་ལེན་པར་མཐོང་དུས་མཚམས་རེར་སྐྱུག་བྲོ་མྱོང་བའི་བདག་ལ་མཚོན་ན་ཁོང་མོ་གཉིས་མཐོང་ནས་གཏམ་བཤད་ལ་ཉན་རྗེས་རྩ་བ་ནས་འགོག་མ་ནུས་པར་དགོང་ཟས་ཐེངས་གཅིག་གྲོལ་རྗེས་མཉམ་པར་ལེན་ཐབས་ཆེད་དཔོན་ཆེན་དག་གི་དབུས་སུ་རྒྱུག་ནས་པར་འདི་ལེན་ཐུབ་པ་བྱུང་། དེ་རྗེས་ཡང་ནས་བསྐྱར་དུ་མཉམ་པར་འདིར་ལྟས་ནས་སེམས་ནང་མི་ཚེའི་ནང་ཧ་ཅང་ཉུང་བའི་སྤོབས་པ་དང་དགའ་སྣང་སྟོང་པ་འདྲ་ཞིག་གིས་ཁྱབ་སོང་བར་བརྟེན། དེ་སྔོན་ཐབས་ཤེས་ཡོད་རྒུ་རྩལ་དྲུག་གིས་གྲགས་ཅན་མི་སྣ་དང་མཉམ་དུ་པར་ལེན་ཐབས་བྱེད་མཁན་ཚོའི་སེམས་ཁམས་ཀྱང་ཅུང་རྟོག་ཡོད་པའི་ཡིད་ཆེས་བྱས་ཤིང་ཞེ་མེར་བའི་རང་ཤེད་ཅན་གྱི་ནག་ཉེས་དེར་འགྱོད་པའང་ཅུང་ཙམ་སྐྱེས་ཡོད།


དུས་མཚུངས་སུ་སེམས་ནང་འཛམ་གླིང་ཐོག་ཆེས་སྙན་གྲགས་ཅན་གྱི་བུད་མེད་ཚོས་སྒེར་གྱི་འབད་བརྩོན་དང་ཧུར་བསྐྱེད་ཁོ་ནར་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ཕྱིར་འཛམ་གླིང་མི་ཚོའི་མིག་མདུན་དུ་བུད་མེད་ཀྱི་འཇོན་ཐང་ཕྱིར་མངོན་པའི་བྱས་རྗེས་དག་ཡིད་ལ་འཁོར་ཡོང་། འོན་ཀྱང་བརྗོད་གཞི་གཞན་ཞིག་སྟེ་ང་ཚོའི་བཙན་བྱོལ་ནང་བུད་མེད་བཟང་མོ་ཡོད་ངེས་ཀྱང་། ཁ་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་གླེང་འགོ་བརྩམས་པ་ཙམ་འདིའང་སྒེར་གྱི་མཐོང་སྣང་ལྟར་ན་བཀའ་ཤག་སྐབས་བཅུ་གསུམ་པས་བུད་མེད་དང་འབྲེལ་བའི་སྲིད་ཇུས་བརྒྱད་ཅན་ནས་འགོ་བརྩམས་སོང་སྙམ། དེའི་སྔོན་བུད་མེད་ཉུང་ཤས་ཀྱིས་རང་རང་ས་ནས་འབད་འབུངས་བྱེད་མུས་ཀྱང་འདི་ནི་རྒྱ་ཁྱབ་ཏུ་སོང་མེད་པའི་གླེང་གཞི་ཞིག་ཡིན་པར་འདོད། དེ་བས་བཙན་བྱོལ་ནང་བུད་མེད་ཀྱི་ཐོབ་ཐང་སྐོར་གླེང་སློང་བ་ཙམ་དེ་དག་ཀྱང་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ནུས་ཤུགས། སྦྲུམ་མའམ་མ་བུའི་འཕྲོད་བསྟན། བཙུན་མའི་སྐུ་གཟུགས་ཀྱི་འཕྲོད་བསྟེན། གཞན་ཕྱོགས་ཀྱི་ཉེན་ཁར་གཡོལ་ཐབས་སམ་བདེ་འཇགས་འགན་སྲུང་བཅས་ཀྱི་ས་མཚམས་ཟུར་ལས་བརྒལ་མེད་པ་རེད།དེ་བས་བུད་མེད་དང་འབྲེལ་བའི་ཤེས་རིག་སྐོར་བྱེ་བྲག་དང་ཞིབ་ཆའི་སོ་མཚམས། གཏིང་ཟབ་ས་ཞིག་གི་རྒྱ་ཁྱོན་ཆག་ཐུབ་མེད་པ་ནི་ཧ་ཅང་གསལ་པོ་ཡིན།


དེ་བས་སྤྱི་ཚོགས་ཐོག་གཞོན་ནུ་མ་མང་པོར་བུད་མེད་ཀྱི་ནུས་ཤུགས་ངོ་མ་ག་རེ་ཡིན་མིན་ལ་ངོ་ཙམ་ཡང་འཕྲོད་མེད་པ་མཐོང་སྣང་མང་ཙམ་བྱུང་། སློབ་གྲྭའི་ནང་གི་སློབ་མ་བུ་མོ་ཚོས་སློབ་ཐོན་ལག་འཁྱེར་དང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་གཙིགས་བཟུང་ཆེ་བ་དང་གཅིག སྤྱི་ཚོགས་ཐོག་ཨ་མ་རྣམས་ཀྱིས་བུ་རྒྱུད་སྐྱེ་བསྲེང་ཙམ་གྱི་འགྲིག་ཆགས་དང་གཉིས།ཚོང་དཔོན་བུད་མེད་རྣམས་ཀྱིས་དངུལ་དངོས་ལོངས་སྤྱོད་ཙམ་ལ་གཡེང་བ་དང་གསུམ། ཤེས་ཡོན་སྡེ་ཚོགས་ཀྱི་བུད་མེད་ཚོས་ནག་ནོག་བྲེལ་བའི་སྣེ་ཤེན་བཟང་པོ་ནུས་ཤུགས་ཆེ་ཙམ་མེད་པ་དང་བཞི། བཙུན་དགོན་དུ་སློབ་གཉེར་ལས་ཉམས་ལེན་ལ་གཙོ་བོར་གཞོལ་ཐབས་ཉུང་བ་དང་ལྔ། གཞོན་ནུ་ཕོ་མོའི་དབར་ཉུང་མཐའ་ཡང་བརྩེ་དུང་གི་སྙིང་པོ་ཙམ་མི་བརྩོན་པར་ཕན་ཚུན་འདོད་པ་ཕྱུང་བྱེད་ཙམ་དུ་བསྐུལ་འདེད་བྱེད་བཞིན་པ་དང་དྲུག ཁྱིམ་གསར་དུ་ཕོ་མོ་གཉིས་ཀྱིས་སུའི་ཕོར་པ་འཁྲུ་ཞིང་ཁ་ཟས་བཟོ་མིན་ཙམ་ལ་རྩོད་གླེང་ཡོང་སྲིད་པ་དང་བདུན། གྲུབ་འབྲས་ཉུང་ཙམ་ཐོན་མཁན་ཡོད་ཀྱང་སྤྱི་ཚོགས་དངོས་ཀྱི་གནས་སྟངས་དང་འབྲེལ་མེད་སོང་བ་དང་བརྒྱད། སྤྱི་ཚོགས་སུ་སྟབས་བདེ་རོལ་ཞིང་རྙོགས་དྲ་ལ་ཁ་གཏད་མི་ཕོད་པའི་ཕོ་ཧྲིང་མོ་ཧྲིང་གི་གནད་དོན་དང་དགུ བུད་མེད་ཤེས་ལྡན་ཚོ་མཉམ་རུབ་ཀྱི་ནུས་པ་འདོན་ཐབས་མེད་པ་དང་བཅུ། བུད་མེད་དང་འབྲེལ་བའི་ལས་འགུལ་རིགས་ལ་མིག་རྒྱང་དང་ཕུག་རྒྱང་བསྲེང་མི་ཐུབ་པ་དང་བཅུ་གཅིག སྤྱི་ཚོགས་དམའ་རིམ་ཙམ་དུ་འཚོ་བའི་བུད་མེད་ཚོས་ཁྱིམ་གཞི་སྐྱོང་བའི་གཏད་གསོ་མེད་ཅིང་བུ་རྒྱུད་གསོ་སྐྱོང་གི་རྒྱུན་ཤེས་ཙམ་དབེན་པའི་ཧོར་རྒྱུག་ཙམ་བྱེད་བཞིན་པ་བཅུ་གཉིས། ལས་གནས་སུ་ཡོད་པའི་བུད་མེད་རྣམས་སྤོབས་པ་ཆེན་པོས་ད་དུང་ཡང་ཡར་རྒྱས་དང་མཐོར་འཛེགས་ལ་ཕྱོགས་མི་ཤེས་པ་འདོད་ཆུང་བཅོས་མའི་སྒྱིད་ལུག་གིས་ཆོག་པར་བྱས་པ་བཅུ་གསུམ། དམིགས་བསལ་དུ་འཇིག་རྟེན་གྱི་བདག་མོ་མ་ཡུམ་ཚོར་སྤྱི་ཚོགས་ནས་འབུར་དུ་དོད་པའི་སྒོ་ནས་བརྩི་བཀུར་དང་ཆེ་མཐོང་མེད་པའི་གནད་དོན་སོགས་མང་པོ་ཞིག་གི་བུད་མེད་ཀྱི་རྩ་དོན་དག་འགོ་བརྩམས་མེད་པར་ཚོར་ཤུགས་ཆེ་བའི་ཐོག ཇི་ལྟར་བསམ་ཡང་ད་ལྟའི་ཆར་བཙན་བྱོལ་ནང་ཕོ་མོ་འདྲ་མཉམ་ཡོང་ཐབས་ཀྱི་གོ་རིམ་ལ་བགྲོད་བཞིན་པ་ལས་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ས་མཚམས་སུ་ད་དུང་ཡང་འབྱོར་མི་འདུག


སྤྱིའི་ཆ་ནས་བུད་མེད་ཀྱི་ཐོབ་ཐང་འདིའང་སློབ་གླིང་དུ་ཡོད་པའི་བུ་མོ་ཆུང་ཆུང་ནས་གཞོན་ནུ་མ་བར་གྱི་ལོ་ཚད་ལྡན་པ་ཚོས་དུས་གསུམ་དུ་སྤྱི་ཚོགས་ལ་ཕན་པའི་བྱ་བཟང་སྒྲུབ་སྤོབས་ཀྱི་བློ་དྭངས་མ་ཞིག་གསོ་སྐྱོང་དང་། མ་འོངས་པའི་མི་ཚེའི་མདུན་ལམ་གྱི་འཆར་འགོད་ཙམ་གོ་རིམ་བསྒྲིག་པ་མ་ཡིན་པར་སྤྱི་ཚོགས་སུ་འབྱོར་རྗེས་སྒྱིད་ལུག་དང་སྐྱིད་པོ་གཏོང་སྟངས་སྦྱོང་བ། དོན་དམ་ལུས་སེམས་གཉིས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་ཉམས་རྒུད་དུ་སོང་བའི་ཕྱི་ཚུལ་དམིགས་འབེམས་ལྟ་བུའི་མཛེས་ཆོས་ཟོལ་གྱི་རྗེས་ཤུལ་འབྲང་གང་ཐུབ་བྱེད་པ།དངུལ་དངོས་དང་གོ་སྐབས་ཀྱི་ཁེ་བཟང་གང་འདྲ་ཡིན་ཡང་ལུགས་མཐུན་གྱི་གོ་རིམ་མི་རྒྱུ་བར་འདོད་ཧམ་གྱི་རྗེས་སུ་བསྙེག་སྟངས་འདི་ཙམ་ལ་བུད་མེད་ཀྱི་ཐོབ་ཐང་ཟེར་དགོས་ན་འཐུས་པ་ག་ལ་ཡིན་ཏེ་མ་ཡིན་ནོ།


བུད་མེད་ཀྱི་གནད་དོན་དང་འཇོན་ནུས་སྤེལ་དགོས་ན་དང་པོ། སྤྱི་ཚོགས་ཀྱིས་བུད་མེད་ལ་དབང་ཆ་དང་གོ་ས་ཕོ་དང་གཅིག་མཚུངས་སྤྲོད་དགོས། གཉིས་པ། བུད་མེད་འདི་ཕོའི་ཟུར་རྒྱན་ལྟ་བུ་ཙམ་མིན་པར་མི་གཤིས་ལ་ཁེར་ཚུགས་དགོས། གསུམ་པ། ཕོ་མོ་གཉིས་དབར་གྱི་དབང་ཤུགས་ལ་འཁོད་སྙོམས་དགོས། བཞི་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་སུ་བུད་མེད་ཀྱི་བདེ་འཇགས་ལ་འགན་སྲུང་དགོས། ལྔ་པ། བུད་མེད་ཀྱི་གསར་གཏོད་ཀྱི་ནུས་ཤུགས་མཐོར་འདེགས་དགོས། དྲུག་པ། བུད་མེད་ཚོས་གཞན་བརྟེན་མིན་པར་གནད་དོན་ག་རེ་ཡིན་ཡང་རང་གིས་ཐག་གཅོད་ཡོང་ཐབས་དགོས། བདུན་པ། བུད་མེད་ནི་ཤེས་རབ་རང་བཞིན་ཡིན་ན་བཟང་སྤྱོད་ཀྱི་ཆ་མང་དེ་དག་ཡར་རྒྱས་གཏོང་ཐབས་དགོས།བརྒྱད་པ། བུད་མེད་ཁོ་ནའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བསྐྲུན་ཐབས་ལ་དགེ་མཚན་དུ་མ་ཡོད་པར་མཐོང་དགོས། དགུ་པ། སྤྱི་ཚོགས་སུ་བུད་མེད་ཀྱི་རྩ་བའི་འགྲོ་བ་མིའི་ཐོབ་ཐང་སྟེ་དྲང་པོ་དྲང་བཞག་གི་སྨྲ་བརྗོད་རང་དབང་ལ་བསྐུལ་འདེད་ཤུགས་ཆེར་གཏོང་དགོས། བཅུ་པ། བུད་མེད་ཡོངས་རྫོགས་ཞལ་རིས་དཀར་གསལ་ཟླ་བ་དང་དབུ་སྐྲ་སེང་ལིང་ལྕང་མ། སྐུ་གཟུགས་རྩ་རིས་སྨྱུག་མ་ཡིན་མི་དགོས་པར་སོ་སོའི་འཇོན་ནུས་སྤེལ་དགོས། བུད་མེད་རྣམས་ཀྱང་ཕོ་དང་གཅིག་མཚུངས་ཀྱི་ཕྱོགས་མང་གཤིས་སྤྱོད་དང་ཁྱད་ཆོས་གཅིག་མཚུངས་མིན་པའི་དངོས་ཡོད་ཀྱི་ལྟ་བ་འཛིན་སྟངས་འདི་སྤྱི་མཚུངས་འདྲ་མཉམ་གྱི་ལྟ་བ་ཞིག་ལ་བསྒྱུར་ཐབས་དགོས་པ་བཅས་རེད།


ད་དུང་ཡང་སྤྱི་ཚོགས་སུ་མང་པོས་བུད་མེད་ཀྱི་ཐོབ་ཐང་གི་གླེང་གཞི་སློང་བ་ཙམ་གྱིས་དོགས་འདྲོགས་བྱེད་པ་ནི་དགོས་མེད་ཅོལ་ཆུང་གི་བྱ་བ་ཞིག་རེད། ཕོ་མོ་འདྲ་མཉམ་ཙམ་མ་བྱུང་བའི་སྔོན་འདིར་བུད་མེད་ཀྱི་ཐོབ་ཐང་རྩོད་ན་དེ་ནི་ཆེས་མ་རབ་ཀྱི་སྨྱོ་སྤྱོད་ལྟ་བུ་མཐོང་བ་ལས་དེའི་གནས་ལུགས་རྒྱུ་མཚན་རྩེད་གཅོད་མེད་པ་འདི་ང་ཚོའི་སྤྱི་ཚོགས་འདིའི་བཅོས་ཐབས་མེད་པའི་སྐྲན་ནད་ཚབ་ཆེན་ཞིག་རེད། དེ་ཙམ་གྱིས་སྐྲན་ནད་འདིར་ཕན་པའི་ཐར་ལམ་གྱི་སྨན་མཆོག་མ་སྦྱིན་པར་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་དུ་ཡོད་པའི་ན་ཚ་ཅན་ཚུད་གཞན་ལའང་ངང་ངང་ཤུགས་ཀྱིས་ནད་གཞིར་གནོད་པའི་ལུས་ངག་ཡིད་གསུམ་དང་། འགྲོ་འདུག་སྤྱོད་གསུམ་གྱི་བྱ་བ་ཇི་ཙམ་སྤེལ་ཞིང་དེར་བསྐུལ་འདེད་གཏོང་ན།ནད་ཅན་ཤི་ལམ་དུ་འདེད་པ་ཙམ་ལས་ནད་གཞི་དྲག་བསྐྱེད་ཡོང་བའི་རེ་བ་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན། ཕོ་མོ་གཉིས་ཀྱི་འཇིག་རྟེན་ཕྱེད་ཀྱི་གྲངས་ཀ་ཟིན་ཚུལ་དང་། སྤྱི་ཚོགས་ཁྱོན་ཡོངས་སུ་ཕོ་མོ་གཉིས་ཀྱིས་གྲུབ་ཡོད་པ་ཤེས་བཞིན་དུ། ཕྱོགས་གཅིག་ཁོ་ནས་གནས་སྟངས་གཙིགས་འཛིན་དང་འགྲིག་འཇགས་ཙམ་ལས་གཞན་ཕྱེད་ཀར་སྣང་ཆུང་གཏོང་འདོད་ཡོད་ན་ནི། སྤྱི་ཚོགས་ཆེས་ཕུལ་བྱུང་གི་གནས་ཚད་དུ་རྩ་བ་ཉིད་ནས་འབྱོར་མི་སྲིད་ལ་དོན་དམ་པར་དེའང་སྤྱི་ཚོགས་ཕྱེད་ཀྱི་ཡར་རྒྱས་ཙམ་ལས་ཅིའང་མིན་པར་བསམ་བློ་ཡོད་པ་ཚང་མས་ཐོག་མར་ཤེས་དགོས་པའི་རྒྱུན་ཤེས་རེད་སྙམ་ཡོད།



  གངས་དཀར་སེམས།
 

06.10.2014 06:43:54

རྩོམ་སྒྲིག་པ་ལགས། ངའི་པར་དེ་གཅིག་བཟོ་གནང་ཡོད་པར་ཞུ། འདི་ནས་ཁྱོན་ནས་བཟོ་ཐུབ་ཀྱི་མི་འདུག་ལགས།

 
 
13.10.2014 12:47:37

བཀུར་བར་འོས་པའི་སྤྱི་འཐུས་ལགས།
སྐུ་ཉིད་ཀྱིས་གསུངས་གསལ། “ཕོ་ མོ་འདྲ་མཉམ་ཙམ་མ་བྱུང་བའི་སྔོན་འདིར་བུད་མེད་ཀྱི་ཐོབ་ཐང་རྩོད་ན་དེ་ནི་ཆེས་མ་རབ་ཀྱི་སྨྱོ་སྤྱོད་ལྟ་བུ་མཐོང་བ་ལས་དེའི་གནས་ལུགས་རྒྱུ་མཚན་རྩེད་གཅོད་མེད་པ་འདི་ང་ཚོའི་སྤྱི་ཚོགས་འདིའི་བཅོས་ཐབས་མེད་པའི་སྐྲན་ནད་ཚབ་ཆེན་ཞིག་རེད།” ཅེས་གསུངས་འདུག ངས་བསམ་ན་འུ་ཚོ་བཙན་བྱོལ་ནང་དུ་བུད་མེད་ཀྱི་ཐོབ་ཐང་སྐོར་གླེང་དགོས་པ་ཞིག་ཆགས་མེད། འོན་ཀྱང་སོ་སོའི་ཐོབ་ཐང་དེ་རྩོད་འདོད་ན། སོ་སོའི་ཤེས་འཇོན་གྱིས་བདག་སྲུང་ཐུབ་དགོས། ཁྲིམས་ཁོ་ན་ལ་བརྟེན་ནས་གོ་གཟུགས་འདིའི་སྒང་། ཐོབ་ཐང་སྲུང་མཁན་ནི། ངོ་མ་ཧ་ཅང་དཀོན། དཔེར་ན་རང་རེའི་རྒྱལ་ཁབ་བཞིན། འཛམ་གླིང་གི་རྩེད་ཆས་སུ་གྱུར། སྤྱིར་ཐོབ་ཐང་རྩོད་དགོས་ཀྱང། རང་ཉིད་ལ་ཤེས་འཇོན་ངེས་པར་ཡོད་དགོས། དེ་ཡོད་ན་རྒྱལ་ཁབ་དང་། མི་རིགས། རང་ཉིད་སོགས་སྲུང་སྐྱོབ་ཐུབ་ངེས་ཡིན། གཙོ་བོར་ཤེས་ཡོན་དར་སྤེལ་གཏོང་དགོས།

 
 
14.10.2014 01:34:04

བུད་མེད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་སྤྱི་ཡོངས་ཀྱི་རྩ་བའི་ཐོབ་ཐང་རེད། བུད་མེད་ཀྱི་ཐོབ་ཐང་རྩོད་པ་དེ་ནི་འགྲོ་བ་མིའི་སྤྱི་ཡོངས་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད། བཙན་བྱོལ་ནང་བོད་ལས་ཅུང་ལེགས་པར་ངེས་ཀྱང་ད་དུང་ཡར་རྒྱས་གཏོང་དགོས་ས་མང་། དྲ་གྲོགས་དཔལ་གུང་ཟླ་བ་ལགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་རྩོད་པར་ངེས་པར་དུ་ཤེས་འཇོན་དགོས་གསུང་བར་མོས་མཐུན་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས། 

འོ་རེད་་་་འདིར་དྲ་གྲོགས་མ་གཏོགས་སྤྱི་འཐུས་ཡོད་མ་རེད་ལགས། ཧཧཧ

 
 
17.10.2014 01:21:43

འདིར་ཕེབས་རྩོམ་པ་པོ་རྣམ་པར་འཚམས་འདྲི་ཞུ་བཞིན་ཡོད། ལྷག་པར་དུ་གངས་ལྷ་ལགས་ཀྱིས་གོ་སྐབས་དམ་བཟུང་ཐོག་བོད་དོན་ཐུགས་ལ་བཞག་ནས་ཞི་བདེའི་མི་སྣ་འདི་གཉིས་ལ་ཐུག་འཕྲད་གནང་རྗེས་གཟི་བརྗིད་ལྡན་པའི་རྩོམ་ཡིག་འདི་བྲིས་གནང་བར་ཡང་དམིགས་བསལ་གྱིས་འཚམས་འདྲི་ཞུ་འདོད་བྱུང༌།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -