ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

31.03.2014 01:50:01
གངས་དཀར་སེམས།

རབ་རུབ་ཏུ་གྱུར་བའི་མཚན་གཞུང་། རྔས་མགོར་ཆུ་ཐིགས་ཀྱིས་བརླན་པའི་དུས་ཡིན། རྨིན་མར་གཏིང་ཟབ་ཀྱི་སྐྱོ་ཤེས་བསྡུས། གྲང་ངར་གྱིས་ཡ་ཆུང་རྡུང། སྟོང་སང་ངེར་གྱི་མི་ཡུལ་འདི་ནས། ངེད་གཉིས་ཀྱིས་སྒེའུ་ཁུང་ཕྱི་ལ་མཉམ་དུ་ཉན།


མཐའ་མཇུག་གི་སྟོན་ལོ་སར་ཟག་དུས། དགུན་དུས་ཀྱི་མིག་ཆུ་སླར་འཁྱིལ་ཡོང་། ཁྱོད་ཀྱིས་ངའི་སེམས་ཀྱི་སྡུག་ངལ་ཡོངས་སེལ་ཐུབ་ཟེར། སྐད་སྙོམས་པོ་དང་སྦྲགས་ངས་སྐྱེ་རྒ་ན་འཆིའི་སྐོར་གླེང་ཤོར། མཐའ་མཇུག་འཇིག་རྟེན་འདི་ནས་ཁ་བྲལ་མཁན་དེ་སུ་ཡིན་ནམ། ཁྱོད་རྩེད་མཚར་གྱིས་འཛུམ་དང་སྦྲགས། ང་ཕྱི་མར་སྔོན་དུ་གཏོང་ཆོག་ཟེར།


གང་ཡིན་ཟེར་ན། ཐོག་མར་ཕྱི་མར་འགྲོ་མཁན་དེར་ཕྱི་དྲན་གྱི་རྨ་ཁ་ཉུང་བ་ཡོང་སྲིད། གལ་ཏེ་མཐའ་མཇུག་གི་དུས་ཡིན་ཚེ། ཁྱོད་ང་དང་ཇི་ལྟར་བྲལ་བརྩིས་ཡོད། ངས་ཀྱང་ཁྱོད་ལ་གྱེས་བྲལ་ཇི་ལྟར་ཞུ། གལ་ཏེ་ང་གཉིས་ཀ་ཕྱི་མར་བགྲོད་དགོས་པའི་དུས་ཤིག་ལ། ཀྱི་ཧུད། མཐའ་མཇུག་འཇིག་རྟེན་འདིར་བསྡད་མཁན་དེ་སུ་ཡིན་ནམ། ངས་ཁྱོད་རང་བློས་གཏོང་ཇི་ལྟར་བྱའམ།


མི་ཡུལ་དུ་འཁྱམ་དུས་འདིར། ཁྱོད་ཀྱི་བྱམས་སྐྱོང་གི་འགན་ཞིག་འཁྱེར་ཡོད། འོན་ཀྱང་ཤུལ་དུ་ལུས་མཁན་དེ་ང་བྱེད་མ་བཅུག་རོགས། གལ་ཏེ་དུས་དེ་འདྲ་ཞིག་ཤར་ཚེ། ངས་སེམས་ཀྱི་ཟུག་རྔུ་འདོན་བཞིན། ཁྱོད་ཀྱི་སེམས་དྲོན་མོ་དེ་གློད་སྲིད་ཨང་།

ངས་སོ་སོར་ཡིད་ཆས་བྱེད་མ་ཕོད། མཐའ་མཇུག་གི་དུས་དེར་ཡིན་རུང་། ངས་ད་དུང་ཡང་སོ་སོར་ཁེ་བཟང་སྤྲད་འདོད། ངས་སོ་སོར་འཁང་ར་བྱེད་བཞིན། ངས་སོ་སོར་མཆི་ཞག་འཕེན་བཞིན། ངས་ཁྱོད་ཤུལ་དུ་བསྐྱུར་ནས་འགྲི་གི་ཡིན།


ང་ནུས་མེད་དང་ཅོལ་ཆུང་ཞིག་དང་འདྲ་བ། ཟུག་རྔུ་དང་སྦྲགས། ང་ཐོག་མར་འཇིག་རྟེན་འདི་ནས་བྲལ་གྱི་ཡིན། གང་ཡིན་ཟེར་ན། ངས་ཕྱི་དྲན་གྱི་གྲང་ངར་མྱོང་མི་ཕོད། དྲན་གདུང་གི་འཁུར་པོ་འདེགས་མི་ཐུབ། དེའི་ཕྱིར་ཁྱོད་བསྐྱུར་ནས་ང་ཐོག་མ་འགྲོ་འདོད།

དགོངས་དང་། སྙིང་ཉེ་ལགས། ཁྱོད་ནི་འགྱུར་བ་མེད་པའི་དྲོད་རླབས་ཡིན་པས། ང་ལ་གྲང་ངར་མ་སྦྱིན་རོགས། ཁྱོད་སྤོབས་པ་ལྡན་པའི་དཔའ་རྒོད་ཡིན་སྟབས། ང་སྡུག་ལ་སྦྱར་མི་སྲིད། གང་ལྟར་ཡང་། ཁྱོད་མེད་པའི་གྲང་ངེད་ངས་ངོ་མ་མྱོང་མི་ནུས།


ང་ལ་སྐྱོ་ངལ་གྱི་ཕྱི་དྲན་མི་དགོས་ལ། སྙིང་ཆུང་གས་པའི་རྡུང་རྡེག་ཀྱང་མི་དགོས། ལག་དམར་བ་ཞིག་དང་འདྲ་བ། ངས་གཡོ་གཏམ་དེ་དག་ཁྱོད་ལ་བཤད་ཤོར། ང་སྡར་མ་ཞིག་དང་མཚུངས་པ། ཉི་མོ་དེ་འདྲ་ཞིག་སླེབས་དུས། ང་ལ་ཁག་མེད་བསམ་རོགས།

ངས་ངེས་པར་ཁྱོད་ཤུལ་དུ་གཡུག་ནས་འགྲོ་གི་ཡིན།

ཁྱོད་དཀོན་མཆོག་ཅིག་དང་མཚུངས་ལ། ཁ་བྲལ་གྱི་སྡུག་ཆེན་ལག་གཉིས་ཀྱིས་སྟེགས་རོགས། ངུ་ངག་གིས་སྐྱོ་ཆུ་ཧེད་ཀྱིས་འཐུང་རོགས། དཔའ་ངར་གྱི་དགོད་སྒྲ་སྒྲོག་བཞིན། ཉམས་ཆུང་ངའི་ཆེད་དུ། ཁྱོད་འཇིག་རྟེན་འདིར་མུ་མཐུད་སྤོབས་པས་འཚོ་དགོས།

༢༠༡༠ ལོའི་ཟླ་ ༡༡ ཚེས་༢༧ ཉིན་བྲིས།



  གངས་དཀར་སེམས།
 

08.04.2014 06:58:11

བཀླགས་་ནས་བུད་ཐལ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -