ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།
མཱ་པུ་ཧྥང་གི་ལོ་རྒྱུས་མདོར་བསྡུས་ཤིག
04.09.2014 05:13:49

མཱ་པུ་ཧྥང་ནི། ཕྱི་ལོ་ ༡༩༠༣ ལོར་སྐྱེས་ཤིང་ཕྱི་ལོ་ ༡༩༧༥ ལོར་འདས། (西北五马)ཞེས་པའི་རྒྱ་ཡིག་དེབ་ཏུ་གསལ་བ་ལྟར་ན། ཁྱིམ་རྒྱུད་འདི་ནི་དྲག་པོའི་སྟོབས་ཤུགས་དང་སྒྲིག་འཛུགས་ལྡན་པའི་ཁྱིམ་རྒྱུད་ཅིག་ཡིན་པ་དང་།


མཱ་པུ་ཧྥང་། (༡༩༠༣-༡༩༧༥ ) མཱ་པུ་ཧྥང་གི་ཨ་མྱེས་མཱ་ཧེ་ཡན་གྱིས་ཕྱི་ལོ་ ༡༨༨༥ ལོར་ཁ་ཆེའི་དམག་གིས་མན་ཇུར་ངོ་ལོག་རྒོལ་འཛིང་གི་གཡུལ་འཐབ་སྐབས་མན་ཇུ་གཞུང་ལ་མགོ་འདོགས་བྱས་པའི་གཟིགས་གཟོས་སུ་དཔོན་གནས་སྤྲད་པ་དེ་ཕྱི་ལོ་ ༡༩༠༠ ལོར་འདས་ཚབ་ཏུ། ཁོའི་བུ་མཱ་ཆི་(1869-1931)་ལ་དཔོན་གནས་རྒྱུད་འཛིན་བྱེད་བཅུག་པ་དང་། ཕྱི་ལོ་ ༡༩༡༣ ལོར་པེ་དབྱང་སྲིད་གཞུང་གིས་མཱ་ཆི་མཚོ་སྔོན་ཟི་ལིང་གི་དམག་དཔོན་དུ་བསྐོས། ཕྱི་ལོ་ ༡༩༡༥ ལོ་ནས་ཁོ་པས་ཁ་ཆེའི་དྲག་དམག་རྒྱ་སྐྱེད་བྱས་ནས་མདོ་སྨད་ཁུལ་དུ་དྲག་གནོན་ཡ་ང་བ་བྱེད་མགོ་ཚུགས་ཤིང་།

ཁོ་པའི་སྟོབས་ཤུགས་ཇེ་ཆེར་གྱུར་སྟབས། ཕྱི་ལོ་ ༡༩༣༠ ལོར་གོ་མིན་སྲིད་གཞུང་དང་ངན་པ་ལག་འབྲེལ་གྱིས་མཚོ་སྔོན་ཞིང་ཆེན་ཟེར་བ་བཙུགས། དེ་འདས་ཚབ་ཏུ་ཁོ་པའི་གཅུང་པོ་མ་ལིན་ལ་དབང་ཆ་སྤྲད་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་ཀྲུའུ་ཞི་ཟེར་བའི་མིང་གནས་སྤྱད་ནས་མུ་མཐུད་དབང་སྒྱུར་བྱས། ཕྱི་ལོ་ ༡༩༣༧ ལོར་ཅང་ཅེ་ཧྲིས་རྒྱབ་སྐྱོར་འོག་མཱ་པུའུ་ཧྥང་གིས་གོ་གནས་བཟུང་། དབང་སྒྱུར་དྲག་གནོན་གྱི་རིམ་པ་ཡ་ང་བ་བྱས། ཁོ་པའི་དབང་སྒྱུར་ལ་མགོ་མ་སྒུར་བའི་ས་ཁུལ་དག་ལ་དྲག་གནོན་བསྟུད་མར་བྱས་ཡོད་པ་སྟེ། མགོ་ལོག་དང་ཡུལ་ཤུལ། རེབ་གོང་དང་བླ་བྲང་སོགས་གཙོས་པའི་ས་ཁུལ་དག་ཏུ་དྲག་གནོན་སྐབས་བོད་རིགས་ཉིས་ཁྲི་ལྔ་སྟོང་དམར་གསོད་བཏང་།

ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༩ ཚེས་ ༥ ཉིན་རྒྱ་ནག་གུང་ཁྲན་ཚོགས་པས་ཟི་ལིང་ལ་དྲག་རྒོལ་གྱིས་བཙན་བཟུང་བྱས་སྟབས། མཱ་པུ་ཧྥང་གིས་བཟའ་མི་བུ་ཕྲུག་རྣམས་དང༌། གསེར་དངུལ་སོགས་ནོམ་པའི་རིགས་དང་དངུལ་སྒོར་འབུམ་ཕྲག་མང་པོ་མཉམ་ཁྱེར་གྱིས་གནམ་ཐོག་ནས་རྒྱ་ནག་ཀོང་ཀྲོའུ་བརྒྱུད་ཧོང་ཀོང་དང༌། དེ་ནས་ཨེ་ཇེབ་རྒྱལ་ཁབ་ཏུ་བྲོས་བྱོལ་གཏན་སྡོད་བྱས། ཕྱི་ལོ་ ༡༩༥༧ ལོར་ཨེ་ཇེབ་རྒྱལ་ཁབ་ནས་སོ་ཌི་ཨ་རབ་བྷི་ཡ་ Saudi Arabia རྒྱལ་ཁབ་ཏུ་གནས་སྤོས་གཏན་སྡོད་བྱས། ཅང་ཅེ་ཧྲི་ཐེ་ཝན་དུ་སླེབས་པའི་རྗེས་ཏེ་ཕྱི་ལོ་ ༡༩༥༧ ལོར་སོ་ཌི་ཨ་རབ་ཏུ་གནས་སྡོད་གོ་མིན་སྲིད་གཞུང་གི་གཞུང་ཚབ་ཏུ་བསྐོས་ནའང། ཕྱིས་ན་ཕྱི་ལོ་ ༡༩༦༡ ལོར་ཚ་མོ་ཞིག་ཆུང་མ་བསྟེན་པའི་རྐྱེན་གྱིས་ཅང་ཇེ་ཧྲིས་གཞུང་ཚབ་གོ་གནས་ཕྱིར་བསྡུ་བྱས། ཕྱི་ལོ་ ༡༩༧༥ ལོར་དེར་ཚེ་ལས་འདས།

ཀླུའི་སྟོང་དཔོན་ཀླུ་པ་པ་ཞེས་པའི་སྐོར།  དང་བོ།   ༼མཱ་པུ་ཧྥང་གི་ལོ་རྒྱུས༽ཞེས་པའི་དེབ་འདིར་གསལ་བ་ལྟར་ན།  ཉིན་ཧེ་དམག་སྡེས་མགོ་ལོག་གི་女王部落ཞེས་པའི་ཚོ་བར་དམག་འཁྲུག་སྐབས།  མཱ་པུ་ཧྥང་གི་ཁྲལ་བསྡུའི་མགོ་བ་དང་ཀླུ་པ་པ་གཉིས་བར་རྩོད་གླེང་བྱུང་ཞིང་། ཀླུ་པ་པས་ཁྲལ་དཔོན་ལ་མེ་མདས་བརྒྱབ་མོད་མ་ཕོག་པས།  ཁྲལ་དཔོན་སྲོག་ཉེན་ལས་ཐར་ཏེ་མཱ་པུ་ཧྥང་ལ་ཕྲ་མ་བརྒྱབ་པར་བཤད།  1936ལོར་དམར་དམག་མགོ་ལོག་དང་མདོ་ལྷོའི་ཕྱོགས་སུ་བསླེབས་པར།  མཱ་པུ་ཧྥང་གིས་རྨ་ཆུའི་ལྷོ་བརྒྱུད་ཀྱི་བོད་པའི་ཚོ་བ་དག་གིས་དམངས་དམག་མངགས་ཏེ་མདོ་ལྷོ་རུ་དམར་དམག་འགོག་དགོས་པའི་བཀའ་ཕབ།   ཀླུ་པ་པས་ཀྱང་སྐྱ་དམག་ལྔ་བརྒྱ་ལྷག་ཁྲིད་ནས་དམག་ལ་ཞུགས།  ཁོ་རང་སྔར་ནས་མཱ་ཚང་གི་དམག་མིས་བོད་པའི་ཚོ་བ་དག་ལ་བཅོམ་འཕྲོག་བྱེད་པའི་བྱ་སྤྱོད་ལ་མི་འཐད་མཁན་ཞིག་ཡིན་པས།  ཚོ་ཁག་དང་མངའ་སྡེ་སོ་སོར་འབྲེལ་བ་བྱས་ཏེ་ཕྱོགས་གཉིས་ནས་རུབ་རྒོལ་གྱིས་མཱ་པུ་ཧྥང་དང་"ཁྲི་ཀའི་རྒྱལ་བོ་"མཱ་ཡོན་ཧེ་གསོད་པའི་གྲོས་བྱས།  ཡིན་ནའང་གྲོས་ཐོག་དེར་མ་ཡོང་བས་ཚོ་བ་གཞན་པའི་མི་རྟ་དག་མཱ་ཚང་གི་དམག་དང་འགྲོགས་ནས་རྨ་ཆུ་བརྒལ་ཏེ་ཆས་ཤིང་།   ཀླུ་པ་པས་རང་གི་ཚོ་བའི་དམངས་དམག་དག་ཁྲིད་ནས་ཕྱིར་ཀླུ་ཚང་དུ་ལོག   ཀླུ་ཚང་དུ་འབྱོར་འཕྲལ་ཁོང་གིས་ཀླུ་ཚང་གི་མགོ་བ་དག་དང་གསང་གྲོས་བྱས་ཏེ།  མཱ་པུ་ཧྥང་གི་དམག་ཕྱིར་ལོག་ནས་ཀླུ་ཚང་བརྒྱུད་དུས་གསོལ་སྟོན་དུ་བོས་ནས་མཱ་པུ་ཧྥང་དང་མ་ཡོན་ཧེ་གཉིས་གསད་རྒྱུའི་གྲབས་བྱས།   ཡིན་ནའང་རྗེས་སུ་གསང་ཉུལ་བས་གསང་བ་ཕྱིར་བསྐྱལ་བས་མཱ་དམག་ཕྱིར་ཡོང་དུས་ཀླུ་ཚང་མ་བརྒྱུད་པར་བདར་ཆེན་ཁ་མདོ་བརྒྱུད་ནས་ཟི་ལིང་དུ་ལོག

མཱ་པུ་ཧྥང་ཟི་ལིང་དུ་འབྱོར་འཕྲལ་མཱ་ཡོན་ཧེ་ལ་ཀླུ་པ་པར་ལྟ་རྟོག་ནན་མོ་བྱ་དགོས་པའི་བཀའ་ཕབ།          ལོ་དེའི་ཟླ་དང་བོར།  ཀླུ་པ་པ་གཡོག་འཁོར་ཉུང་ཙམ་དང་བཅས་སྐུ་འབུམ་དུ་བཞུགས་པའི་པཎ་ཆེན་སྐུ་ཕྲེང་དགུ་བར་མཇལ་དུ་ཕེབས།   སྐབས་དེར་གསང་ཉུལ་བས་མི་ཞིག་སྔོན་དུ་མངགས་ནས་དེ་དོན་མཱ་ཡོན་ཧེ་ལ་བཤད།  ཀླུ་པ་པ་སོགས་ཁྲི་ཀའི་ཧོ་ཞི་ལ་བསླེབས་དུས།  མཱ་ཡོན་ཧེའི་ལོ་ཙཱ་སོགས་ཀྱིས་དེར་བཀག་ཅིང་།  མི་ཆེན་པང་པན་གྱིས་ཀླུའི་སྟོང་དཔོན་གསོལ་སྟོན་དུ་འབོད་བཞིན་ཡོད་ཚུལ་བཤད།  ཀླུ་པ་པས་བཀྲ་མི་ཤིས་པར་བསམས་ནས་ཁས་མ་བླངས་ནའང་།  དམག་འགས་བཙན་གྱིས་མགྲོན་ཁང་ཞིག་ཏུ་ཁྲིད།   དེ་ལྟར་མཱ་ཡོན་ཧེས་ཀླུ་པ་པ་བཟུང་སྟེ་ཁྲི་ཀའི་བཙོན་ཁང་དུ་བཅུག དེ་ནས་ཀླུའི་དཔོན་པོ་གཞན་པ་དག་གིས་ཀླུ་པ་པ་བསྐྱབ་པའི་ཆེད་དུ།  མཱ་ཡོན་ཧེ་ལ་གསེར་དང་རྟ།  ཝ་ལྤགས་སོགས་ཕུལ་ནས་མཱ་པུ་ཧྥང་ལ་ངོ་ཆེན་ཞུ་བའི་རེ་བ་ཞུས།   ཟླ་དང་བོའི་ཚེས་ཉི་ཤུ་ཉིན་མཱ་པུ་ཧྥང་གིས་སྲུང་དམག་བཞི་མངགས་ནས་བསླེབས་ཤིང་།  དེ་དག་མཱ་ཡོན་ཧེའི་སྲུང་དམག་དང་མཉམ་དུ་བཙོན་ཁང་དུ་སོང་ནས།  ཀླུ་པ་པ་ལ"མཱ་ཀྲུའུ་ཞིས་ཁྱོད་རང་བཏང་སོང་།

མཱ་པང་པན་གྱིས་སྲང་ལམ་ནུབ་མའི་ཡོན་ཞིན་ཁྲང་ཞེས་པར་ཁྱེད་ལ་སྒུག་འདུག "ཅེས་བཤད།  ཁོ་ཚོ་བཙོན་ཁང་ལས་ཐོན་ཏེ་ཡོན་ཞིན་ཁྲང་ཚོང་རར་བསླེབས་ནའང་མཱ་པང་པན་གྱི་གྲིབ་མ་ཙམ་ཡང་མ་མཐོང་།  ཀླུ་པ་པས"མཱ་པང་པན་གང་ན་འདུག "ཅེས་དྲིས་པར།  སྲུང་དམག་གིས" ཁྱོད་ཀྱིས་ལྟོས་དང་།  དེ་ན་འདུག  "  ཅེས་ལན་བཏབ།  ཀླུ་པ་པ་ཕྱིར་འཁོར་མ་ཐག་མཱ་ཡོན་ཧེའི་སྲུང་དམག"རྒྱ་རག་"ཅེས་པ་ཞིག་ཡོད་པ་དེས་མེ་མདའ་བཏོན་ནས་ཁོང་གི་མགོ་ལ་བརྒྱབ་སྟེ་བསད།  དེ་ནས་ཡོན་ཞིན་ཁྲང་ཚོང་རའི་ལྟག་རྒྱབ་ན་སོ་ལྟ་བྱེད་བཞིན་པའི་མཱ་ཡོན་ཧེ་ཡིས་མི་མངགས་ཏེ། "ཀླུ་པ་པའི་ཤི་རྐྱེན་ནི་མི་བསད་པའི་སྲོག་ཆད་ཡིན་ནོ།། "ཞེས་བསྒྲགས།   ཀླུ་པ་པའི་གྲོགས་པོ་ཞིག་གིས་ཁོང་གི་བེམ་པོ་སྲང་ལམ་ནུབ་མའི་མགྲོན་ཁང་ཞིག་ཏུ་བསྐྱལ།  ཏག་ཏག་སྐབས་དེར། སྐུ་འབུམ་དུ་མཆོད་མཇལ་ལ་སོང་སྟེ་ཕྱིར་ཡོང་བཞིན་པའི་ཀླུ་པ་པའི་ཚོ་བའི་མི་འགའ་ཁྲི་ཀར་འབྱོར།  ཁོ་ཚོས་གནས་ཚུལ་དེ་མཐོང་འཕྲལ།   ཞེ་སྡང་གི་མེ་འབར་བར་གྱུར་ཅིང་མྱ་ངན་གྱི་ཆོ་ངེ་ཤུགས་ཆེར་བསྒྲགས་ལ། སྐྱེས་པ་དག་གིས་ཞྭ་མོ་ཕྱིར་བསློགས་པ།  བུད་མེད་དག་གིས་དངུལ་རྒྱན་ལེན་པ།  ལན་བུ་བལ་དཀར་གྱིས་སླེ་བ་སོགས་བྱས།

དེའི་དགོང་མོར་ཚོ་བའི་མི་དག་གིས་ཀླུ་པ་པའི་བེམ་པོ་རྟ་ལ་བཀལ་ནས་རྨ་ཆུར་གཤེགས་སུ་གསོལ།   ཀླུ་པ་པ་བཀྲོངས་རྗེས་མཱ་པུ་ཧྥང་གིས་མཱ་ཡོན་ཧེ་ལ་བཀའ་བཏང་ནས། ཁྲི་ཀའི་མངའ་ཁོངས་ཀྱི་འབྲོག་ཁུལ་སྡེ་བ་བཅུ་བདུན་གྱི་སྟོང་བརྒྱ་དཔོན།  མགོ་བ་བཅུ་ཕྲག་ལྷག་ཟི་ལིང་དུ་ཉེས་པ་ཁས་ལེན་བྱེད་དུ་ཡོང་དགོས་པར་བཤད།  ཁོ་ཚོ་ར་སྐོར་ཆེན་པོ་ཕྱོགས་བཞིར་སྲུང་དམག་དང་ཁང་ཀླད་དུ་མེ་མདའ་བཙུགས་པ་ཞིག་ཏུ་བསླེབས་པ་ན།  མཱ་པུ་ཧྥང་ཐོན་ཏེ་གཏམ་དྲིས། སྐབས་དེར་ཀླུའི་བརྒྱ་དཔོན་ཞིག་གིས། "ཁྱོད་ཀྱིས་ངེད་ཀླུ་ཚང་སྡེ་བ་བཅུ་བདུན་གྱི་སྟོང་དཔོན་བཀྲོངས་པས་མ་ཚད།   ང་ཚོ་ཡང་འཛིན་བཟུང་བྱས།  ང་ཚོས་དོན་ངོ་མར་ཉེས་པ་ཅི་ཞིག་བསགས་སོང་།  "ཞེས་བཤད།  སྐབས་དེར་མཱ་པུ་ཧྥང་གིས་བོད་སྐད་ད་མ་དིག་གིས་" ངས་བོང་སྟག་ནས་དོམ་དཀར་བོ་ཞིག་བསད།

ཀ་རིན་གཞུང་ནས་རི་སྤྱང་སྔོན་མོ་ཞིག་བསད།   ཐར་ཤུལ་ཚོ་གསུམ་ནས་འབྲོང་རུ་དམར་(ཀླུ་པ་པར་གོ)ཞིག་བསད།  ད་དུང་རི་དྭགས་འགའ་རེ་གསད་དགོས། "ཞེས་བཤད།  ད་དུང་ཚོགས་ར་དེ་ནས་སྡེ་བ་བཅུ་བདུན་གྱི་མི་དག་སྐྱ་མི་བོའུ་ཁུར་བྱས་མི་ཆོག་ཅིང་།   དངུལ་སྒོར་ཉིས་ཁྲི།  དམག་རྟ་བརྒྱ།  ཚར་ནག་བརྒྱ།  མཛོ་བརྒྱ།  ནོར་བཞི་བརྒྱ།  ཤབ་གཟན་ཉིས་སྟོང་།  མེ་མདའ་བརྒྱ་བཅས་སྤྲོད་དགོས་ཚུལ་བཤད།

༜གསལ་བཤད། པང་པན།  帮办  ནི་ཆིང་རྒྱལ་རབས་སྐབས་ཀྱི་དམག་མིའི་གོ་གནས་ཤིག་གི་མིང་སྟེ།  མཱ་ཡོན་ཧེ་马元海ཉིན་ཧེ་དམག་སྡེའི་པང་པན་བྱས་མྱོང་བས།  མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་མི་དག་གིས་ཁོ་ལ་"ཁྲི་ཀའི་རྒྱལ་བོ།"   མཱ་པང་པན་སོགས་སུ་འབོད།

རིལ་དཀར་དང་རས་པ་གཉིས་ཀྱིས་སྐད་འཕྲིན་ཚོགས་པ་ཞིག་ཏུ་བཏང་བ་ནས་བཏུས།



བརྗོད་གཞིའི་རིགས་བཀར་བ།:


 

04.09.2014 07:36:39

བདུད་རྒན་འདི་ཡིན་ན་དམྱལ་ཁམས་ནས་ཐར་ལམ་མེད། 
ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -