ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

02.08.2014 04:24:56
གངས་དཀར་སེམས།

རྒྱ་ནག་གྲོང་གསེབ་ཀྱི་རྒས་འཁོག་རང་ཤི་རྒྱབ་མཁན་མང་བའི་རྒྱུ་མཚན་ག་རེ་ཡིན་ནམ།

༢༠༡༤ ཟླ་༧ ཚེས་ ༣༡ ཉིན། རྩོམ་པ་པོ་ཧྥིང་ཆིང་ཡང་།

ཧུའུ་པེ་ཞིང་ཆེན་ཅིང་ཧྲན་རྫོང་དུ་རང་ལོ་རེ་དགུའི་རྒས་འཁོག་ཅིག་གིས་མེ་ཐབ་ཏུ་ཤོག་དངུལ་བསྲེག་བཞིན་ཤེལ་དམ་ཕྱེད་ཙམ་གྱི་དུག་འཐུང་ཡོད་པ་རེད། གྲོང་ཚོའི་མི་ཞིག་གིས་འདིའི་སྐོར། ཁོ་བོ་མ་འོངས་པར་ཤི་དུས་ཕྲུ་གུ་ཚོས་ཁོ་བོའི་ཆེད་དུ་ཤུལ་དུ་དངུལ་ཤོག་ཙམ་ཉོ་མི་སྲིད་པར་འཇིགས་སྣང་སྐྱེས་པས་རེད། ཅེས་བཤད་ཡོད། ཁུལ་དེའི་རྒས་འཁོག་ནང་ལོ་ཏོག་ལ་བེད་སྤྱོད་ཡོད་པའི་དུག་དེ་འཐུང་བ་དང་། གནམ་བཏགས་རྒྱབ་པ། ཆུ་ནང་མཆོང་བ་བཅས་ནི་སོ་སོའི་བུ་རྒྱུད་ལ་བརྟེན་པ་ལས་བཟང་བ་ཡོད་ལུགས་བཤད་སྲོལ་ཡོད། ཞིབ་འཇུག་པས་གྲོང་ཚོ་དེའི་ནང་དུས་མིན་རྐྱེན་འདས་སོང་བའི་རྒན་འཁོག་གཞན་ཡོད་མེད་ཀྱི་གནས་སྟངས་སྐོར་འདྲི་སྐབས། མང་ཆེར་གྱིས་ང་ཚོའི་ས་ཁུལ་འདིར་ལུགས་མཐུན་གྱི་ཤི་སོང་བའི་རྒས་འཁོག་ཡོད་མ་རེད་ཅེས་ལན་འདེབས། (ཟླ་༧ ཚེས་༣༠ ཉིན་རྒྱ་ནག་གཞོན་ནུ་ཚགས་པར་ཐོག་བཀོད་ཡོད། )
གྲོང་གསེབ་ཀྱི་རྒན་རབས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ཤི་རྒྱབ་པའི་སྐོར་ལོ་ཤས་སྔོན་གསར་ལམ་ཁག་ཏུ་ཧུའུ་པེ་ཅིང་ཧྲན་རྫོང་གི་གྲོང་གསེབ་ཏུ་རང་ཤི་རྒྱག་སའི་ཁང་པ་དང་། རང་ཤི་རྒྱག་སའི་ས་དུང་ཡོད། རྒན་རབས་མ་ཉུང་བ་ཞིག་ན་ཚས་མནར་བའི་རྐྱེན་གྱིས་བུ་རྒྱུད་ཚོར་རྙོག་དྲ་མི་བཟོ་ཕྱིར་ཁོ་ཚོས་ཁང་རྒོག་དང་ས་རྒོད། ནགས་ཚལ་དང་གཙང་འགྲམ་བཅས་ཁུ་སིམ་སིམ་གྱི་ས་ཆ་གདམ་ནས་རང་ཤི་རྒྱག་གི་ཡོད། ས་ཁུལ་གྱི་མི་རྣམས་གནས་སྟངས་དེར་རྒྱུན་སྲོལ་ལྟར་ཚོར་བཞིན་ཡོད། ཡུལ་མིས་རང་ལོ་བདུན་ཅུ་ཡས་བརྒལ་ཞིང་འཚོ་བ་རང་མགོ་མི་ཐོན་མཁན། དཔལ་འབྱོར་གྱི་རྒྱབ་ལྗོངས་ཞེན་པ། བུ་རྒྱུད་ཀྱི་འཚོ་བ་ཅུང་སྐྱོ་བ། བཅོས་ཐབས་མེད་པའི་ན་ཚ་ཕོག་པའི་རིགས་ཀྱི་རྒས་འཁོག་ཚོས་རང་ཤི་རྒྱབ་པ་ནི་འོས་འཚམས་ཀྱི་གདམ་ཁ་ཞིག་རེད་ཅེས་བཤད། གཞུང་ཕྱོགས་ཀྱི་ཞིབ་འཇུག་བྱས་པའི་གྲངས་འབོར་ལྟར་ན་རྒྱ་ནག་གྲོང་གསེབ་ཀྱི་རྒས་འཁོག་རྣམས་རང་ཤི་རྒྱབ་པའི་བསྡུར་ཚད་ནི་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྡབ་༤ དང་ ༥ ཟིན་ཡོད།

གྲང་ཤུར་ཤུར་གྱི་གྲངས་ཀ་འདི་ཡིན་ཡང་འདྲ། ཡང་ན་གསར་འགྱུར་གྱིས་ང་ཚོར་ར་སྤྲོད་བྱས་པའི་དོན་དངོས་དེ་ཡིན་ཡང་ཆོག ཚང་མས་གྲོང་གསེབ་ཀྱི་རྒན་རབས་རྣམས་ཚེ་མཇུག་གི་ཡ་ང་བའི་གནས་སྟངས་འགྲེལ་གྱི་ཡོད། རྒས་པོ་ལ་ལས་རང་ཤི་རྒྱབ་དགོས་དུས་བུ་རྒྱུད་ཀྱིས་ཁོ་བོར་ཁ་ཡ་མི་བྱེད་པར་སྐྲག་ནས་སོ་སོས་ས་དུང་བྲུས་ཏེ་དེར་ཉལ་རྗེས་དུག་འཐུང་བཞིན་ས་བཀབ་བཞིན་བསྡད་ཀྱི་ཡོད། མལ་སར་ལྷུང་བའི་ནད་པ་རྒས་འཁོག་འགས་བུའི་བཀའ་རྒྱ་ལྟ་བུ་ཡོད་པའི་འོག་ནས་དུག་འཐུང་ནས་རང་ཤི་རྒྱགི་ཡོད། ཡང་མལ་ཁྲིར་ལུས་པའི་རྒས་འཁོག་འགའ་རེས་དུག་སྨན་ལེན་ནས་རང་ཤི་རྒྱག་ཐབས་བྱེད། རྒན་འཁོག་རང་ཤི་རྒྱག་རྗེས་གྲོང་ཚོའི་ནང་གི་ལྷིང་འཇགས་དང་མི་ཚོས་རྒས་འཁོག་རང་ཤི་རྒྱག་སྐབས་ཀྱི་དགོད་བྲོའི་ཁ་བརྡ་བྱེད་སྟངས་དེ་ནི་ཤི་རྒྱུ་ནི་འཇིགས་སྐྲག་དགོས་པའི་བྱ་བ་གང་ཡང་མེད་པ་ལྟར་རེད། དེ་བས་རང་ཤི་རྒྱག་པ་ནི་དགོད་བྲོའི་ཟློ་གཞུང་ལྟར་རེད། རྒན་རབས་ཀྱི་གུས་ལུགས་ནི་ད་དུང་ཡང་མཛེས་ཆོས་ཤིག་ལ་བརྩི་བཞིན་པ་ཡིན་ཡང་། དོན་དམ་པར་རྒན་རབས་ཚོར་གུས་ཞབས་མེད་པ་དེ་ལའང་ངོས་ལེན་ཐུབ་པ་ཞིག་ཆགས་ཡོད།

གྲོང་ཁྱེར་ནང་གི་རྒན་རབས་ཚོ་ལྡུམ་རའི་ནང་ཁྱི་འཁྲིད་དེ་སྤྲོ་འཁྱམ་འགྲོ་ཞིང་། ཐང་ཆེན་ཐོག་ཞབས་བྲོ་འཁྲབ་པའི་སྐབས་སུ་རྒན་གཡོལ་ཞུ་རྒྱུའི་སྐོར་རྩོད་གླེང་བྱེད་དུས་སམ། ང་ཚོའི་མི་རེ་རེའི་རྨི་ལམ་སྐོར་བསམ་བློ་གཏོང་དུས། ཁྲོམ་ལམ་གང་སར་རྒས་རབས་རྣམས་ཀྱི་བདེ་སྐྱིད་ཚོར་བའི་སྐོར་སྐད་ཆ་འདྲི་དུས་གྲོང་གསེབ་ཀྱི་རྒས་རབས་རྣམས་ཀྱི་རྨི་ལམ་ག་རེ་ཡིན་མིན་ཤེས་མཁན་ཡོད་དམ། ཁོ་ཚོ་ནི་སར་ཉལ་བ་ཙམ་གྱིས་ཡོངས་རྫོགས་གྲོལ་བ་རེད། གྲོང་གསེབ་ཀྱི་རྒས་རབས་མང་པོ་ད་དུང་ཡང་ཞིང་ཁར་ཧུར་བརྩོན་གྱིས་ལས་ཀ་བྱེད་བཞིན་ཡོད། དེ་ནས་ཤུགས་ལས་ཀྱི་ནུས་པ་ཡོངས་ཉམས་པའི་ཉིན་དེའི་ནང་གི་ལ་ལས་རང་ཤི་རྒྱག་པའི་ཐབས་ལག་བསྟར་གྱིས་སོ་སོའི་ཚེ་སྲོག་བཅད་ཀྱི་རེད། དེ་ནི་གྲོང་གསེབ་གང་གི་རྒས་རབས་འགའི་བདེ་སྐྱིད་ཟེར་བ་དེ་རེད་ལ། ཁོ་ཚོའི་རྒྱ་ནག་གི་རྨི་ལམ་ཟེར་བ་དེའང་རེད།

ངན་པའི་ཤི་བ་ལས་སྡུག་ཆགས་ཀྱིས་གསོན་ན་དགའ་ཞེས་པའི་དཔེ་ལྟར། འུ་ཐུག་ཐབས་ཟད་ལ་མ་ཐུག་བར་སུས་རང་ཤི་རྒྱག་འདོད་དམ། རང་ཤི་རྒྱག་མཁན་གྱི་རྒས་འཁོག་འདི་དག་གཞོན་དུས་ཤི་འཐམ་རོ་འཐམ་གྱིས་བུ་རྒྱུད་གསོ་སྐྱོང་དང་། བུ་རྒྱུད་ཀྱི་ཆེད་དུ་ཁང་བ་རྒྱབ་ཅིང་བུ་རྒྱུད་ཀྱི་ཆེད་དུ་བུ་ཚ་རྣམས་སྐྱོང་རོགས་བྱས། འོན་ཀྱང་ཤུགས་ལས་ཀྱི་ནུས་ཤུགས་ཉམས་ཚར་རྗེས་མི་ལ་ལའི་མིག་ནང་རྒས་རབས་ཚོ་ནི་ལེགས་ཆ་སྤུ་ཙམ་མེད་པར་ཆགས་ཀྱི་ཡོད། ཕྱོགས་གཅིག་ནས་བུ་རྒྱུད་ཀྱིས་དྲི་ལན་མེད་པའི་སྐྱོ་གདུང་དང་ཕྱོགས་གཞན་ནི་བུ་རྒྱུད་ཀྱི་འགན་འཁྲིའི་ལྗིད་ཚད་ལ་བསམ་གཞིགས་བྱེད། རྒྱུན་དུ་མགོ་ན་ཚ་བ་བབ་སྐབས་སྨན་ཟ་ཁབ་རྒྱབ་པ་ཙམ་གྱིས་དུས་ཚོད་ཐབས་ཆགས་འཆོས་འགྲོ་གི་ཡོད། འོན་ཀྱང་ན་ཚ་ལྕི་མོའམ་ན་ཡུན་རྒྱུན་རིང་བྱས་ཚེ་རྒན་རབས་རྣམས་ནི་ཁྱིམ་མི་ཡོངས་ཀྱི་རྡོག་ཁྲེས་གྱུར་ཏེ་མ་རྩ་ཅིའང་མེད་ཅིང་ཟླ་རེའི་རྒན་ཕོག་རྒྱ་སྒོར་ང་ལྔར་བརྟེན་དགོས་པའི་ཁོ་བོ་ཚོའི་འཚོ་བ་ནི་བསམ་ཡུལ་ལས་འདས་པ་རེད། རྒན་པ་འགའ་རེ་རང་ལོ་དོན་བརྒྱད་ཟིན་སྐབས་ཁྱིམ་མིའི་དཀའ་ངལ་ཉུང་དུ་འགྲོ་ཕྱིར་ད་དུང་ཡང་ལས་ཀ་བྱེད་ཀྱི་ཡོད། དེ་ལྟར་མ་ཤི་བར་ལས་ཀ་བྱེད་པ་ནི་གྲོང་གསེབ་ནང་གི་རྒས་རབས་རྣམས་ཀྱི་ཚེ་མཇུག་གི་འཚོ་བ་དངོས་རེད།

དེར་བརྟེན་རྒས་འཁོག་རང་ཤི་རྒྱག་པ་དེ་ལམ་དང་ལུགས་སྲོལ་ཞིག་གྱུར་ཞིང་དེ་ནི་ཁོ་བོ་ཅག་གིས་བུ་རྒྱུད་ལ་སེམས་འཁུར་བྱེད་པའི་མཚོན་དོན་ཞིག་ལ་ངོས་འཛིན་གྱི་ཡོད། དངུལ་བསྲག་པའི་འཇོན་ནུས་མེད་ཅིང་བུ་རྒྱུད་ཚོར་རོགས་པ་མི་ཐུབ་པ། དེ་བཞིན་ན་ཚ་ཡོད་པས་བུ་རྒྱུད་ཚོར་དཀའ་ཁག་བཟོ་བ་ལས་གསོན་པོ་བསྡད་དེ་གང་བྱེད་དམ། དེ་མིན་དངུལ་སྒོར་ཡོད་མཁན་གྱི་ཞིང་པ་ཞིག་ཡིན་ཡང་ཁོ་ཚོ་རྒན་འཁོག་ཆགས་རྗེས་ཀྱང་གནད་དོན་ཞིག་གྱུར་ཡོད་པ་རེད། གལ་ཏེ་ཁོ་བོ་ཅག་དབུལ་ཕོངས་ཡིན་ཚེ་དེ་བས་གནད་དོན་ཆེན་པོ་ཞིག་གྱུར་ཟིན་པ་རེད། ཞིང་པའི་རྒན་གསོ་ནི་ངེས་པར་དུ་སྤུན་ཉེ་ཚོར་བརྟེན་དགོས། འོན་ཀྱང་ད་ལྟའི་ཁྱིམ་གྱི་སྒྲོམ་གཞིའི་རྐྱེན་པས་རྒན་འཁོག་ཏུ་གྱུར་ཚར་བ་རྣམས་ཀྱི་འཁྲིས་སུ་བུ་རྒྱུད་ཡོད་མཁན་ཧ་ཅང་དཀོན། དེ་མིན་ཞིང་པ་རྒས་པོའི་གྲངས་ཀ་ཇེ་མང་འགྲོ་བཞིན་གྲོང་གསེབ་ཁག་ནས་རྒས་གསོ་ཁང་དེ་འདྲ་མང་པོ་རྒྱག་པའི་ནུས་པ་མེད། ང་ཚོ་ཡིད་ཆེས་དགོས་པ་ཞིག་ནི་ཞིང་པ་ནི་སྲ་བརྟན་བག་ལྷིང་ལྡན་པ་ཞིག་ཡིན་ཕྱིན་གལ་ཏེ་ཞིང་པ་རྣམས་རྒས་འཁོག་ཆགས་རྗེས་ཀྱང་རང་ཤི་རྒྱག་དགོས་པའི་ཚད་ལ་སླེབས་ན་དེ་ནི་མུ་མཐུན་གསོན་ཐབས་མེད་པ་ཧ་ཅང་གསལ་པོ་རེད།

ཞིང་པ་རྒན་པོ་ཚོ་ནི་གྲོང་ཁྱེར་ནང་གི་རྒས་རབས་རྣམས་དང་མི་འདྲ་བ་ཁོ་ཚོར་རྒས་ཕོགས་དང་འཕྲོད་བསྟན་གྱི་ལྟ་སྐྱོང་དེ་འདྲ་མེད། ཁོ་ཚོས་ཞིང་ལས་མ་བྱེད་ཚེ་ཟས་ཀྱང་མེད་སྲིད། གྲོང་གསེབ་ཀྱི་རྒན་པ་མ་ཉུང་བ་ཞིག་མ་ཤི་བར་ཞིང་ལས་བྱེད་ནས་བསྡད་ཀྱི་ཡོད། ལ་ལས་དེ་དག་གིས་བུ་རྒྱུད་ཚོས་རྒན་འཁོག་དེ་དག་གསོ་སྐྱོང་བྱེད་ཀྱི་མེད་དམ་ཞེས་འདྲི་སྲིད། གྲོང་གསེབ་ཀྱི་བུ་རྒྱུད་ཡོངས་རྫོགས་རྒན་རབས་གཉོར་སྐྱོང་བྱེད་འདོད་མེད་པ་མིན་ལ། དེ་ནི་བུ་རྒྱུད་འདི་དག་ཀྱང་གསོན་ཐབས་ཙམ་ལའང་དཀའ་ངལ་མང་པོ་ཡོད་པས་རེད། ཞིང་པའི་བུ་རྒྱུད་དེ་དག་མང་ཆེར་འཚོ་བའི་འགན་འཁྲི་ཁོ་ནས་མགོ་བོ་ཡར་སྟེགས་མི་ཐུབ་པ་གྱུར་གྱི་ཡོད་ལ། ཕྲུ་གུ་གཅིག་རང་སློབ་ཆེན་གཏོང་བར་ལོ་གཅིག་གི་ཡོངས་བབས་ཚང་མ་བཏང་ཚར་བ་དགོས་པ་མ་ཟད། ད་དུང་བུ་ལོན་མང་པོ་བཟོ་དགོས་ཀྱི་ཡོད། ཁྱིམ་ནང་མི་གཅིག་ན་བ་ཙམ་གྱིས་ཁྱིམ་མི་ཡོངས་ཀྱིས་དབུལ་ཕོངས་ཀྱི་ངལ་དུབ་མྱོང་དགོས།

དེ་མིན་གྲོང་གསེབ་ཏུ་རྒན་འཁོག་མང་ཆེར་ཁེར་རྐྱང་དང་སུན་སྣང་ཆེ། ལོ་གཞོན་རྣམས་ཕྱི་རོལ་ནས་དངུལ་བསྲག་ཁྱིམ་ཚང་སྐྱོང་དགོས་སྟབས་ཁོ་ཚོ་མཉམ་དུ་བསྡད་ཐབས་བྲལ། གྲོང་གསེབ་མང་ཆེར་རིན་མེད་ཀྱི་རྒན་འཁོག་རྩེད་ར་ལྟེ་གནས་དེ་འདྲའང་མེད། དེ་བས་རྒན་གསོ་ཁང་ཡང་མེད། རྒན་རབས་དེ་དག་ཉི་མར་འདེ་བའམ་གཟུགས་མཐོང་གློག་བརྙན་ལྟ་བ་ཙམ་ལས་རྒན་རབས་རྣམས་ལ་རོལ་རྩེད་ཀྱི་ལས་འགུལ་ལྟ་བུ་གང་ཡང་མེད། དེའང་གྲོང་གསེབ་ཀྱི་རྒས་འཁོག་རྣམས་རང་ཤི་རྒྱག་སྟེ་སོ་སོ་གྲོལ་ཐབས་བྱེད་པའི་རྒྱུ་མཚན་ཞིག་རེད། གསར་འགྱུར་ནང་གྲོང་གསེབ་ཀྱི་རྒས་འཁོག་རྣམས་རང་ཤི་རྒྱག་དགོས་པའི་རྒྱུ་མཚན་ཆེན་པོ་གསུམ་ནི་འཚོ་བར་འགན་སྲུང་མེད་པ། འཕྲོད་བསྟན་སྨན་བཅོས་ཀྱི་ལྟ་སྐྱོང་མདང་ངེས་མེད་པ། རྒས་དུས་བསམ་བློའི་ཁེར་རྐྱང་དང་སུན་སྣང་བཅས་ཡིན་པར་བཤད་ཡོད། མདོར་ན་རྒན་འཁོག་ཆགས་དུས་གཞན་ལ་བརྟེན་ས་མེད་པའི་རྐྱེན་གྱིས་རེད།

སྲོལ་རྒྱུན་རྒྱ་ནག་གི་སྤྱི་ཚོགས་སུ་ཁྱིམ་ཚང་དང་བུ་རྒྱུད་ནི་རྒན་རབས་བརྟེན་ས་ཡིན། འོན་ཀྱང་དེང་རབས་ཅན་དང་གྲོང་ཁྱེར་ཅན་ལ་བསྒྱུར་བའི་དུས་འདིར་ཁྱིམ་ཚང་ལ་བརྟེན་ནས་རྒན་རབས་གཡོག་བྱ་བྱེད་པ་དེ་སྲིད་གཞུང་དང་ཁྲོམ་ཚོགས་ཀྱིས་གསོ་སྐྱོང་ལ་ཁ་བསྒྱུར་ཡོད། དེའི་རྒྱུད་རིམ་ཕྲོད་དེ་སྔོན་གྲོང་ཁྱེར་ནང་གནས་པའི་བུ་རྒྱུད་ཚོས་རྒན་རབས་ལ་ཁྱིམ་ཚང་གིས་གཡོག་བྱའི་ཞབས་འདེགས་ཞུ་ཐུབས་མེད་ཅིང་། སྲིད་གཞུང་གིས་རྒན་གསོའི་ཐབས་ལམ་དེའང་ལག་བསྟར་དངོས་སུ་མ་བྱུང་སྟབས། རང་ཤི་རྒྱག་ཟིན་པའམ་རྒྱག་བསམ་པའི་རྒས་འཁོག་འདི་དག་ཀྱང་སྤྱི་ཚོགས་བརྗེ་བསྒྱུར་གྱི་ཅ་དངོས་ཙམ་དུ་གྱུར་ཟིན་ཡོད། གྲོང་གསེབ་ཀྱི་རྒས་རབས་རྣམས་བདེ་སྐྱིད་དང་ལ་རྒྱ་ལྡན་པའི་སྒོ་ནས་ཚེ་མཇུག་བསྐྱེལ་ཐབས་ནི་སྤྱི་ཚོགས་ཀྱིས་ཐག་གཅོད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད།

རྒྱལ་སྤྱིའི་ཚོང་གི་GDPའཛམ་གླིང་ཨང་གཉིས་པའམ་རྒྱལ་ཡོངས་མི་མང་གི་ཆ་སྙོམས་ཡོངས་བབ་ཚད་མཐོན་པོར་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་གྲོང་གསེབ་ཀྱི་རྒན་རབས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ཤི་རྒྱག་བཞིན་པ་འདི་སྤྱི་ཚོགས་ཡོངས་ཀྱི་ནག་ཉེས་རེད། རྒན་རབས་རྣམས་དུས་མིན་རྐྱེན་འདས་ཀྱི་གནས་སྟངས་འདི་ཉུང་རུ་གཏོང་དགོས་ན་གནད་དོན་གསུམ་ཐག་གཅོད་བྱ་དགོས། དེ་ནི་ལྟོགས་ཤི་མི་ཐེབས་པ། ནད་བཅོས་མ་བྱུང་ནས་ཤི་རྐྱེན་འགོག་པ། ཁེར་རྐྱང་དང་སུན་སྣང་གིས་ཤི་བ་མིན་པ། བཅས་རེད།

ཕྱོགས་གཅིག་ནི་སྲིད་གཞུང་གིས་གྲོང་གསེབ་ཡུལ་མིའི་འཚོ་བའི་རྨང་གཞིར་འགན་སྲུང་དང་རྒན་གསོའི་འགན་སྲུང་སྤེལ་བ་དང་། གྲོང་ཚོའི་འཕྲོད་བསྟན་འགན་སྲུང་སྒྲོམ་གཞི་འཛུགས་སྐྲུན་གཏོང་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་དེ་དག་དོན་ངོ་མ་སྒེར་དང་། རྒན་འཁོག་ཡོངས་རྫོགས་ལ་གཡོག་བྱ་དང་སྨན་བཅོས་ཡོད་པར་དགོས་ལ། སྲིད་ཇུས་ཐོག་ནས་ཁོ་བོ་ཅག་གི་འཚོ་བར་འགན་སྲུང་བྱ་དགོས། ཕྱོགས་གཞན་ནས་མིའི་བུ་རྒྱུད་ཡིན་ནོ་ཅོག་གིས་ངེས་པར་དུ་རྒན་པ་གཡོག་བྱའི་འོས་འགན་འཁྱེར་དགོས་པ་དེ་ནི་མི་ཆོས་ཀྱི་རྨང་གཞི་ཡིན། ང་ཚོའི་ཉིན་གཅིག་རྒས་འགྲོ་བ་ནི་འགྲེལ་བརྗོད་མི་དགོས་པའི་གནས་ཚུལ་ཞིག་ལོས་ཡིན


རྩོམ་པ་པོ། ཧྥུང་ཆིང་ཡངས།

དྲ་རྒྱ་ནས་བརྒྱུད་བཀོད་སྐབས་རྩོམ་པ་པོའི་མིང་བཀོད་ཅིང་འབྲེལ་ཐག་མཐུད་དགོས། ཚགས་ཤོག་དང་དུས་དེབ་ནང་བེད་སྤྱོད་དགོས་ཚེ་ཆོག་མཆན་ཞུ་དགོས་པ་ལས་འགལ་འཛོལ་བྱུང་ཚེ་ཁྲིམས་ཀྱི་འོས་འགན་འཁྱེར་དགོས།

འབྲེལ་ཐག  http://beijingspring.com/c7/xw/zgbd/20140731165937.htm


  གངས་དཀར་སེམས།
 

11.08.2014 08:01:13

མུ་མཐུད་ནས་རྒྱ་ནག་གི་སྐོར་ལ་གང་མང་ཐོས་རྒྱུ་དང་མཐོང་རྒྱུ་ཡོད་པའི་རེ་ལྟོས་བཅོལ་ཡོད།

 
 
13.08.2014 01:14:54

ལགས་སོ། མུ་མཐུད་འབྲི་རྒྱུ་ཡིན།

 
 
18.08.2014 03:24:38

གངས་ལྷ་མོས་ཉམས་ཞིབ་ཀྱིས་བསྒྱུར་རྩོམ་དེ་དག་དེབ་ཅིག་འདོན་སྤེལ་ཐུབ་ན་ཡག་པོ་འདུག

 
 
20.08.2014 01:40:24

ཐུགས་འཁུར་གནང་བར་ངོ་མ་དགའ་ཡོད་ལགས། ད་བར་དེབ་གསུམ་གྲུབ་ཀྱང་ཀུན་དགའ་དོན་འགྲུབ་མེད་པར་སྡོད་ཡོད་ལགས། ཧཧཧཧ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -