ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.05.2014 23:20:50
གངས་དཀར་སེམས།

ལོ་རྒྱུས་ཀྱི་ནག་ཐིག་རེ་རེ།
གངས་ཅན་པའི་སྙིང་ལ་ཟུག་ཡོད།
ཤར་ལྷོ་ནུབ་བྱང་གང་དུ་གྱར་ཡང༌།
བསུབ་ཐབས་མེད་པའི་དཔྲལ་ཞིང་དེར།
གངས་ཅན་པ་ཞེས་བརྐོས་ཡོད།


ཁ་བའི་ལྗོངས་ཀྱི་གྲང་ངར་ལ་མ་བཟོད་སྟབས།
ཁ་བ་རི་བའི་ངལ་དུབ་ལ་སྙིང་རྗེ་འི་རྐྱེན་གྱིས།
ཁ་བའི་བུ་ཡུག་ཕྲོད་དུ།
ཁྱེད་རྣམས།
ཤི་རྒྱུ་ལ་མ་སྐྲག་ནས།
མི་རིགས་འདིའི་འོས་འགན།
ཕྲག་པར་འཁྱེར་སོང༌།

ཁྱེད་ཚོ།
སྤར་འབར་ལ་སྤྲུལ་སོང༌།
རིགས་མཐུན་ཚོའི་རང་དབང་གི་ཆེད་དུ།
སྤུན་ཟླ་དང་ཁ་བྲལ་རྒྱུ་སེམས་ཐག་ཀྱང་བཅད་སོང༌།
ང་ཚོར་བློ་གྲོས་ཡོད་པས།
ཁྱེད་ཚོས་གཞན་གྱི་ཚེ་སྲོག་འཕྲོག་མེད།
ང་ཚོར་དྲང་བདེན་ཡོད་པས།
ཁྱེད་ཚོ་དཔའ་རྒོད་ལྟར་ཡལ་སོང༌།

བརྒྱ་དང་ཉེར་གཅིག
གྲངས་ཀ་མིན་ལ་སྟོང་བསམ་ཡང་མིན།
བརྒྱ་དང་ཉེར་གཅིག
དཔའ་རྒོད་ཁྱུ་ཚོགས།
ཁ་བ་རི་པའི་ཉིང་བཅུད་ཡིན།
གྲང་ངར་དང་རླུང་འཚུབ་དབུས་སུ།

ཁྱེད་ཚོ།
ལྷབ་ལྷུབ་ངང་གཡོས་བྱུང༌།
ངའི་ལུས་ངག་ཡིད་གསུམ་བསྒྲིལ་ཏེ།
ཁྱེད་ཚོའི་ཕྱོགས་སུ་བལྟས་པས།
དྲག་པོ་དང་གདུག་རྩུབ།

ཁྱེད་ཚོའི་སྤར་འབར་གྱིས་བསྲེགས་སོང༌།
གཡོ་སྒྱུ་དང་བྲན་གཤིས།
ཁྱེད་ཚོའི་སྤར་འབར་མདུན་དུ།
ངོ་ཚ་ཁ་སྐྱེངས་པའི་མགོ་བོ་ས་ལ་དུད་བྱུང༌།

ཁྲམ་པ་ལ་ལས།
ཁྱེད་ཚོར་བསྟོད་ར་འབུལ་མི་ཆོག་ཟེར།
གཡོ་གཏམ་དེ་དག་ཐོས་དུས།
ང་ངོ་མ་ངུ་འདོད།

གནམ་ས་གཤགས་པའི་ངར་སྐད་ཅིག་གིས།
སྡར་མ་དེ་ཚོ་ཡོངས་རྫོགས་བརླགས་འདོད།
ང་ཚོ་ལ་ཕར་རྒོལ་གྱི་དྲག་མཚོན་མེད།
ང་ཚོ་ལ་བསླུ་བྲིད་ཀྱི་ཚོང་རྩའང་མེད།
ང་ཚོར་ཡོད་པ་གཅིག་ཁོ་ན་སྟེ།
འདས་ཟིན་དང་ད་ལྟའི་དཔའ་བོ་ཁྱུ་ཚོགས་ཡིན།


ལོ་རྒྱུས་ཀྱི་སྡེབས་རིས་ཕྲོད།
སྔར་ནས་ད་བར།
དྲག་པོར་མགོ་མི་སྒུར་ཞིང༌།
བཙན་པོར་གཉའ་མི་ཆག་པའི།
གངས་ཅན་པའི་སྙིང་སྟོབས་ཁོ་ན་དེ།

ཁྱེད་ཚོ་ཡིན།
འཛམ་གླིང་འདིའི་ཐོག
རང་རིགས་ཀྱི་ལ་རྒྱ།
རང་རིགས་ཀྱི་ཕུག་བསམ།
བསམ་བློ་ཇི་ཙམ་བཏང་ཡང༌།
གངས་ཅན་པའི་སྙིང་སྟོབས་ཁོ་ན་དེ།
ཁྱེད་ཚོ་ཡིན་སོང༌།


གནས་སྟངས་ཇི་འདྲ་ཡིན་ཡང༌།
རྗེས་རབས་ཚོའི་སེམས་རྩ་འཁོར་ས།
ང་ཚོར་དཔའ་ངར་དང་བློ་ཁོག་སྦྱིན་མཁན།
དེའི་ཆེད་དུ།
ཁྱེད་ཚོས་སྤར་བའི་མེ་རི་དེས།
འཛམ་གླིང་འདིའི་དབང་ཆེན་ཚོ་བསྲེགས་སྲིད།
གོ་ལ་འདིའི་གདུག་རྩུབ་ཅན་དབྲལ་ཡང་སྲིད།


ཁྱེད་ཚོས།
གནམ་སའི་དབར་གྱི་རྫུན་གྱི་གོང་བུ།
རུལ་སུངས་ཀྱི་དྲི་ངན་དག་གཏོར་སོང༌།
ངའི་སེམས་ལ་མྱོང་བའི།
སྡུག་ངལ་དགུ་བརྩེགས་ཀྱི་ཤུལ་དུ།
སེམས་ཀྱི་ཁྲག་ཐིགས་ཀྱང་སྐམ་ཟིན་ཀྱང༌།

ཁྱེད་ཚོའི་ཞལ་རས་རེ་རེ།
ངའི་མིག་མདུན་ཤར་བྱུང༌།
ཁྱེད་ཚོའི་གཟུགས་བརྙན་རེ་རེ།
ངའི་རུས་རྐང་གཏིང་དུ་ཟུག་ཡོད།


ཀྱེ་མ།
དཔའ་རྒོད་ཁྱུ་ཚོགས།
ངས་ཁྱེད་ཚོའི་སྙིང་པོ་རྟོགས་བྱུང༌།
ངས་ཁྱེད་ཚོའི་དཔའ་ངར་མཐོང་བྱུང༌།
ངའང་བན་རོ་མ་འགྱུར་བར།
ཁྱེད་ཚོ་ལྟར།
ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི།
ལུས་ངག་ཡིད་གསུམ་ནས།

ཁྱེད་རྣམས་ལ།
ངའི་སྙིང་ཉེ་ཉེ་དང་སེམས་དུང་དུང་གིས།
བསྟོད་གླུ་ཕུལ།
དུས་ནམ་ཡང༌།
ཁྱེད་ཚོའི་སྙིང་སྟོབས་ཀྱི་རྗེས་སུ་འབྲངས།

༢༠༡༤ལོའི་ཟླ་༤ཚེས་༢༦ཉིན་རང་ཁྱིམ་དུ་བྲིས།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -