ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

15.07.2014 05:20:54
གངས་དཀར་སེམས།

བཟའ་ཟླའི་དབར་མི་ཚེ་རིང་པོར་བསྐྱེལ་བསམ་ཡང་དེ་ནི་བསམ་པ་བཞིན་ལས་སྟབས་བདེ་ཞིག་ཁྱོན་ནས་མིན། འཚོ་བའི་ཕྲོད་དྲག་ཆར་དང་རླུང་འཚུབ། དཀའ་ངལ་ཅི་འདྲ་བྱུང་བའམ་གནས་སྟངས་ཅི་འདྲ་ཡིན་ཡང་མཉམ་གནས་ཐུབ་པ་དགོས། དམིགས་བསལ་དུ་ཕྲུ་གུ་བྱུང་རྗེས་ཁ་རྩོད་ཤོར་བ་ནི་གྲངས་ཀྱིས་མི་ལོང་། 
ཕྲུ་གུའི་ཆེད་དུ་ཁ་བྲལ་མཁན་ཡང་མི་ཉུང་བ་ཞིག་ཡོད། ཆང་ས་རྒྱབ་ནས་དུས་ཚོད་ཅི་ཙམ་སོང་ན་དེའི་ཚོད་ཀྱི་ཁྱོ་བོ་ཁྱིམ་མི་ལྟར་གྱུར་ནས་སྙིང་ཉེ་བའི་ཚོར་བ་དེ་བོར་བརླག་སོང་བ་ལྟར་རེད་དམ། བྱ་བ་ཡོངས་རྫོགས་ཡིན་ལུགས་ཚུལ་ལྡན་ལྟར་གྱུར་རྗེས་མི་ཉུང་བ་ཞིག་ལ་སུན་སྣང་སྐྱེ་བཞིན་དེ་སྔོན་ཁྱོ་བོ་འདི་འདྲ་ཞིག་གདམ་ཁ་རྒྱག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་སྙམ་མོད། ཨ་རིའི་གྲགས་ཅན་དྲ་ལམ་ཐོག་དྲ་གྲོགས་ཅིག་གིས་ཁྱོད་ཀྱི་གཉེན་སྒྲིག་དེ་ད་བར་རྒྱུན་མཐུན་པའི་རྒྱུ་མཚན་ག་རེ་ཡིན་ནམ། ཞེས་པའི་དྲི་བ་གླེང་རིན་ཡོད་པ་ཞིག་དྲིས་འདུག་པར་གཤམ་གསལ་ནི་དྲ་གྲོགས་གཞན་རྣམས་ཀྱིས་སོ་སོའི་འཚོ་བ་དངོས་ཀྱི་ཉམས་རྟོག་ལ་བརྟེན་ནས་ལན་འདེབས་བྱས་པ་ཞིག་རེད། ང་ཚོས་ཁོ་ཚོས་ཇི་ལྟར་བྱས་ཏེ་སོ་སོའི་ཁྱིམ་ཚང་རྒྱུན་མཐུད་ཀྱིས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་གང་འདྲ་བྱས་མིན་ལྟའོ།

དང་པོ། གཅིག་མཐུན་གྱི་འདོད་མོས་ནི་ཧ་ཅང་གལ་ཆེ།

ཁོ་བོ་ནི་ངའི་གྲོགས་པོ་ཡག་ཤོས་དང་ངའི་ལུས་ཕྱེད་ལྟར་རེད། ང་ཚོ་མཉམ་དུ་སྤྲོ་སྣང་ཆེན་པོའི་སྒོ་ནས་ཕན་ཚུན་འགྲོག་འབྲེལ་བྱེད་པར་དགའ། ཁོ་ནི་ཡིད་བརྟེན་འཕེལ་ཞིང་དྲང་ཚུགས་ལྡན་པ། སྤྱང་གྲུང་འཛོམས་ཤིང་རྩེད་མཚར་ལ་དགའ་བ། ཡིད་དབང་འཕྲོག་ཅིང་སྐབས་རེར་ལྐུགས་འཚུབ་འཚུབ་ལྟ་བུ་ཞིག་རེད། ངེད་གཉིས་ཀྱིས་ཅ་དངོས་གཅིག་མཚུངས་ལ་དོ་དབྱིངས་ཡོད། ང་ཚོས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་མི་སྲིད། དེ་བས་ཕ་རོལ་པོར་ཡིད་ཆེས་ཆེན་པོ་བྱེད། གཅིག་བྱས་ན་ང་ཚོའི་བརྩེ་ཚོར་ནི་བསམ་ཡུལ་ལས་འདས་པའི་མཐོ་རླབས་འཕྱུར་སྟངས་ལྟ་བུ་མིན་ལ་ཚ་ཚ་འུར་འུར་གྱི་ཚོར་བ་ཞིག་མིན་ཡང་སྲིད། འོན་ཀྱང་འབྲེལ་བ་དེ་ནི་ང་རང་གིས་རྒྱུན་རིང་འབད་བརྩོན་བྱས་པའི་གནས་སྟངས་ཤིག་ཡིན།


གཉིས་པ། དཀའ་ངལ་འཕྲད་ཀྱང་ཁ་མི་གྱེས།

གཟའ་འཁོར་རྗེས་མ་ནི་ངེད་གཉིས་ཆང་ས་རྒྱབ་ནས་ལོ་ངོ་བཅུ་དགུ་ཧྲོལ་པོར་འཁོར་བའི་དུས་ཚོད་རེད། ད་དུང་ངེད་གཉིས་མཉམ་དུ་ཡོད་པ་དེ་ནི་ཁོང་གིས་ངའི་ལག་མགོ་ནས་འཇུས་ཏེ་ང་དང་མཉམ་དུ་དཀའ་ཚེགས་ཆེ་བའི་ལོ་ཟླ་བརྒལ་རོགས་བྱས་པས་ཡིན། རྒྱུན་དུ་ཡག་པོ་ཡོང་དུས་ཧ་ཅང་ཡག་པོ་ཡོད་ལ་སྡུག་པོར་གྱུར་དུས་ཀྱང་ཤིན་ཏུ་སྡུག་ངལ་ཡོང་མྱོང་། འོན་ཀྱང་ཕ་རོལ་པོར་བཅང་བའི་མཛའ་བརྩེ་དང་དམ་བཅའ་ལ་གཡོ་འགུལ་སྤུ་ཙམ་ཐེབས་མ་མྱོང་།


གསུམ་པ། ཕ་རོལ་པོས་བདག་ལ་སྤྲོ་བ་སྦྱིན་ཐུབ།

ང་ཆང་ས་རྒྱབ་སྟེ་ལོ་སོ་དགུ་སོང་། འོན་ཀྱང་ཡ་མཚན་པ་ཞིག་ལ་ངས་ཁོང་རླངས་འཁོར་གྱི་ལམ་ནས་ཚུར་ཡོང་བའི་སྒྲ་གོ་དུས་སེམས་གཏིང་དུ་ད་དུང་ཡང་ཅུང་འཕགས་མཆོང་རྒྱབ་པ་ལྟ་བུའི་དགའ་སྤྲོའི་ཚོར་བ་ཞིག་ཡོང་གི་འདུག ཁོང་གིས་རྒྱུན་དུ་ང་ལ་དགོད་ཁ་སློང་གི་ཡོད། མ་ཚད་ཕྱིར་འཆམ་འཆམ་ག་དུས་སོང་ཡང་ཁོས་ང་ལ་དགོད་ཁ་སློང་ནས་ངའི་གྲོད་པའང་ན་ཡོང་གི་འདུག ཁོང་ངས་བཤད་པའི་མཚར་གཏམ་ལ་དགོད་མོ་ཤོར་ཞིང་། གློག་བརྙན་ནང་གི་རོལ་དབྱངས་དང་། དགོད་བྲོ་བའི་རླངས་འཁོར་འཇོག་སྟངས། དེ་བཞིན་ཆུ་ཚོད་ཁ་ཤས་རླངས་འཁོར་བཏང་སྟེ་ངའི་ཆེད་དུ་པར་འགའ་ལེན་རོགས་བྱེད་པ། ང་དང་མཉམ་དུ་ཁྲོམ་ལམ་ཆེ་ཆུང་ལ་རྒྱུ་བཞིན་པའི་དུས་ཚོད་དང་སྐར་ཆ་རེ་རེ་ཡིན་ཡང་ཁོས་གཅེས་ཉར་བྱེད་ཤེས་ཀྱི་ཡོད། ང་རང་འཁྱག་པ་ཟ་འདོད་པའམ་ཡང་ན་ཟས་ཁང་ག་གེ་མོར་སླེབས་དུས་ཁོང་གིས་ལམ་བར་དུ་རླངས་འཁོར་བཀག་པར་མོས་མཐུན་བྱེད་ཀྱི་ཡོད། སྤྲོ་འཆབ་ཀྱི་ལམ་བར་ཡོངས་སུ་ཁོང་གིས་རླངས་འཁོར་གཏོང་བ་དེར་ང་རང་སེམས་འགུལ་ཤུགས་ཆེར་ཐེབས་མྱོང་།


བཞི་པ། ཁོང་ནི་ངའི་ཉེན་གཡོལ་གྱི་ས་ཆ་ཞིག་ཡིན།

ངེད་གཉིས་མཉམ་དུ་ལོ་བཅུ་གཅིག་སོང་ཞིང་ཆང་ས་རྒྱབ་ནས་ལོ་གཉིས་སོང་། ཁོ་རང་ང་ལ་ཧ་ཅང་དགོས་མཁོ་ཡོད་སྐབས་ང་ལ་རོགས་རམ་བྱེད་པ་མ་ཟད། ང་ལ་གྲུང་གྲུང་བྱ་དགོས་པའི་བསླབ་བྱ་རྒྱབ། ཁོང་གིས་ངའི་ཁྱིམ་ནང་གི་རྙོག་འཛིང་གི་གནད་དོན་དེ་དག་ཐག་གཅོད་བྱེད་རོགས་བྱས་ཡོད། ང་རང་ཟླ་མཚན་སླེབས་དུས་ཀྱི་གཟའ་འཁོར་དེར་ཁོས་ང་རང་ཆེས་དགའ་སའི་འཁྱག་པའི་མངར་མོ་ཉོས་ཏེ་སྦྱིན་གྱི་ཡོད་ལ། ང་ལ་དྲོ་སྐྱིད་དང་ལྡན་པའི་འཐམ་འཁྱུད་བྱེད་ཅིང་། དེ་མིན་འདོད་ཡོན་སྐོར་ལའང་ཧ་ཅང་བྱང་ཆ་དོད་པོ་ཞིག་རེད།


ལྔ་པ། སྤྱི་བཏང་བའི་གནས་ཚུལ་ལའང་ཡིད་དབང་འཕྲོག་པ་ལྟར་སྣང་།

ཟས་ཟ་བའམ་ཡང་ན་གླུ་གར་ཚོགས་པའི་ཐོག་ཡིན་ཡང་རུང་། དེ་བཞིན་སྤྱི་བཏང་ཁྱིམ་དུ་གློག་བརྙན་ལྟ་དུས་ཡིན་ཡང་རུང་། ངའི་བཟའ་ཟླ་ནི་ནམ་ཡང་ང་རང་གིས་ཕྱིར་སྤྲོ་འཆམ་དུ་འཁྲིད་བསམ་པའི་གང་ཟག་དེ་ཡིན། ཚེ་སྲོག་གིས་ངེད་གཉིས་ས་ཐག་རིང་པོ་ཇི་ཙམ་ཁ་བྲལ་ཡང་ངེད་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་ལ་ལྟས་ནས་བསྡད་ཡོད།


དྲུག་པ།ཕན་ཚུན་གྱི་གཤིས་ཀ་མི་འདྲ་བར་ངོས་འཛིན་ཐུབ་པ།

ང་དང་ངའི་བཟའ་ཟླ་མོ་གཉིས་ཀྱི་གཤིས་ཀ་ཁྱོན་ནས་མི་མཚུངས། ང་ནི་བྲེལ་འཚུབ་ཅན་ཞིག་ཡིན་ལ་ཁོང་མོ་ནི་ཞིབ་ཚགས་ལྡན་པ་ཞིག་རེད། ང་ནི་འགྲན་རྩོད་ལ་ཧ་ཅང་དགའ་ཞིང་། མོ་རང་ནི་ཅུང་ངོ་ཚོ་རྨིན་པོ་ལྟར་རེད། ངེད་གཉིས་ཀྱི་གཤིས་ཀ་ནས་དངོས་གནས་ཕན་ཚུན་ཁ་གསབ་ཐུབ་པ་ཞིག་ཡོད་པ་རེད།


བདུན་པ། ཁ་རྩོད་ཤོར་ཡང་ཚིག་རྩུབ་མི་བཤད།

དྲང་པོ་བཤད་ན་ངེད་གཉིས་ཆང་ས་རྒྱབ་སྟེ་ལོ་གཅིག་ཟིན་ལ་ཉེ། འོན་ཀྱང་ངེད་གཉིས་ཕན་ཚུན་ལོ་ངོ་ཧྲིལ་པོ་བཅུ་གཉིས་གཤིབས་ཡོད། ང་ཁོ་བོར་ཧ་ཅང་དགའ། གང་ཡིན་ཟེར་ན་ཁོ་བོ་ནི་ཤིན་ཏུ་སྤྱང་གྲུང་འཛོམས་ཤིང་དམིགས་ཡུལ་ངེས་ཅན་ལྡན་ཞིང་སེམས་ཐག་ཉེ་བ་བཅས་ཡོད། གལ་ཏེ་ཁོ་བོ་ཧ་ཅང་ཡིད་ཕམ་པའི་སྐབས་སུའང་ང་ལ་སྐད་ཆ་རྩུབ་པོ་ནམ་ཡང་བཤད་མ་མྱོང་། ངེད་གཉིས་ཕན་ཚུན་ཁ་རྩོད་ཤོར་གྱི་ཡོད་ཀྱང་དུས་ནམ་ཡང་ཕ་རོལ་པོར་ང་ཁྱོད་ལ་དགའ་ཞེས་ཀྱང་བརྗོད་ཀྱི་ཡོད། ཁོ་བོས་རྒྱུན་དུ་ང་ལ་བསྟོད་ར་གནང་གི་ཡོད། ང་ལ་མཛེས་མ་ཆུང་ཆུང་དང་ཡང་ན་ངའི་བརྩེ་ལྡན། ཡང་ན་ངའི་ནོར་བུ་ཟེར་བ་ལས་མང་། ཁོ་བོས་ངེའི་ཆེད་དུ་རླངས་འཁོར་གྱི་སྒོ་ཕྱེ་རོགས་བྱེད་ཅིང་ཅ་ལག་ལྗིད་ཚད་ལྡན་པ་དེ་ཚོ་འཁྱེར་རོགས་བྱེད། འོན་ཀྱང་དེ་ནི་ཕྱི་ཚུལ་རྣམ་འགྱུར་ཙམ་མིན་པར་ཁོ་བོས་ངའི་ཆེད་དུ་བྱ་བ་དེ་དག་བྱེད་དགའ་པོ་རེད། ཁོ་བོ་ངེད་གཉིས་ཀྱི་ཞི་མི་དེ་ཚོར་ཧ་ཅང་དགའ། རྟག་པར་ཞི་མི་དེ་ཚོ་དང་མཉམ་དུ་ཞབས་བྲོ་འཁྲབ་ཅིང་དེ་དག་གི་ཆེད་དུ་རོལ་དབྱངས་དཀྲོལ། དེར་ང་རང་ཧ་ཅང་དགའ་པོ་ཡོད། ངའི་བསམ་པར་གལ་ཏེ་ང་ཚོར་ཕྲུ་གུ་བྱུང་ན་ཁོང་ནི་ཧ་ཅང་བཟང་པའི་ཕ་ལགས་ཅིག་རེད་སྙམ།


བརྒྱད་པ། ཕན་ཚུན་མཉམ་དུ་བསྡད་པའི་རིང་ལོངས་སྤྱོད་བྱེད་པ།

ང་ཚོ་ཕན་ཚུན་འཛུམ་དང་ལྡན་ཞིང་ངེད་གཉིས་མཉམ་དུ་བྱ་བ་སྒྲུབ་མིན་ལ་མ་ལྟོས་པར། མཉམ་དུ་བསྡད་པ་ཙམ་གྱིས་དགའ་སྤྲོ་དང་ལྡན། གང་གིས་ཟེར་ན་ངེད་གཉིས་ཕན་ཚུན་སེམས་མཐུན་པས་ཡིན། གལ་ཆེ་ཤོས་ནི་ཕ་རོལ་པོ་དང་མཉམ་དུ་བསྡད་པའི་དུས་ཚོད་ལ་ལོངས་སྤྱོད་བྱེད་ཤེས་ཀྱི་ཡོད་པས་རེད།


དགུ་པ། ཁོ་བོའམ་ཁོ་མོས་ག་དུས་ཡིན་ཡང་བདག་ལ་གསོན་ཤུགས་སྦྱིན་ཐུབ།

ང་ཆང་ས་རྒྱབ་ནས་ལོ་ཉེར་ལྔ་སོང་། མོ་ནི་ངའི་ལྷ་མོ་རང་ཡིན། མོ་རང་མེད་པའི་འཚོ་བ་གང་འདྲ་བསྐྱེལ་དགོས་མིན་ནི་ངའི་བསམ་པའི་ཡུལ་དུའང་འཁོར་ཐབས་མི་འདུག ཁོ་མོ་ནི་སྣ་མང་ཤེས་འཇོན་ལྡན་པ་ཞིག་ཡོད། མོའི་གླུ་གཞས་གཏོང་སྐབས་ལྷའི་ཕོ་ཉ་མ་ཞིག་དང་མཚུངས་ཤིང་། ཞབས་བྲོ་འཁྲབ་ཤེས་ལ་ཟས་གཡོ་བསྐོལ་ཤེས། ཨར་འདམ་ལས་ཀ་དང་ས་ཕག་བཟོ་རྒྱུ། དེ་བཞིན་ཤིང་བཟོ་ཤེས་པ་སོགས་རེད། ཁོ་མོ་རང་ཁྱིམ་དུ་ལོག་མ་ཐག་ངས་མོ་རང་ཡོད་པའི་སྤྲོ་སྣང་གི་འཚོ་བ་དེ་དག་ཚོར་ཐུབ་ཀྱི་ཡོད། ངེད་གཉིས་ངོ་ཤེས་ནས་ལོ་སུམ་བཅུ་འདས་ཟིན། ད་བར་ཁོ་མོ་ད་དུང་ཡང་ངའི་གྲོགས་པོ་བཟང་ཤོས་ཡིན།


བཅུ་པ། ཆ་རྐྱེན་མེད་པའི་སྒོ་ནས་ངའི་ཡོངས་རྫོགས་ངོས་ལེན་བྱེད་པ།

ཁོ་མོས་ངའི་འཚོ་བར་འགྱུར་ལྡོག་གཏོང་སོང་། ང་རང་འཐུས་སྒོ་ཚང་བའི་སྐྱེས་བུ་ཞིག་ལ་བསྒྱུར་བྱུང་། ང་ལ་ནོར་འཁྲུལ་ཤོར་ཡང་ཁོ་མོས་སྣང་དོགས་མི་བྱེད། ཁོ་མོས་ངའི་ཆེད་དུ་བུ་ཞིག་སྐྱེས། མོ་རང་ལྟ་བུ་གང་ཟག་ཅིག་གིས་ང་ལ་དགའ་མི་སྲིད། མོ་དང་དུས་ཡུན་ཁ་བྲལ་ཡང་གཞན་སུ་འདྲ་ཞིག་གིས་ཀྱང་ང་ལ་ཚོར་བ་དེ་འདྲ་སྦྱིན་མ་མྱོང་། གང་ཡིན་ཟེར་ན་ཁོ་མོ་ནི་དགའ་འོས་པ་ཞིག་རེད་ལ། ང་ལའང་མོ་རང་དགོས་མཁོ་འདུག གནས་སྟངས་ཅི་འདྲ་ཡིན་ཡང་ཁོ་མོས་ང་ལ་འདི་ལྟར་དགའ་ནས་ཡོད། གལ་ཏེ་ངའི་འཚོ་བའི་ནང་མོ་རང་མེད་ན་ང་གང་འདྲ་ཆགས་མིན་བསམ་མི་ཕོད། ང་སར་འགྱེལ་སྐབས་ཁོ་མོས་ང་ལ་རོགས་པ་བྱེད་ཐུབ།


བཅུ་གཅིག ཕན་ཚུན་དབང་བར་དགའ་ནས་ཡོད།

ངེད་གཉིས་མཉམ་དུ་བསྡད་དེ་ལོ་བཅུ་སོང་ཆང་ས་རྒྱབ་ནས་ལོ་གསུམ་ཡིན། ངས་བསམ་པར་ཁོ་བོ་ནི་འཇིག་རྟེན་འདིའི་ཐོག་ཆེས་ཕུལ་བྱུང་གི་སྐྱེ་བོ་དེ་རེད། ཁོ་བོའི་ཆེད་དུ་ངས་ག་རེ་ཡིན་ཡང་བྱེད་ཀྱི་ཡིན། ངེད་གཉིས་ཕན་ཚུན་ཤིན་ཏུ་དགའ་སྤྲོའི་ངང་གནས་ཡོད། གཅིག་བྱས་ན་ཅུང་ངོ་ཚོ་འདྲ་ཡོད་ཀྱང་ངེད་གཉིས་གློག་འཕྲུལ་གྱི་རྩེད་མོ་རྩེ་ཞིང་མཉམ་དུ་རིར་འཛེགས་པ། མཉམ་དུ་ཟས་བཟོ་ཞིང་། སྐབས་འགར་ངའི་བསམ་པ་ང་རང་དངོས་གནས་མི་བསོད་བདེ་ལྡན་པ་ཞིག་རེད། གང་ཡིན་ཟེར་ན་མཉམ་དུ་བསྡད་དུས་དེ་འདྲ་ལས་སྟབས་བདེ་ཞིག་ཡོད་བསམ་ཡོད།


བཅུ་གཉིས། ཁོ་བོའམ་ཁོ་མོ་ནི་ངའི་གྲོགས་པོ་ཡག་ཤོས་ཡིན།

ངས་བྱ་བ་གང་བྱེད་ཀྱང་ངའི་ཁྱོ་བོས་ང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་རང་སེམས་ཕམ་པའི་སྐབས་སུ་ཁོ་བོས་གུས་མོར་སྤོབས་པ་དང་སེམས་ཤུགས་སྤྲོད་ཀྱི་ཡོད། ང་རང་སེམས་གཏིང་གི་སྐད་ཆ་བཤད་དགོས་དུས་ཁོ་བོས་དོ་སྣང་ཆེན་པོས་ངའི་སྐད་ཆར་ཉན་གྱི་ཡོད། ང་ནི་གྲོགས་པོ་ཡག་ཤོས་གཅིག་སར་མནའ་མ་སོང་བ་དང་གཅིག་ཏུ་མཚུངས་སོ།


བཅུ་གསུམ། ནམ་ཡང་བློས་གཏོང་མི་བྱེད་པའི་རྒྱུན་མཐུད་དང་བཟོད་སྒོམ།

ངེད་གཉིས་མཉམ་དུ་ལོ་བཅུ་གསུམ་སོང་ཞིང་ཆང་ས་རྒྱབ་སྟེ་ལོ་དགུ་སོང་འདུག གང་ཞིག་ནས་བཤད་དགོས་མི་ཤེས། མདོར་ན་ཁོ་བོས་བྱ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་ཆེ། ཁོ་བོ་ནི་སྤྱང་གྲུང་འཛོམས་ཤིང་བརྩེ་བ་ཆེན་པོ་ཡོད་མཁན་ཞིག་རེད། དེ་སྔོན་ངེད་གཉིས་ཀར་ཟླ་ཕོག་ལེན་རྒྱུ་ཡོད། ངས་ཁྱིམ་ལས་ཡོངས་བྱེད་ཀྱི་ཡོད། ལོ་བརྒྱད་སྔོན་ང་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར། ངས་དེ་ནས་བྱ་བ་གང་ལའང་རོགས་པ་བྱེད་མི་ཐུབ་པར་གྱུར། ངས་ཟས་བཟོ་མི་ཐུབ་ཅིང་འཛིན་བྱང་སོགས་ལ་དངུལ་འཛིན་སྤྲོད་མི་ཐུབ། སྔོ་ཚལ་ཡང་ཉོ་མི་ཐུབ་པར་གྱུར།


ཐོག་མའི་དུས་སུ་ཁྱོ་བོས་ཀྱང་ཁོ་བོས་ཁྱིམ་གྱི་ཡོད་ཚད་བྱེད་ཐུབ་པར་ཡིད་ཆེས་བྱེད་མེད། འོན་ཀྱང་དོན་དངོས་ཐོག་ཁོ་བོས་བྱ་བ་ཡོངས་བྱེད་ཐུབ་པ་གྱུར་ཡོད། ཁོ་བོས་གཞུང་ལས་བྱེད་ཞོར་རིག་གནས་འབུམ་རམས་པའི་ཡོན་གནས་ཐོབ་པ་དུས་མཚུངས་ཁྱིམ་ཚང་གི་བྱ་བ་ཡོངས་བྱེད་ཅིང་སྐབས་རེར་ང་ལ་གཟུགས་པོ་འཁྲུ་རོགས་ཀྱང་བྱེད་ཀྱི་ཡོད།


འཚོ་བ་ནི་བསམ་པ་བཞིན་ལས་སྟབས་བདེ་མིན་པ་ལྟར། དམིགས་བསལ་དུ་ང་ལ་རོགས་པ་དགོས་པའི་འགག་རྩའི་སྐབས་སུ་ཁོ་བོའི་ཕ་ལགས་འདས་གྲོངས་སུ་གྱུར་ཞིང་། ཁོ་བོའི་ཨ་མ་ལགས་ལའང་བཅོས་ཐབས་བྲལ་བའི་ནད་གཞི་ཕོག ང་ཁོ་བོའི་འཁྲིས་སུ་བསྡད་ཐབས་བྲལ། ཨ་ཕའི་འདས་མཆོད་མཛད་སྒོའང་ཞུགས་མ་ཐུབ་པ་ལུས་ཡོད། ཁོ་ནི་དངོས་གནས་ཕུལ་བྱུང་གི་ཁྱོ་ག་ཞིག་རེད། ང་རང་ཁོ་བོར་སེམས་པ་ཤོར་ཞིང་ངས་ངེད་གཉིས་ཀྱི་འབྲེལ་བ་དེའི་ཆེད་དུ་ག་རེ་ལེགས་སྐྱེས་ཕུལ་ཐུབ་ཡོད་མེད་བཤད་ཐབས་བྲལ། གང་ཡིན་ཟེར་ན་ངས་བྱེད་ཐུབ་པ་ནི་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་ངེད་གཉིས་ཀྱི་འབྲེལ་བ་དེ་ནི་ཧ་ཅང་བརྟན་པོ་ཡིན།


རྒྱུན་རིང་གི་འབྲེལ་བ་ཞིག་རྒྱུན་མཐུད་བྱེད་པ་ནི་ལས་སྟབས་བདེ་ཞིག་མ་རེད། སོ་སོའི་ཆེས་ཉེ་སའི་ཁྱིམ་མི་དང་རྒྱུན་མཐུད་ཀྱི་འབྲེལ་བ་བྱེད་པ་ནི་དེ་བས་ལས་སྟབས་བདེ་ཞིག་མ་རེད། དེ་བས་ཁྱིམ་གཞི་མི་གཅིག་པའི་གང་ཟག་ཕ་རོལ་པོ་དང་མཉམ་གནས་དགོས་ཚེ་དེ་བས་ཀྱང་ངོ། ཕན་ཚུན་སེམས་དང་ནུས་པ་གཅིག་སེམས་གཅིག་ལ་བསྒྲིལ་ན་གཞི་ནས་རྒྱུན་རིང་ས་ཞིག་ལ་འགྲོ་ཐུབ་ཀྱི་རེད།


http://www.appledaily.com.tw/realtimenews/article/new/20140714/433158/


  གངས་དཀར་སེམས།
 

16.07.2014 11:24:55

རྩོམ་པ་པོ་གངས་ལྷ་མོ་ལགས་བཀའ་སློབ་གནང་བར་བཀའ་དྲིན་ཆེ། སྐུ་ཉིད་ནས་གསུངས་པ་ལྟར་པར་དེ་ཆུང་ཙམ་དང་པར་ཐོག་བསྣུན་ན་ཆེ་ཙམ་མཐོང་རྒྱུ་ཡོད་པ་ཞིག་བཟོས་ཡོད་ན་དེ་ལུགས་དགོངས་མངའ་ཡོད་པ་ཞུ།

 
 
16.07.2014 12:50:42

རྩོམ་སྒྲིག་པ་ལགས། ངོ་མ་ཐུགས་རྗེ་ཆེ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -