ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.11.2013 10:14:48
འཆམ་ར་དྲི་མེད་རྒྱལ་མཚན།

༈ རི་བོའི་རྩེ་ལ་ཆས་འགྲོ

མགོ་བོ་ཐུར་དུ་མ་སྒུར་ནམ་མཁའ་སྟོང་པ་རེད་དོ། །
གོམ་ཁ་འགྲམ་དུ་མ་དགག་མདུན་ལམ་བདག་མེད་ཡིན་ནོ། །
མིག་གིས་སྨད་ལ་མ་བལྟ་འགྲོ་ས་སྟོད་ལ་ཡིན་བ། །
ཁ་ཕོ་ཡང་སྡོམ་གྱིས་དང་རི་བོའི་རྩེ་ལ་ཆས་འགྲོ །


ཐང་ཆེན་རྒྱབ་ཏུ་གཡུགས་ནས་རྭ་ཅོའི་སྦུག་ལ་མ་འཛུལ། །
རྟ་ཕོ་རྒྱང་འབུད་བཏང་ནས་རྐང་ཐང་ཨུ་ཚུགས་མ་རྒྱག །
སྒལ་ཚིགས་རྡོ་ཐོག་བཞག་ནས་ཐོ་བས་ཤུགས་རྡུང་མ་བྱེད། །
དཔུང་པས་གཤོག་པ་གྱིས་དང་རི་བོའི་རྩེ་ལ་ཆས་འགྲོ །

ཆུ་འཁྱག་བྲང་ལ་མ་འབྱོ་སེམས་པ་སེམས་ཀྱིས་གསོས་དང༌། །
ཡོལ་བའི་རྒྱབ་ནས་མ་ངུ་མིག་ཆུ་མིག་ཆུས་ཕྱིས་དང༌། །
ཐག་རིང་རྒྱང་ནས་མ་འབོད་ལག་པ་ལག་པས་སྐྱོར་དང༌། །
སྙིང་གཏམ་སྙིང་ནས་བཤད་དེ་རི་བོའི་རྩེ་ལ་ཆས་འགྲོ །

ཁོག་ཏུ་རྣམ་ཤེས་ཞུགས་པའི་ལོ་རྒྱུས་རྡོ་ཐོག་ཕྲིས་དང༌། །
ཁ་ལ་རྩམ་པ་ཟོས་པའི་བྲོ་བ་ཡིག་ཐོག་ཁོད་དང༌། །
ཀ་ངོ་ཡིག་ངོ་ཆོད་པའི་ཁ་ཕོ་ལག་པས་གྱིས་དང༌། །
བཙན་པོའི་སྙན་ངག་གྱེར་དང་རི་བོའི་རྩེ་ལ་ཆས་འགྲོ །

མཛུམ་མོ་སོ་ཡིས་མ་འཆའ་སྙིང་གི་རུས་པ་སྒུལ་དང༌། །
གནམ་ལ་ཉེ་ཚོད་མ་བཤད་སེམས་ཀྱི་མཐོ་ཚད་ཤོད་དང༌། །
ཁ་ཡི་མཛེས་སྡུག་མ་འཐུང་མཛུབ་མོའི་ཤེས་ཤུགས་ལྟོས་དང༌། །
ཟླ་བ་དཀར་མོའི་ཟུར་ནས་རི་བོའི་རྩེ་ལ་ཆས་འགྲོ །

ཁུ་ཚུར་བྲང་ལ་མ་བཞུ་བྲང་རུས་བཙན་པོའི་རྒྱུད་རེད། །
མིག་ལོག་རོགས་ལ་མ་བལྟ་རོགས་ལོ་སེམས་ཀྱི་རྟེན་རེད། །
མགོ་སྟོང་ཧོར་རྒྱུག་མ་བྱེད་ཧ་ལོག་ཡོང་ས་དེ་རེད། །
མདུན་ལ་ཤུགས་ཀྱིས་ལྟོས་དང་རི་བོའི་རྩེ་ལ་ཆས་འགྲོ །

༢༠༡༣་༥་༢༧ ཉིན་འཆམ་ར་དྲི་མེད་རྒྱལ་མཚན་གྱིས།

 


  རྡོག་རྩ་ཆིག་སྒྲིལ།
 

27.11.2013 11:19:29

ཤམ་བྷ་ལའི་ཟིན་བྲིས་ར་བའི་དྲྭ་རོགས་ཚང་མ་ལ་ཁམས་བཟང་ཞུ། རྒྱུན་རིང་ཞིག་མཇལ་རྒྱུ་མ་བྱུང་མོད། རྣམ་པ་ཚང་མ་སྐུ་གཟུགས་བདེ་མོ་ཡིན་རེ་ཆེ། དྲྭ་བ་འདིར་ཡར་རྒྱས་མང་པོ་ཞིག་བཏང་འདུག་པར་དྲྭ་བདག་ལ་བཀའ་དྲིན་ཆེ་ཞུ་བ་དང་། ཟིན་བྲིས་སྤེལ་སའི་མགོ་བརྗོད་སྤེལ་ས་དེ་མེད་པ་བྱས་ཟིན་པ་ཡིན་ནམ། ངས་བརྗེས་ཟིན་ནས་མ་ཤེས་པ་ཡིན་ཧ་གོ་མ་སོང་། གང་ལྟར་སྙན་ངག་འདི་རིང་ཡུག་མ་ཞིག་བྱས་ནས་གཏོང་དགོས་བྱུང་པས། ཏོག་ཙམ་འགྲིག་མེད་ངེས་རེད། དེས་ན་དགོངས་དག་ཞུ།

 
 
27.11.2013 23:18:08

རྩོམ་པ་པོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས། ཤམ་བྷ་ལའི་ཕོ་ཉའི་ཟིན་བྲིས་པ་དང་རྩོམ་པ་པོ་རྣམ་པ། དེ་བཞིན་འདི་ག་གསར་ཁང་གི་ངོས་ནས་སྐུ་ཉིད་སླར་ཡང་སྐུ་ཁམས་གསལ་ཐང་ངང་ཕེབས་པར་སྙིང་དབུས་ནས་འཚམས་འདྲི་ཞུ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -