ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

16.07.2013 21:48:11
གངས་དཀར་སེམས།

དབྱིན་ཇིའི་ལུང་པའི་བུ་མོ་   Callie  Rogers རང་ལོ་ཉེར་དྲུག་སྐབས་སམ་ལོ་བཅུའི་སྔོན་ལ་དབྱིན་སྒོར་ཁྲི་བརྒྱ་དང་དགུ་བཅུའི་རྒྱན་ཤོག་གི་གཟིངས་དངུལ་རག་སྟེ་རྒྱན་ཤོག་གི་ཁེ་བཟང་མང་ཤོས་རག་མཁན་ཞིག་ཏུ་གྱུར།  འོན་ཀྱང་མོ་རང་གིས་བཤད་པ་ལྟར་ན་དེ་ནི་ལམ་འགྲོ་རྒྱུག་པའི་བསོད་བདེའི་དོན་དག་ཅིག་མིན་པར་མཐར་སྨྲེ་ངག་འདོན་དགོས་པའི་སྐྱོ་གནས་ཤིག་ལ་ངོས་འཛིན་བྱས་འདུག


དེའང་དབྱིན་ཇིའི་བུ་མོ་  Callie Rogers ལང་ཚོ་དར་ཞིང་ལོ་བཅུ་དྲུག་གི་མེ་ཏོག་མའི་སྐབས་སུ་རྒྱན་ཤོག་ཐོབ་ནས་དངུལ་སྒོར་ཕོན་ཆེ་རག་ཡོད་པ་དང་།  དེ་ནས་མོའི་དེ་སྔོན་གྱི་དགའ་རོགས་དང་ཐུག་ནས་ཁོའི་ཕྲུ་གུ་གཉིས་སྐྱེས།  བུ་མོ་   Callie  Rogers ཀྱིས་མོའི་སྐབས་དེའི་དུས་ཀྱི་ལས་ཀ་མཚམས་འཇོག་ནས་དུས་ཚོད་མང་ཆེར་མགྲོན་ཕོ་མོ་ཐུག་འཕྲད་ཀྱི་འདུ་འཛོམས་དང་།   གྱོན་ཆས་དར་སྲོལ་ཅན་ཉོ་རྒྱུ།  དུག་རྫས་རིགས་བེད་སྤྱོད་ཅིང་གདོང་པགས་མཛེས་བཟོ་བྱེད་ཅིང་གང་སར་སྤྲོ་འཆམ་འགྲོ་བ་བཅས་ལ་བྲེལ་ནས་བསྡད།

མོས་སྐབས་དེའི་དུས་ཀྱི་གནས་སྟངས་ཕྱི་དྲན་བྱས་པ་ལྟར་ན། མོ་རང་གིས་སྔ་ཕྱི་བསྡོམས་དབྱིན་སྒོར་ཁྲི་ཉེར་ལྔ་བེད་སྤྱོད་དེ་དུག་རྫས་ཉོས་པ་དང་།   དེ་བཞིན་དབྱིན་སྒོར་ཁྲི་བརྒྱ་དང་བརྒྱད་ཅུའི་གོང་ཚད་ཀྱི་སྡོད་ཁང་རྫིག་པོ་ནང་བསྡད་ནས་ས་ཁུལ་དེའི་གྲགས་ཅན་མི་སྣ་ཞིག་ཏུ་གྱུར་བ་དུས་མཚུངས་སུ་གློ་བུར་དུ་མོ་རང་ལ་གྲོགས་གསར་ཕོ་མོ་མང་དུ་སོང་ཡོད་པ་རེད་འདུག  འོན་ཀྱང་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་དེས་མོའི་རྒྱུན་གཏན་གྱི་འཚོ་བ་སྔར་བས་སྟོང་ལྷང་ལྷང་གྱུར་བ་མ་ཟད།  ཕྱི་མི་ཚོས་ཡིད་ཆེས་དཀའ་བའི་གནས་སྟངས་ཤིག་སྟེ།    མོ་རང་འདས་ཟིན་གྱི་ལོ་ངོ་བཅུའི་རིང་སྡུག་གིས་མ་བཟོད་ནས་ཐེངས་གསུམ་ཙམ་རང་ཤི་རྒྱབ་གྲབས་བྱས་འདུག

ལོ་བཅུའི་ནང་དངུལ་ཚང་མ་བེད་སྤྱོད་བཏང་ཚར་ནས་མོ་རང་སླར་སྤྱི་ཚོགས་སུ་སྨན་ཞབས་མའི་ལས་སུ་ཞུགས་ཡོད་པ་དང་། དངུལ་ཁང་དུ་དབྱིན་ཇིའི་སྒོར་མོ་སྟོང་ཚོ་གཉིས་ལས་ལྷག་མེད་པར་གྱུར།  འོན་ཀྱང་མོ་རང་གིས་བཤད་པ་ལྟར་ན་ད་ཆ་མོ་རང་སྔར་བས་དགའ་སྤྲོ་ཆེ་རུ་སོང་བ་དང་བག་འཕེལ་བ་གྱུར་ཡོད་ཅེས་རང་གི་གནས་སྟངས་སྐོར་བཤད་འདུག   ད་ལྟའི་ཆར་དབྱིན་ཇི་བུ་མོ་  Callie Rogers ནི་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་ལ།  མོ་རང་གིས་གཞན་ལ་མོས་རང་གི་ཕྲུ་གུ་ཚོར་རྒྱུ་ནོར་གྱི་རིན་ཐང་ངོ་མ་ག་རེ་ཡིན་མིན་སྐོར་བསླབ་བྱ་བརྒྱབ་ཀྱི་ཡིན་ལུགས་ཀྱང་བརྗོད་ཡོད་པ་རེད།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -