ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.05.2014 00:25:00
གངས་དཀར་སེམས།

དེང་སང་དྲ་ལམ་དུ་དྲ་གྲོགས་ཚོས་སེམས་ནས་གང་དྲན་དང་ཁ་ནས་གང་དོན་དོན་སྤེལ་སྲོལ་ཞིག་ཆགས་འདུག གཅིག་བྱས་ན་འདིའང་སྨྲ་བརྗོད་རང་དབང་གི་ཆ་ཞིག་ཡིན་སྲིད་མོད། འོན་ཀྱང་དེའི་ནང་ཁ་ཅིག་གིས་གང་བྱུང་མང་བྱུང་བཤད་ཅིང་། སྒེར་གྱི་སྤུས་ཚད་མ་རྨིན་པའི་ལོག་ལྟ་དག་དག་ཁྱབ་སྤེལ་གཏོང་སྟངས་ལ་བལྟས་ན་སྨྲ་བརྗོད་རང་དབང་ལ་སྦགས་བཙོག་བཟོའང་སྲིད་སྙམ། དེའི་སྐོར་ངས་འདིར་བརྗོད་གཞི་གཉིས་བཟུང་སྟེ་བསམ་འཆར་རེ་གླེང་འདོད་བྱུང་།


 

དང་པོ། ནང་ཆོས་ལ་ལོག་ལྟ།

རང་རིགས་སྤྱི་ཚོགས་སུ་སྒེར་ངོས་ནས་སྔོན་ཐོན་ཅན་ཡིན་བསམ་པའི་ཆོ་ལོ་ཙམ་ཡང་མེད་པ་རེ་གཉིས་ནས་རང་རིགས་འདིའི་ཉམས་རྒུད་དང་འཐུས་ཤོར་སྐོར་གླེང་འོང་དུས། ག་དུས་ཡིན་ཡང་དེ་དག་ཡོངས་རྫོགས་ནང་ཆོས་ཀྱིས་བགྱིས་ཚུལ་ཟ་དང་ཟུར་ནས་གླེང་ཤུགས་ཆེ་རུ་འགྲོ་བཞིན་འདུག སྤྱིར་བཏང་ནང་པ་དར་ཆེ་བའི་བཙན་པོའི་དུས་རབས་སྐབས་ཀྱི་ལོ་རྒྱུས་དེ་དག་འདིར་བསྐྱར་ཟློས་མི་དགོས་པའི་སྒོ་ནས། རབ་བྱུང་བཙུན་པའི་སྡེ་མང་བའི་རྐྱེན་གྱིས་མི་གྲངས་ཉུང་དུ་སོང་བ་ནི་ཕྱོགས་བྱེ་བྲག་པའི་གླེང་རྩ་ཆུང་ཆུང་ཞིག་ལས་མིན། གང་གིས་ཟེར་ན་དེ་ནི་རྒྱ་ནག་གཞུང་གིས་མི་གྲངས་ཉུང་དུ་གཏོང་ཕྱིར་འཆར་ལྡན་བུ་བཙའ་ཟེར་བའི་སྲིད་ཇུས་ལག་བསྟར་དང་མཚུངས་ཤིང་། སྲིད་ཇུས་དེས་མི་གྲངས་ཉུང་དུ་གཏོང་རྒྱུ་ཕར་ཞོགས། འབྲེལ་ཡོད་ཚོས་དཔྱད་པ་ལྟར་ན་སྲིད་ཇུས་དེས་མི་གྲངས་སྔར་ལས་མང་དུ་འགྲོ་རྒྱུར་བསྐུར་འདེད་ཤུགས་ཆེན་བྱས་འདུག

དེ་མཚུངས་ང་ཚོའི་ཕྱོགས་ནས་ཀྱང་ནང་ཆོས་ཀྱིས་མི་རིགས་འདི་ཉམས་དམས་སུ་གཏོང་སོང་ཟེར་ནས། མི་རིགས་ཉམས་ཆགས་ཀྱི་རྒྱུ་རྐྱེན་ཡོངས་རྫོགས་སྡིག་པ་མིག་བཙུམ་གྱིས་ཆོས་ཀྱི་དབུ་ཐོག་གཡོག་པ་ཡིན་ནའམ། རང་མི་རིགས་ལ་མཚོན་ན། འདི་ལས་ལོག་འགྲེལ་ཚབ་ཆེ་བ་ཞིག་ངས་མཐོང་གི་མི་འདུག མི་རིགས་འདིའི་བདེ་སྡུག་ནི་ཡོངས་རྫོགས་ཀྱི་སེམས་ལ་རྨ་ཁ་ལྟ་བུ་བཟོས་ཡོད་པའི་རྩ་བ་ཞིག་ལོས་ཡིན། འོན་ཀྱང་ཤེས་དགོས་པ་ཞིག་ལ། མི་རིགས་འདིའི་ཆེད་དུ་བྱེས་སུ་བཙན་བྱོལ་དུ་གྱར་དགོས་པ། ལས་འགུལ་སྤེལ་དགོས་པ། འབད་རྩོལ་བྱེད་དགོས་པ། གཞིས་སུ་མི་རིགས་འདིའི་ཆེད་དུ་རང་སྲོག་འབན་ལ་བཙུགས་དགོས་པ། རྒྱུ་ནོར་ལོངས་སྤྱོད། ལང་ཚོ་དང་བཅས་པ་ཡོངས་རྫོགས་བློས་གཏོང་ནས་མཐའ་མའི་མཐར་ཐུག་དེ་ག་རེའི་ཆེད་དུ་འཐབ་རྩོད་གནང་བ་ཡིན་ནམ་ཞེས་དྲི་བ་ནང་དུ་མི་བཀོད་ཁག་མེད་རེད།

བོད་མི་རིགས་འདིར་ནང་ཁུལ་གྱི་བླ་སྲོག་ལ་རྒོལ་བའི་གནོད་གཞིའི་རྐྱེན་རབ་དང་རིམ་པ་མ་སེལ་བར། མཉམ་དུ་འདུས་སྡོད་བྱ་ཐབས་ཙམ་གྱི་ཆེད་དུ་མིན། དེ་ནི་མི་རིགས་འདི་ལ་རང་དབང་དང་བདེ་སྐྱིད་ཅིག་གི་ཁོར་ཡུག་ཏུ་དགའ་བདེའི་སྒོ་ནས་འཚོ་ཐུབ་པའི་མཐར་ཐུག་གི་བདེན་པ་དེའི་ཆེད་དུ་ཡིན་པ་སྨྲོས་མེད་རེད། འོ་ན་བོད་མི་རིགས་འདི་ལ་མཚོན་ན། ད་ལྟའི་ཆར་ནང་གི་ནོར་བུ་དང་སྤྱིའི་མཛེས་ཆོས་གཙོ་བོ་ཞིག་ནི་ནང་ཆོས་ཀྱིས་མིའི་ལུས་སེམས་གཉིས་ལ་ཕན་བདེ་སྦྱིན་ཐུབ་ཅིང་། མཐར་སངས་རྒྱས་ཀྱི་འགོ་འཕང་བསྙེག་ཐབས་ཀྱི་རླབས་ཆེན་དང་ཕུག་བསམ་འདི་རེད། ངས་འདི་ནས་དཀྱུས་མ་ཡོངས་རྫོགས་སངས་རྒྱས་ཀྱི་གོ་འཕང་བསྙེག་ཆོག་ཆོག་རེད་ཟེར་བ་མ་ཡིན་པར། སྨྲ་ཤེས་དོན་གོ་བའི་ཤ་གཟུགས་ཀྱི་མིའི་རིགས་འཇིག་རྟེན་འདིར་འཚོ་དགོས་ན། རྨི་ལམ་དང་ཕུག་བསམ་གྱི་བསམ་བློའི་རང་དབང་ཞིག་ངེས་པར་དུ་དགོས་ན་ནང་ཆོས་ནི་དེར་ལམ་སྣེ་འདྲེན་ཐུབ་པའི་ཤེས་བྱ་གལ་ཆེན་ཞིག་རེད་འདུག་ཟེར་ནས་བཤད་འདོད་ཡོད།

དེས་ན་བོད་མི་རིགས་འདི་དར་རྒྱས་ཕུན་སུམ་ཚོགས་པའི་དུས་སྐབས་ནི་བཙན་པོའི་དུས་ཡིན་པ་ཚང་མས་ངོས་ལེན་ན། བཙན་པོའི་གདུང་རབས་དེའང་ནང་ཆོས་དར་ཆེ་བའི་དུས་རབས་ཅིག་ཡིན་པར་ངོས་འཛིན་ལོས་བྱེད་དགོས། མི་རིགས་འདི་ཉམས་དམས་སུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནང་ཆོས་ཡིན་པར་ཁུང་ལུང་རྒྱུ་མཚན་མདང་ངེས་བགྲང་རྒྱུ་མེད་པ་གང་ཞིག་ལ། སྡིག་པ་མིག་བཙུམ་གྱིས་ཉམས་དམས་སོང་བའི་ནག་ཉེས་བཙན་བཀལ་བྱེད་འདོད་པ་ནི་འོས་པ་རྩ་བ་ནས་མིན། དེ་བས་ལོ་རྒྱུས་ཀྱི་བསླབ་བྱའི་ནང་ཆོས་པའི་སྡེ་ནས་ཆོས་གཙང་མ་ཞིག་ཉམས་ལེན་དགོས་རྒྱུ་དང་། ཆབ་སྲིད་པས་ཆོས་བེད་ལོག་སྤྱོད་དེ་ཆབ་སྲིད་ལ་གཞོག་འདེབས་ཡོང་ཐབས་མིན་པར་རང་རང་སོ་སོའི་ཁྱབ་ཁོངས་ཀྱི་ལས་དོན་གཙང་མ་ཞིག་བསྒྲུབ་ཐབས་ལ་འབད་པར་རིག

དཔེར་ན་དེ་སྔོན་གྱི་ལོ་རྒྱུའི་ནང་ང་ཚོའི་འདོད་མིན་ལ་མ་ལྟོས་པར་གཞུང་འཛིན་པ་གཙོ་བོ་ཚོས་མི་རིགས་ཀྱི་འགན་འཁྲི་ལྕི་མོ་འདི་ཁྱིའུ་ལོ་བཅུ་དྲུག་ཅན་གྱི་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཕྲག་པར་བཙན་བཀལ་ལྟ་བུ་ལས་ནང་སྲིད་ལ་འགན་གཙོ་རྐང་འཛིན་ཐབས་མ་བྱུང་བ་ལྟར་རེད། སྟབས་ཡག་ནས་ང་ཚོར་ལམ་འགྲོ་དང་བསོད་བདེ་བྱུང་ནས་འཛམ་གླིང་དུ་ངོམས་ཆོག་པའི་ཡིད་བཞིན་ནོར་བུ་འདི་འདྲ་ཞིག་བྱུང་བ་རེད་མ་གཏོགས། དེང་འདིར་མང་པོས༸གོང་ས་རྒྱལ་བ་རིན་པོ་ཆེས་ཆོས་པས་མི་རིགས་འདིའི་ཆབ་སྲིད་གཙོ་སྐྱོང་གི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་བྱེད་བབ་དེ་དག་རྩ་བའི་ཆ་ནས་མཚམས་བཞག་པར་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་ང་ཚོའི་མིག་ངོར་ལྷག་བཞིན་པའི་གནད་དོན་ནི་ཆོས་པའི་སྡེ་ཚོགས་ལུགས་མཐུན་གྱི་སྒྲོམ་གཞིའམ་སྡེངས་ཆའི་ཁོར་ཡུག་ཚུལ་མཐུན་ཞིག་ལ་བཞག་རྒྱུ་དེ་ལས། ད་ལྟའི་ཆར་བོད་མི་རིགས་འདིའི་བླ་སྲོག་ལྟ་བུར་བརྩི་བཞིན་པའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་བཟང་པོ་འདིར་ཇི་མི་སྙམ་པར་སྤྱི་ཚོགས་ཀྱི་སྣེ་ཤེན་ཡིན་ཟེར་ནས་འུར་རྒྱག་མཁན་ལ་ལས་བཙན་པོ་དབང་ཡོད་ཀྱིས་རྒྱ་དམར་ཀླ་ཀློའི་བྱ་སྤྱོད་མ་བསྐུར་དང་དུ་བླངས་ཏེ་ར་མགོ་ལུག་སྦྱར་ལྟ་བུའི་ཆོས་དང་རབ་བྱུང་གི་སྡེ་ལ་ནག་ཉེས་བཙན་བཀལ་བྱེད་ན། རྡོ་ཡར་བཀྱག་ནས་རང་གི་རྐང་པ་བཅགས་པ་དང་གཉིས་སུ་མེད།

དོན་དམ་པར་ནང་ཆོས་ཀྱི་སྙིང་པོ་འདི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་པ་ཞིག་ལས། ཁྱིམ་ཚང་དང་སྤྱི་ཚོགས། མི་རིགས་དང་རྒྱལ་ཁབ། དེ་བཞིན་ཤར་གླིང་དང་ནུབ་གླིང་། སའི་གོ་ལ་དང་གླིང་གཞན་སོགས་ཀྱི་བསམ་བློའི་ཁྱབ་རྒྱ་གུ་དོགས་པོའི་སྡོམ་རྒྱ་དེ་ལས་ཡོངས་སུ་བརྒལ་ཚར་བ་ཞིག་རེད་འདུག

ང་ཚོ་བོད་མི་རིགས་ཁོ་ནའི་ཆེད་དུ་མིན་པ་དང་། དེའང་ས་ཡ་དྲུག་ལ་འབོད་པའི་བོད་ཁ་བ་རི་པ་རྣམས་ནས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་པའི་ཐབས་དང་བློ་གྲོས་ཤིག་ལག་ཏུ་འཛིན་ཡོད་པ་འདི་ནོར་བུ་ལ་ནོར་ཉམས་ཆོད་ནས་འཕེལ་རྒྱས་གོང་སྤེལ་གཏོང་དགོས་པ་ལས། ཉ་དང་ཉུང་མ་མཉམ་བསྲེས་ཀྱིས་ལྷ་འདྲེ་གདོན་འགེགས་ལྟ་བུའི་རྨོངས་དད་ལ་ངོས་འཛིན་ན་དེ་ནི་ལོག་ལྟ་རང་རེད།

འོ་ན་ལ་ལས་ང་ཚོས་ཚང་མ་ཕྱི་ལུགས་ལྟར་བྱེད་བཞག་ན་བཟང་ངོ་ཟེར་ན། སྤྱིར་འདས་སོང་བོད་ལའང་སྐྱོན་ཆའི་རིགས་ཡོད་ངེས་ལ་ལེགས་བཅས་ཀྱི་ཐབས་ལམ་འཚོལ་རྒྱུ་གལ་ཆེ། དེ་མིན་རྒྱ་དམར་ཀླ་ཀློ་ཚོས་དེ་སྔོན་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཆབ་སྲིད་ཀྱི་དམངས་གཙོ་བཅོས་བསྒྱུར་དང་། འཛམ་གླིང་འདིའི་མི་རྣམས་ཀྱི་བསམ་པའི་ཡུལ་དུ་འཆར་ཡང་མ་མྱོང་བའི་དམྱལ་བ་མི་ཡུལ་དུ་འདྲེན་འདྲའི་ལོ་བཅུ་འབོད་པའི་རིག་གནས་གསར་བརྗེ་ཆེན་པའི་ཡོ་ལངས་འོག་རང་རིགས་ཀྱི་གོང་བཀུར་འོས་པའི་སྐྱེས་ཆེན་དམ་པ་དང་། དགོན་པའི་ནག་གི་གྲྭ་བཙུན་གྱི་སྡེ་ལ་ཡ་ང་བའི་བསད་རྨས་རྡུང་བཟུང་ཅི་ཙམ་བྱས་ཀྱང་། རང་གི་རྨི་ལམ་དང་ཕུག་བསམ་དེའི་ཆེད་དུ་ཡོངས་རྫོགས་དོར་བའི་མི་རིགས་འདིའི་དཔའ་ངར་དང་སྙིང་སྟོབས་ཅན་དེ་དག་ང་ཚོའི་རྗེས་རབས་ཚོའི་ཡིད་ལ་འཁོར་ནས་སེམས་འགུལ་དཔག་མེད་ཐེབས་དགོས་པ་ཞིག་ལ་ངོས་འཛིན་ཡོད། དུས་མཚུངས་སུ་ཕྱི་ནས་ལེགས་ཆ་ནང་འདྲེན་དགོས་ངེས་ཀྱང་གུས་མོའང་གངས་ཅན་པའི་རྒྱུད་འཛིན་པ་གཙང་མ་ཞིག་ལ་རློམ་བཞིན་པའི་ཆ་ནས་འཆི་སྲོག་ལ་ཐུག་ཀྱང་རང་རིགས་ཀྱི་ལུགས་བཟང་འདི་དག་དོར་ན་མི་འདོད་ཅེས་སྐད་གསང་མཐོན་པོས་བསྒྲགས་རྒྱུ་ཡིན་ནོ།

གཉིས་པ། བརྩེ་དུང་ལ་ལོག་ལྟ།

ཡང་དྲ་ལམ་ཁག་ལ་རྒྱུན་དུ་བུད་མེད་ཀྱི་ཐོབ་ཐང་ཟེར་བའི་བཤད་གླེང་ཞིག་ཡོད་ཡོད་པ་ལྟར། བརྗོད་གཞི་དེའང་དོན་སྙིང་ལྡན་པ་ཞིག་ལ་ངོས་འཛིན་ཡོད། ཇོ་མོའམ་བཙུན་མའི་སྡེ་ཚོའི་གནས་སྟངས་ཅུང་མི་འདྲ་བ་ཕུད། གཞན་འཇིག་རྟེན་པའི་བུད་མེད་ཅིག་ཡིན་ཕྱིན། ཆུང་བྱིས་པའི་དུས་ནས་རྒས་མོ་ཆགས་རབས་ཀྱི་མི་ཚེའི་དུས་རིམ་ནང་འཇིག་རྟེན་པའི་ཕོ་མོའི་བརྩེ་དུང་ནི་མི་ཚེའི་ནང་སེམས་རྩ་གསོ་བྱེད་ཀྱི་རྒྱུ་ཞིག་ལ་ཐུག་འདུག

དེས་ན་བུད་མེད་ཚོར་མཚོན་ནའང་། འཇིག་རྟེན་པའི་བརྩེ་དུང་འདི་ཐོག་མའི་དུས་ནས་ཕོ་མོ་གཉིས་སྦྱོར་གྱི་དགའ་ཞེན་ཆེད་དུ་དང་། བུ་ཕྲུག་གསོ་སྐྱོང་དང་ཁྱིམ་ཚང་བཟུང་བའི་ལུགས་མཐུན་གྱི་གོ་རིམ་ཁོ་ན་ཙམ་མ་ཡིན་པར། འཇིག་རྟེན་འདིར་ཕུག་བསམ་ལེགས་སྒྲུབ་ཀྱི་མདུན་ལམ་གྱ་གྱུར་དང་དེའི་རྒྱུད་རིམ་ནང་དཀའ་ངལ་འཕྲད་སྐབས་ཕན་ཚུན་དབར་གཡས་སྐྱོར་གཡོན་འདེགས་ཀྱི་མཆེད་གྲོགས་དམ་པ་ཞིག་ལ་ངོས་འཛིན་བྱུང་ན་བཟང་ངོ་ཤར།

དམིགས་བསལ་དུ་བུད་མེད་ཡིན་ཕྱིན། དོན་སྙིང་ལྡན་པའི་འཚོ་བ་ཞིག་ལ་མི་རེ་མཁན་མེད་པ་ལྟར། གཞོན་ནུ་མ་གཙོས་མི་ཚེའི་ནང་དྭངས་གཙང་གི་བརྩེ་དུང་ཞིག་བརྩོན་ལེན་བྱེད་དགོས་པ་ནི་དོན་གྱི་སྙིང་པོ་རེད་སྙམ། དེ་མིན་རྒྱུ་ནོར་དང་ལོངས་སྤྱོད། མཛེས་ཉམས་དང་ཁ་སྟོང་ནང་གི་དོན་སྟོང་ལྟ་བུས་རང་གཞན་གཉིས་ཕུང་གི་བྱ་ངན་ལ་སོང་བ་ཡིན་ན་དེ་ནི་སྡུག་ངལ་གྱི་རྒྱུ་ལས་གཞན་ཅི་ཞིག་ཡོད། ཡང་ལ་ལས་ཕོ་མོའི་བརྩེ་དུང་ལ་ཁྱབ་རྒྱ་གུ་དོགས་པོ་ཞིག་བཟོས་ཏེ། ཕོ་མོ་གཉིས་བསྒྲིག་དེ་ངེས་པར་དུ་གྲོང་ཚོ་གཅིག་པ་དང་། ཕ་ཡུལ་གཅིག་པ་དང་། ཆོལ་ཁ་གཅིག་པ། མི་རིགས་གཅིག་པ། རྒྱལ་ཁབ་ཅིག་པ་སོགས་སྡོམ་རྒྱ་སྣ་ཚོགས་བཟོས་ཏེ་བུད་མེད་ཀྱི་མགོ་ཐོག་བཙན་བཀལ་བྱེད་པའམ་བརྩེ་དུང་ལ་ལོག་འགྲེལ་བྱེད་མཁན་ཡང་འདུག

བུད་མེད་ལ་མཚོན་ན་ལུས་སེམས་གཉིས་ཀྱི་རང་དབང་ནི་བརྩོན་ལེན་བྱ་ཡུལ་གཙོ་བོ་ཡིན་པ་གང་ཞིག རང་ངོས་ཀྱི་བཟང་སྤྱོད་དམ། བུད་མེད་ངོས་ཀྱི་བཟང་པོའི་ཁྱད་ཡོན་དར་སྤེལ་གྱིས་རང་གཞན་གཉིས་ལ་ཕན་པའི་བྱ་བ་གཉེར་རྒྱུ་དང་། ཡིད་འོང་གི་ཕུག་བསམ་དེར་བརྩོན་འགྲུས་བྱེད་རྒྱུ་དེ་རེད། བུད་མེད་ཀྱི་བསམ་བློར་རང་དབང་ལོས་དགོས་ཀྱང་། རང་དབང་གི་ཚད་བརྒལ་ནས་སོ་སོ་སྨྱོ་མ་ལྟ་བུར་བསྒྱུར་མི་ཉེན། བུད་མེད་ལ་བཟང་སྤྱོད་ལོས་དགོས་ཀྱང་། བསལ་བློའི་ཁྱབ་རྒྱ་ཁྲོམ་པ་ལྟ་བུར་གུ་དོགས་ནང་འཛུལ་བསྡད་ནའང་མི་འགྲིག བུད་མེད་ལ་མཛེས་དཔྱོད་ལོས་དགོས་ཀྱང་། ཕྱིའི་ངོ་པགས་དང་གཟུགས་ཀྱི་མཛེས་ཆོས་ནི་ཕ་མས་སྦྱིན་པའི་ངོ་དབྱིབས་ཙམ་ལས་སོ་སོས་འཇོན་བཞག་པ་མིན་དུས་དེ་མི་ཚེའི་གཙོ་བོར་ངོས་འཛིན་བྱེད་མི་ཉེན།

དེ་བས་བུད་མེད་ཚོས་སྒེར་གྱི་ཤེས་བྱ་དང་ཡོན་ཏན། བྱམས་བརྩེ་དང་འཇོན་ཐང་སྤེལ་ནས་འགྲོ་བ་མིའི་རིགས་ལ་བྱས་རྗེས་ཅི་ཙམ་བཞག་ཐབས་དང་། དམིགས་བསལ་དུ་བོད་གངས་ཅན་པའི་མ་ཡུམ་ཚོའི་སྙིང་སྟོབས་དང་ལ་རྒྱ་འཛིན་སྟངས་དེ་ང་ཚོ་རྗེས་རབས་བུད་མེད་ཚོས་མ་འོངས་པར་དོན་གཉེར་དང་རེ་བསྙེག་དགོས་པའི་སྙིང་པོ་རེད་སྙམ།

དེས་ན་ཕ་མ་སྤུན་མཆེད་ཀྱི་བརྩེ་དུང་དང་བཟའ་ཟླའི་དབར་གྱི་བརྩེ་བ། གྲོགས་ཕོ་མོའི་དབར་གྱི་མཛའ་བརྩེ་ཡོངས་ལ་ལོངས་སྤྱོད་དང་འགན་འཕྲི་ཅིག་ཅར་དུ་ཡོད་པ་ཞིག་ལས། ཕ་རོལ་པོ་ནས་སོ་སོར་ཁེ་བཟང་རག་ཐབས་ཁོ་ན་ལས་ཕ་རོལ་པོར་རྩ་བ་འགན་འཁྱེར་མི་དགོས་པ་དེ་འདྲ་ག་ལ་ཡིན། དེ་འདྲ་བྱས་ན་ཕྱི་ནས་བརྩེ་དུང་གི་མིང་འཁྱེར་ཏེ་དོན་དམ་པར་འདོད་ཧམ་དུ་འགྲོ་རྒྱུ་དང་། དྭངས་གཙང་བརྩེ་དུང་ལ་སྦགས་བཙོག་བཟོས་པ་དང་གཉིས་སུ་མེད།

འོ་ན་བུད་མེད་ལ་བརྩེ་དུང་བཅང་བའི་རང་དབང་ཡོད་དགོས་ལ། དུས་མཚུངས་སུ་ཕ་རོལ་པོ་ལེགས་ལམ་དུ་བསྒྱུར་བའི་འགན་ཞིག་ཀྱང་ཅིག་ཅར་དུ་ཡོད་དགོས་ངེས་ཡིན། བུད་མེད་ལ་ཁྱོ་བོ་གང་འདྲ་ཞིག་གདམ་ཁ་བྱེད་མིན་གྱི་དབང་ཆ་ཡོད་ཀྱང་། དུས་མཚུངས་སུ་དགའ་རོགས་སམ་ཁྱོ་བོར་གཡོ་འཁྱོལ་མེད་པ་ཞིག་བྱེད་རྒྱུའང་དེ་བས་གལ་ཆེ། བུད་མེད་ལ་བུ་རྒྱུད་བསྐྱེད་བསྲེང་བྱེད་པའི་དབང་ཆ་གཙོ་བོ་ཡོད་ལ། དུས་མཚུངས་སུ་བུ་རྒྱུད་ཀྱི་ལུས་སེམས་གཉིས་ལ་གནོད་གཞིར་གྱུར་བའི་སྤྱོད་ངན་རིགས་དོར་རྒྱུའི་འགན་ཡང་དུས་མཚུངས་ཡོད།

བུད་མེད་ཅིག་ཡིན་པའི་ཆ་ནས་ཕོ་དང་འདྲ་མཉམ་ཐོག་དགའ་རོགས་དང་བཟའ་ཟླ་དེ་ཤར་ལྷོ་ནུབ་བྱང་གི་ཤ་མདོག་དཀར་སེར་དམར་ལྗང་གང་འདྲ་ཞིག་གདམ་ཁ་བྱེད་མིན་དབང་ཆ་ཡོད་ལ། དུས་དང་ཁོར་ཡུག་ལ་དཔག་པའི་གྱོས་ཆས་ཅི་འདྲ་སྤྲས་མིན་གྱི་དབང་ཆའང་ཡོད། གོང་གསལ་ལྟར་ཕོ་མོའི་དབར་གྱི་བརྩེ་བ་ནི་ཁོར་ཡུག་དང་སྤྱི་ཚོགས། མི་རིགས་དང་རྒྱལ་ཁབ་ཀྱི་རྒྱ་ལས་བརྒལ་བའི་བསམ་བློའི་ལོངས་སྤྱོད་གྲལ་ཞིག་ཡིན་དགོས་པ་དང་། དེའང་ཐོག་མའི་དུས་ནས་ཕོ་མོ་དབར་གྱི་བརྩེ་ཞེན་ནས་བརྩེ་བ་ཆེན་མོ་ཞིག་ཏུ་ཁ་ཕྱོགས་ཐུབ་ན་སྡོམ་རྒྱ་ལས་བརྒལ་བའི་བརྩེ་བ་ཞིག་ཅི་ལ་མིན།

མཇུག་གཏམ།

དྲན་རྒྱུ་རྒོད་པོ་ང་འདྲ་བ་ཁ་ཅིག་གིས་གོང་གསལ་བརྗོད་གཞི་གཉིས་དབར་ནང་འགལ་འདུག་ཟེར་ན། དེར་ལན་ཡོད་དེ་ཆོས་ཀྱི་སྙིང་པོ་ནི་ལུས་སེམས་གཉིས་ལ་ཐར་པ་ཐོབ་རྒྱུ་དང་། ཕོ་མོའི་དབར་གྱི་བརྩེ་བ་དེའང་སྤྱི་མཚུངས་ཀྱི་བཤད་སྲོལ་ལྟར་འདོད་ཆགས་ཙམ་མིན་པར་དེ་ནི་བརྩེ་བ་ཆེན་མོར་ཕྱོགས་པའི་གོ་རིམ་ཞིག་ལ་གྱུར་བའི་རྒྱུ་ལ་རེ་བ་ཡོད། དཔེར་ན་བུད་མེད་རྣམས་ཕོ་མོའི་བརྩེ་དུང་འོག་ནས་གཉེན་བསྒྲིག་རྗེས་མ་ཡུམ་གྱུར་བ་དང་། དེ་ནས་མ་ཡུམ་གྱུར་རྗེས་བུ་རྒྱུད་ལ་བཅང་པའི་བརྩེ་ཚོར་དེ་ནི་འཇིག་རྟེན་འདི་ན་ཕུལ་བྱུང་གི་བརྩེ་དུང་ཞིག་ལ་ངོས་འཛིན་པ་བཞིན་ནོ།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -