ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.07.2014 22:03:31
གངས་དཀར་སེམས།

དངུལ་གྱིས་བརྩེ་བའི་དགའ་རོགས་ཕན་ཚུན་མཉམ་འཚོ་མི་ཐུབ་པ་ག་ཚོད་བཟོས།

དངུལ་གྱིས་ཕན་ཚུན་མི་དགའ་མཁན་ག་ཚོད་མཉམ་དུ་ཉལ་བཅུག་ཡོད།

དངུལ་གྱིས་བརྩེ་ཞེན་སྔར་ལས་ཟབ་ཐབས་ཅི་ཙམ་བསླུས།

དངུལ་གྱིས་བརྩེ་ལྡན་ག་ཚོད་ག་འགྲོ་འདི་འགྲོ་མེད་པར་བཟོས།

དངུལ་གྱིས་སོ་སོའི་གྲོགས་པོ་ག་ཚོད་བརླགས་མྱོང་ངམ།

 

དངུལ་གྱིས་མི་ཚོར་སོ་སོ་ཁྱི་ལས་སྡུག་པའི་གནས་སྟངས་ར་སྤྲོད་ག་ཚོད་བྱས།

དངུལ་གྱིས་མི་ག་ཚོད་བསམ་བློ་བདེ་ཐང་མེད་པར་བཟོས།

དངུལ་གྱིས་དཔོན་པོ་ག་ཚོད་ལྐོགས་ཟ་རུལ་སུངས་ལ་བསྐུལ།

དངུལ་གྱིས་དབུལ་པོ་ག་ཚོད་བཙོན་རར་བཅུགས།

དངུལ་གྱིས་ཚོང་པ་ག་ཚོད་འདོད་རྔམ་ལ་བསྒྱུར།

དངུལ་གྱིས་སྐྱེས་པ་ག་ཚོད་ལོག་གཡེམ་ལ་འདེད།

དངུལ་གྱིས་བུད་མེད་ཅི་ཙམ་བཟའ་ཟླ་མིན་པའི་སྐྱེས་པ་དང་ཉལ།

དངུལ་གྱིས་བུད་མེད་ག་ཚོད་ཕྱུག་པོ་བསྐོར་ནས་འདུར།

དངུལ་གྱིས་སྐྱེས་པ་ག་ཚོད་རང་གིས་དགའ་མ་དང་བྲལ།

བུད་མེད་ཅི་ཙམ་དངུལ་གྱི་ཆེད་དུ་སོ་སོའི་དགའ་རོཊ་གཡུགས།

 

སྐྱེས་པར་དངུལ་ཡོད་ན་ཚང་མ་དང་འགྲོག་འབྲེལ་ཆེ།

བུད་མེད་ལ་དངུལ་ཡོད་ན་སེམས་ལྷོད་པའི་དུས་ཅིག་མེད།

སྐྱེས་པ་ལ་དངུལ་ཡོད་ན་སྡུག་ཆགས་གྱུར་བ་མང་།

བུད་མེད་སྡུག་ཆགས་གྱུར་ན་དངུལ་ཡོད་མཁན་མང་།

དངུལ་ཡོད་ན་འཛམ་གླིང་བསྐོར་ཡང་སྲིད།

དངུལ་མེད་ན་གོམ་གང་སྤོས་པར་ཁག

 

དངུལ་ཡོད་ན་སྐྱེས་པ་ཕོ་རེད།

དངུལ་མེད་ན་སྐྱེས་ཕོའང་གཡོག་རེད།

བདེན་པ་ལ་མི་དགའ་དངུལ་ལ་དགའ་མཁན་མང་།

དངུལ་ཡོད་ན་མི་གཡོ་ཅན་དྲང་བདེན་ལ་བསྒྱུར་ཡང་ཆོག

དོན་དག་ཚང་མ་དངུལ་གྱིས་སྒྲུབ་ཟེར་བ་བདེན་ནམ།

 

མདོར་ན་མི་ཟེར་བ་འདིར།

དངུལ་མང་ཉུང་ལ་མ་ལྟོས་པར་མདང་ཙམ་བྱུང་ན་འགྲིག་གི་འདུག

མདོག་ཉེས་དང་མི་ཉེས་མིག་ལ་མཛའ་ན་འགྲིག་གི་འདུག

རྒན་གཞོན་གང་ཡིན་ཡང་བདེ་ཐང་ཡིན་ན་འགྲིག་གི་འདུག

ཁྱིམ་དབུལ་ཕྱུག་གང་ཡིན་མཛའ་མཐུན་ཡོད་ན་འགྲིག་གི་འདུག

ཁྱོ་བོ་ཕྱི་པོ་ཁྱིམ་དུ་ལོག་ཀྱང་ལོག་པ་ཙམ་གྱིས་འགྲིག་གི་འདུག

བཟའ་ཟླ་ཁ་མང་མ་ཞིག་ཡོད་ཀྱང་ཁྱིམ་སྐྱོང་ན་འགྲིག་གི་འདུག

 

བུ་རྒྱུད་སྤྱང་གྲུང་འཛོམས་མིན་ལ་མ་ལྟོས་པར་ཡར་རྒྱས་སོང་ན་འགྲིགི་འདུག

ཁང་པ་ཆེ་ཆུང་ལ་མ་ལྟོས་པར་སྡོད་ལོ་ན་འགྲིག་གི་འདུག

སྐད་གྲགས་ཡོད་མིན་ལ་མ་ལྟོས་པར་ལས་འབྲས་སྲུང་ན་འགྲིག་གི་འདུག

མི་ཡོངས་ཀྱི་མི་ཚེར་བདེ་འཇགས་བྱུང་ན་འགྲིག་གི་འདུག

དངུལ་ཡོད་ན་ངེས་པར་བཟང་པོ་ཡོང་བར་མ་ངེས་ཀྱང་།

ལུས་ངག་ཡིད་གསུམ་གཙང་ན་ལས་དབང་ཡང་བཟང་བ་སྲིད་པ་རེད།

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -